འབའ་ལུང་གངས་མཚོ་གཉན་པོར་བསངས་མཆོད།
ན་མོ་གུ་རུ་པདྨ་སམ་བྷ་བཱ་ཡ། འབའ་ལུང་གངས་མཚོ་གཉན་པོར་བསང་མཆོད་བགྱིས་པར་འདོད་པས། རིན་པོ་ཆེའི་སྣོད་དུ་དཀར་བཤོས་གསུམ། རྒྱབ་ཏུ་ཟུར་གསུམ་གསུམ་ཆེ་ཆུང་མཉམ་པར་བཤམ། །མདུན་ཏུ་དཀར་གཏོང་འདབ་ལྡན་ཆུང་ངུ་ལྔ་གཡས་སུ་སྨན་ལབ། །གཡོན་ཏུ་དཀར་གཏོར་རྒྱབ་ཡོལ་ཅན་རྣམས་ལ་འདོད་ཡོན་ཅི་འབྱོར་གྱིས་བསྐོར། བསངས་གསུར་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱང་། །སྟོང་པའི་ངང་ལས་ལྷ་རྫས་མཆོད་པའི་སྤྲིན། །རྩ་གསུམ་ཆོས་སྐྱོང་ཡུལ་ལྷ་གཞི་ཡི་བདག །དགྱེས་སྐྱེད་ས་དང་བར་སྣང་གང་བའི་འཕྲུལ། །ངོ་མཚར་ནམ་མཁའ་མཛོད་ཀྱི་ཆར་འབེབས་གྱུར། ཨོཾ་ཨཱཿཧཱུྃ་གསུམ། ཨོཾ་བཛྲ་སྤ་ར་་ཁཾ་གསུམ། བདག་ཉིད་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཡུལ་བདག་གཉན་པོ་འཁོར་དང་བཅས་པ་སྤྱན་དྲངས་མདུན་ཏུ་བཞུགས་པར་གྱུར། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། ཀྱེ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །དཀོན་མཆོག་རྩ་གསུམ་ཆོས་སྲུང་དང་། །ཕྱོགས་སྐྱོང་དཔལ་མགོན་མཆོད་འོས་མགྲོན། །འདི་གཤེགས་བསངས་དང་མཆོད་པ་བཞེས། །ཁྱད་པར་དགེ་གནས་སྨན་ལྗོངས་འདིར། །མངའ་མཛད་གངས་མཚོ་གཉན་པོ་ཞེས། །
ལྷ་ཀླུ་གཉན་བདུད་བཙན་དང་ནི། །སྟོབས་ལྡན་ཟོ་དོར་མཆེད་ཟླ་དྲུག །སྲས་མོ་མཆེད་ལྔ་མཚོ་སྨན་དང་། །སྨན་བཙུན་དུང་གི་མགྲིན་ལྡན་སོགས། །གཙོ་འཁོར་འབངས་དང་བཅས་པ་རྣམས། །དགྱེས་པའི་འཛུམ་མདངས་གཡོ་བ་དང་། །བཀྲ་ཤིས་སྣང་བས་ཁྱབ་བཞིན་ཏུ། །རྫུ་འཕྲུལ་གར་གྱིས་གནས་འདིར་གཤེགས། །རིན་ཆེན་དར་ཟབ་བརྗིད་པའི་ཁྲི། །མཛེས་སྡུག་པདྨའི་གདན་ལ་བཞུགས། །རིན་ཆེན་གསེར་གྱི་བུམ་པ་ལས། །བྱུང་བའི་ཡན་ལག་བརྒྱད་ལྡན་ཆུས། །མི་གཙང་ཉམས་གྲིབ་བཀྲུ་པར་བགྱི། །ཤེལ་དཀར་བཞིན་ཏུ་གསལ་གྱུར་ཅིག །ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་ལ་སོགས་པས། །མཆོད་འོས་འཁོར་དང་བཅས་རྣམས་མཆོད། །མཉེས་ཤིང་ཚིམས་ནས་དགྱེས་བརྩེར་མཛོད། །ཁྱད་པར་ཡུལ་བདག་འཁོར་བཅས་ལ། །བདུད་རྩི་ཆང་གི་སྐྱེམས་ཀྱིས་མཆོད། །རྒྱ་ཇ་ངད་ལྡན་བཏུང་བ་འབུལ། །འབྲས་ཆེན་དང་སྦྱར་བཟའ་བཅས་མཆོད། །དཀར་གསུམ་མངར་གསུམ་རོ་བཅུད་འབུལ། །སྲིད་པའི་འབྱོར་པ་སྣ་ཚོགས་ཀྱིས། །ཡུལ་བདག་གཉན་པོ་འཁོར་བཅས་མཆོད། །འཕུར་འགྲིམས་འཛུལ་དགུའི་གཟུགས་རྣམས་ཀྱིས། །གནས་སྲུང་འཁོར་
བཅས་མངའ་ཆེན་གསོལ། །ན་བཟའ་རྒྱན་མཛེས་གོ་མཚོན་གྱིས། །མངའ་བདག་འཁོར་བཅས་གཟི་མདངས་སྐྱེད། །ཤོག་ཤོག་དོང་རྩེ་དར་ཚོན་གྱིས། །དགེ་བསྙེན་འཁོར་བཅས་ཐུགས་དམ་བསྐང་། །འཇིག་རྟེན་དཀོར་ཆ་ཇི་སྙེད་པས། །ཟོ་དོར་འཁོར་བཅས་མངའ་དབང་སྤེལ། །ལྷག་བསམ་མཐུ་དང་བསྟོད་དབྱངས་ཀྱིས། །ཡུལ་ལྷ་འཁོར་བཅས་དབུ་འཕང་བསྟོད། །དྲི་བཟང་སྤོས་ཀྱི་དུད་པའི་སྤྲིན། །ཕྱེ་མར་ཟས་སྣ་བསྲེགས་པའི་གསུར། །མཐོང་བས་ཡིད་ལ་དགའ་སྐྱེད་ཅིང་། །ཚོར་བས་དབང་པོ་ཚིམས་བྱེད་པ། །བདུད་རྩི་བསངས་ཀྱི་མཆོད་པ་འདིས། །བླ་མེད་དཀོན་མཆོག་གསུམ་པོ་བསངས། །རྩ་གསུམ་དམ་ཅན་སྲུང་མ་བསངས། །ཕྱོགས་སྐྱོང་སྡེ་བརྒྱད་ཚོགས་རྣམས་བསངས། །དཔལ་མགོན་བདུན་ཅུ་རྩ་ལྔ་བསངས། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་བསངས། །ཁྱད་པར་ཡུལ་དང་གཞི་ཡི་བདག །འབའ་ལུང་གངས་མཚོ་གཉན་པོ་ནི། །མཆེད་དྲུག་འཁོར་དང་བཅས་པ་བསངས། །མཚན་ལྡན་སྲས་མོ་སྤུན་ལྔ་བསངས། །སྨན་བཙུན་དུང་མགྲིན་རྒྱལ་མོ་བསངས། །རྫས་སྣ་མཚོ་སྨན་རྒྱལ་མོ་བསངས། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པ། །འགོ་ཞིང་སྡོང་
གྲོགས་བྱེད་པ་ཡི། །མཆོད་འོས་མིང་ནས་མ་ཐོན་པ། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསངས། ཀྱེ། །བླ་མ་ཡི་དམ་དཀོན་མཆོད་གསུམ། །དམ་ཅན་དཀར་ཕྱོགས་སྐྱོང་རྣམས་ལ། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །དཀར་ཕྱོགས་སྐྱོང་བར་ཞལ་བཞེས་ཤིང་། །དགེ་བའི་སྡོང་གྲོགས་མཛད་པ་ཡི། །ལྷ་ཀླུ་གཉན་ཆེན་བཙན་དང་ནི། །མི་དཀར་རྟ་དཀར་ལ་སོགས་པ། །རིགས་ཀྱི་མདོག་དང་བཞོན་པར་ལྡན། །བདུད་ཆེན་རྟ་ར་མགྱོགས་པའི་ཤུགས། །དུད་ཁ་རྒྱ་སྟག་ནག་པོ་ཆིབས། །དགེ་བསྙེན་ཆེན་པོ་མཆེད་དེ་དྲུག །ལྷུན་བག་ཆགས་ལ་གཟི་བརྗིད་འབར། །རྔམས་བརྗིད་གསུང་སྒྲོགས་སྟོབས་རྩལ་ལྡན། །གཞན་གྱི་དཔུང་གིས་འཇིགས་མེད་པ། །རང་བསྟན་དབུ་འཕང་བསྟོད་པའི་ལྷ། །འགྲན་ཟླ་བྲལ་ལ་བསྟོད་པར་བགྱི། །འཁོར་གྱི་བཀའ་ཉན་དཔའ་བརྗིད་ཅན། །མི་དཀར་རྟ་དཀར་དམག་ཚོགས་དང་། །མི་ནག་རྟ་ནག་མང་པོ་སོགས། །རང་མཐུན་སྡེ་རིས་དཔུང་དང་བཅས། །སྒྲུབ་ལ་དངོས་གྲུབ་སྟེར་བའི་ལྷ། །མཐུ་རྩལ་སྟོབས་ལྡན་རྣམས་ལ་བསྟོད། །མཚར་སྡུག་སྲས་མོ་སྤུན་ལྔ་ནི། །པདྨའི་མདངས་ཆགས་རྒྱུད་མངས་མགྲིན། །མདའ་དར་བུམ་པ་
ཕྱག་ན་བསྣམས། །ཡིད་འོང་ལྷ་ཡི་ན་ཆུང་བཞིན། །རྩེ་ཟླ་འཁོར་དང་བཅས་ལ་བསྟོད། །སྨན་བཙུན་དུང་མགྲིན་རྒྱལ་མོ་ནི། །སྐྱེ་བ་ལྔ་པའི་མགུལ་རྒྱན་མཛེས། །རྫས་སྣ་མཚོ་སྨན་རྒྱལ་མོ་ནི། །རིན་ཆེན་ནོར་བུའི་རྒྱན་ཆས་སྒེག །ནོར་བུ་པདྨའི་ཕྱག་ཆ་འཛིན། །དར་ཟབ་རིན་ཆེན་རྒྱན་དང་ལྡན། །ཡིད་འཕྲོག་གླུ་དང་གར་སྟབས་བསྒྱུར། །སྡེ་རིས་གཡོག་འཁོར་བཅས་ལ་བསྟོད། །ཧེ་རུ་ཀ་དཔལ་ཐོད་ཕྲེང་རྩལ། །བཻ་རོ་ཙ་ན་ཀརྨ་པ། །གྲུབ་པའི་སློབ་དཔོན་རིམ་བྱོན་གྱི། །སྤྱན་སྔར་དམ་བཅས་མ་བསྙེལ་བར། །དཀར་ཕྱོགས་དབུ་འཕང་དགུང་དུ་བསྟོད། །ནག་ཕྱོགས་སྡེ་རིས་ཆོམ་ལ་ཕོབ། །ཆར་ཆུ་དུས་སུ་འབབ་པ་དང་། །ལོ་ཕྱུག་ས་རྟག་ཏུ་ལེགས་པ་ཡིས། །སྐྱེ་དགུ་བདེ་སྐྱིད་དཔལ་གྱིས་སྲུངས། །ནད་མུག་འཁྲུགས་རྩོད་ཞི་བ་དང་། །ཚེ་བསོད་དབང་ཐང་དར་རྒྱས་མཛོད། །བཙའ་སད་སེར་གསུམ་ཞི་བ་དང་། །ཡུལ་གྱི་ས་བཅུད་དཔལ་འབྱོར་སྤལ། །གཞི་བྱེས་ཀུན་ཏུ་སྲུང་སྐྱོབས་མཛོད། །མདོར་ན་ཡིད་ལ་གང་བསམས་པའི། །འདོད་དོན་ལྷུན་གྱིས་འགྲུབ་པར་མཛོད། །གཙང་སྦྲ་ཆུང་དང་མ་འབྱོར་སོགས། །ནོངས་པ་གང་མཆིས་
བཟོད་པར་བཞེས། །བཀྲ་ཤིས་སྣང་བའི་འོད་པོ་ཆེས། །མི་མཐུན་མུན་པ་མཐར་བསྐྲད་ནས། །བདེ་སྐྱིད་པདྨོ་འཛུམ་པ་ལས། །ཐར་བདེའི་སྦྲང་རྩི་རབ་འཇོ་བས། །ཕྱོགས་དུས་ཀུན་ཏུ་རྫོགས་ལྡན་གྱི། །དཔྱིད་དཔལ་གསར་དུ་འཆར་གྱུར་ཅིག །བཛྲ་མུཿ ཞེས་གཤེགས་གསོལ་ལོ། །ཞེས་པ་འདིའང་སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་འཛིན་པ་ལྷུན་གྲུབ་མཆོག་གི་སྤྲུལ་པའི་སྐུ་བླ་སློབ་ནས་རྟེན་དང་བཅས་གསུང་གིས་བསྐུལ་ངོར། ཀུན་མཁྱེན་པདྨའི་མཚན་ཅན་གྱི་བཀའ་འབངས་རྣལ་འབྱོར་སྤྱོད་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་སྤེལ་བ་དགེ་ལེགས་འཕེལ།། །། །། །།