Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབྲས་བུ་ཡོངས་སྦྱོངས་བཤད་པ།


 
previousའབྲས་བུ་ཡོངས་སྦྱོངས་བཤད་པ། no next

འབྲས་བུ་ཡོངས་སྦྱོངས་བཤད་པ།

ལྔ་པ་ལ་རྒྱུའི་ས་དང་འབྲས་བུའི་ས་གཉིས་ཀྱི་དང་པོ་ལ་དགུའི་དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས་ཀྱི། དང་པོ་ལ་གང་གིས་སྦྱོང་བའི་ཆོས་དང་། ཇི་ལྟར་སྦྱོང་བའི་ཚུལ་གཉིས་ཀྱི། དང་པོ་ནི། འཆད་པར་འགྱུར་བའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ས་ནི་དང་པོའི་མི་མཐུན་ཕྱོགས་མ་ལུས་པ་ཟད་ཅིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྒོ་ནས་འཐོབ་པར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། བསམ་པ་དང་ཕན་པའི་དངོས་པོ་ཉིད་ཞེས་སོགས་སོ། །གཉིས་པ་ནི། བཅུ་པོ་འདི་དག་རང་བཞིན་མི་དམིགས་པར་ཉམས་སུ་བླངས་པས་ས་དང་པོའི་མི་མཐུན་ཕྱོགས་སྤངས་ཤིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྒོ་ནས་ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །དེ་དག་ཀྱང་མདོ་ལས། ས་དང་པོ་ལ་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་གང་ལགས་ཞེས་པ་ནས། ཇི་སྐད་སྨོས་པ་དེ་ལྟར་བྱེད་པ་སྟེ་འདི་ནི་བདེན་པའི་ཚིག་ཡོངས་སུ་སྦྱོང་བའོ་ཞེས་པའི་བར་རོ། །གཉིས་པ་འགྲེལ་པ་ནི། ཇི་ལྟ་བ་བཞིན་ཞེས་པ་རྩ་བ་དང་འགྲེལ་པ་གོ་རིམ་བཞིན་སྦྱོར་བས་བསམ། གཞི་ནི་དགེ་བའི་ཆོས་ཐམས་ཅད་དེ། དེ་དག་ཡང་དག་པར་སྒྲུབ་པ་ལ་རང་དོན་ཡིད་བྱེད་ཀྱི་གྱ་གྱུ་མེད་པའི་བསམ་པ་དང་། རང་དང་གཞན་གྱི་དགོས་པ་སྒྲུབ་པ་ལ་ཕན་པ་སེམས་ཅན་གྱི་དོན་དུ་ཐེག་ཆེན་གྱི་ཆོས་ཡོངས་སུ་འཛིན་པ་དང་། ཚད་མེད་པ་བཞི་སྒྲུབ་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་སེམས་རྩེ་གཅིག་པ་ཉིད་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་སྦྱོར་བས་ཕྱི་ནང་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རང་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་སྒོ་གསུམ་གྱི་བསྙེན་བཀུར་གྱིས་མགུ་བར་བྱེད་པ་དང་། རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཕྱིར་ཐེག་པ་གསུམ་དུ་རྟོག་པའི་ཆོས་ཀྱི་དམིགས་པ་འདོད་པ་དང་། རྣམ་གཡེང་གི་གཞི་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གེགས་སུ་མཐོང་བས་རྟག་ཏུ་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ་དང་། སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བའི་སྒོ་ནས་རྣམ་པ་ཐམས་ཅད་དུ་ཞུམ་པ་མེད་པའི་སངས་རྒྱས་ཀྱི་སྐུ་འདོད་ཅིང་ཡིད་ལ་བྱེད་པ་དང་། མདོ་ལ་སོགས་པའི་དམ་པའི་ཆོས་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་དང་། དམ་བཅས་པའི་དོན་ཡོངས་སུ་རྫོགས་པར་བྱེད་པས་བདེན་པར་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ། །ཅིའི་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། བྱང་ཆུབ་དང་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པ་ལྟར་། སྔོན་མ་བྱུང་བའི་དེ་ཁོ་ན་ཉིད་རྟོགས་པའི་རབ་ཏུ་དགའ་བ་ཞེས་བྱའོ། །ཅིའི་ཕྱིར་ས་དང་པོ་ཐོབ་པ་ལ་ཆོས་བཅུ་དགོས་ཞེ་ན། ས་དང་པོའི་ཉེས་པ་མ་ལུས་པ་སྤངས་ཤིང་ཡོན་ཏན་རྣམ་པ་ཐམས་ཅད་དུ་རྫོགས་པར་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །སྦྱོང་བྱེད་ཀྱི་ཆོས་ཁྱད་པར་ཇི་ལྟ་བུས་འཐོབ་ཅེ་ན། ཡོངས་སུ་སྦྱོང་རྒྱུའི་ཁྱད་པར་དོན་དམ་པར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོང་བའི་ཁྱད་པར་ཁོ་ནས་སོ། །ས་གཉིས་པ་ལ་གཉིས་ཀྱི། དང་པོ་ནི། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པ་ཚུལ་ཁྲིམས་ཡོངས་སུ་དག་པའི་དབང་དུ་བྱས་ནས་ཚུལ་ཁྲིམས་ཁྱད་པར་དག་ཐོབ་དང་ཞེས་སོ། །མདོ་ལས། ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། ཉན་རང་གི་སེམས་ཡིད་ལ་མི་བྱེད་པ་དང་ཞེས་པ་ནས། ལས་གཞན་མེད་པར་ཕར་ཕྱིན་རྣམས་འཚོལ་བ་སྟེ། འདི་ནི་ཕར་ཕྱིན་རྣམས་ལ་བརྩོན་ཞིང་འཚོལ་བའོ་ཞེས་སོ། །གཉིས་པ་འགྲེལ་པ་ནི། དགེ་བའི་ཆོས་བསྡུས་དང་། སེམས་ཅན་གྱི་དོན་བྱེད་དང་། མི་མཐུན་ཕྱོགས་ཡོངས་སུ་སྡོམ་པའི་ཚུལ་ཁྲིམས་རྣམས་ཡོངས་སུ་དག་པས་ཉན་རང་གི་ཡིད་བྱེད་སྤོང་བ་དང་། གཞན་གྱི་ཕན་པ་ཆུང་ངུ་བྱས་པ་ཡང་དྲན་ཞིང་ཆུས་མི་གསོན་པ་དང་། གཞན་གྱིས་གནོད་པ་བྱས་པ་ཕན་པ་མི་བཟོ་བ་ལ་སོགས་པ་མི་བྱེད་པའི་བཟོད་པ་དང་། སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པའི་ཆོས་སྒྲུབ་པ་ལ་འགྱོད་པ་མེད་པ་དང་། སེམས་ཅན་གཅིག་གི་དོན་དུ་ཡང་ཡུན་རིང་པོར་དམྱལ་བར་འགྲོ་བ་ལ་སྤྲོ་བའི་སྒོ་ནས་སྐྱེ་བོ་ཐམས་ཅད་ལ་བྱམས་པ་དང་། མཁན་པོ་དང་སློབ་དཔོན་ལ་སོགས་པ་སྐྱེ་བོ་ཡོན་ཏན་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་འདུད་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་དོན་ལ་ནན་ཏན་སྙིང་པོར་བྱེད་པའི་སྒོ་ནས་སྒྲུབ་པ་དང་། ལས་གཞན་མེད་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པ་སྤྲོ་བ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་ཀྱིས་ས་གཉིས་པ་ཞེས་སོ། །ཅིིའི་ཕྱིར་དྲི་མ་མེད་པ་ཞེས་བྱ་ཞེ་ན། འཆལ་ཚུལ་རྩོལ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་པ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པས་འཆལ་ཚུལ་གྱི་དྲི་མས་མ་གོས་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྦྱོང་བ་བྱས་པས་ཞེ་ན། སྔ་མ་ས་དང་པོར་བཤད་པ་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡོངས་སུ་སྦྱང་བར་བྱས་པའི་ཁྱད་པར་གྱིས་སོ། །ས་གསུམ་པ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་སོ། །བྱང་སེམས་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་ཞེ་ན། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡིག་གེར་མངོན་པར་མ་ཞེན་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་འཛིན་པར་འདོད་པ་དམ་པའི་ཆོས་ཉན་པས་ངོམས་མི་ཤེས་པ་དང་། རྙེད་པ་དང་བཀུར་སྟི་སོགས་ལ་མི་ལྟ་བར་བྱམས་པའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་དང་། ཞིང་སྦྱོང་བར་བྱེད་པའི་ཆོས་རྣམས་དེར་ཡོངས་སུ་བསྔོས་པས་རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་བཅུད་ཀྱི་སེམས་ཅན་ཀྱི་སྐྱོན་ཀུན་ཏུ་སྦྱོང་བར་བྱེད་པ་དང་། རང་གིས་ཕན་བཏགས་པའི་སེམས་ཅན་གྱིས་ཕན་ལན་དུ་གནོད་པ་བྱེད་པའི་སྒོ་ནས་མི་མཐུན་པ་ལ་སོགས་པ་འཁོར་བའི་ཉེས་པ་མཐོང་བས་གཞན་དོན་ལ་ཡོངས་སུ་མི་སྐྱོ་བ་དང་། རང་ལ་ལྟོས་ནས་ཉན་རང་གི་ཡིད་བྱེད་སོགས་མི་བྱེད་པ་ངོ་ཚ་ཤེས་པ་དང་། གཞན་ལ་ལྟོས་ནས་འདི་ལྟ་བུའི་མི་དགེ་བའི་ཆོས་མི་བྱེད་པ་ཁྲེལ་ཡོད་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་ལྔས་ས་གསུམ་པ་ཞེས་པའོ། །ཅིའི་ཕྱིར་འོད་བྱེད་པ་ཞེས་བྱ་ཞེ་ན། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་པ་ལྟར། ཏིང་ངེ་འཛིན་གྱི་མཐུས་རང་གཞན་ལ་ཆོས་ཀྱི་སྣང་བ་བྱེད་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྦྱོར་བ་བྱས་པས་ཞེ་ན། སྔ་མ་བཞིན་དུ་ཞེས་སོ། །ས་བཞི་པ་ལ་གཉིས་ཀྱི་རྩ་བ་ནི ། ཉན་རང་གི་ཡིད་བྱེད་ཀྱིས་དབེན་པས་ནགས་ན་གནས་པ་དང་། དངོས་པོའི་སྦྱོར་བས་ཐོབ་བྱའི་བྱང་ཆུབ་ལ་ཡང་འདོད་པ་མེད་པས་འདོད་པ་ཆུང་བ་དང་། དངོས་པོ་ཁྱད་པར་ཅན་ཐོབ་དུ་ཟིན་ཀྱང་དོན་དུ་གཉེར་བ་མེད་པས་ཆོག་ཤེས་པ་དང་། ཆོས་ཟབ་མོ་ལ་ངེས་པ་རྟོགས་པའི་བཟོད་པ་ཡོངས་སུ་མི་བཏོང་བ་སོགས་སྦྱངས་པའི་ཡོན་ཏན་ཡང་དག་པར་རྫོགས་པ་དང་། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པར་ལྟ་ངན་ལས་ཡང་དག་པ་དང་ཅེས་པ་རྣམས་ནི་མདོ་དང་མཐུན་པར་འགྲེལ་ཆེན་གྱིས་བཤད་པའོ། །འགྲེལ་པར་བསྟན་བཅོས་ཀྱི་སྒྲ་ཇི་བཞིན་པའི་རྗེས་སུ་མཐུན་པར་བཤད་པའོ། །མདོ་ནི། བྱང་ཆེན་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་དགོན་པ་ན་གནས་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ནི། དབེན་པ་ལ་དགའ་བ་ཉིད་ཀྱིས་གྲོང་ནས་རྒྱང་གྲགས་གཅིག་འཕགས་པའི་དགོན་པར་རྟག་ཏུ་གནས་པ་དང་། ཆོས་གོས་སོགས་རྙེད་པ་ཐོབ་པ་ལ་འདོད་པ་མེད་པས་འདོད་པ་ཆུང་བ་དང་། རྙེད་པ་ཐོབ་པ་ལ་དེ་ལས་བཟང་བ་དང་མང་བ་སོགས་ལྷག་པ་དོན་དུ་གཉེར་བ་མེད་པས་ཆོག་ཤེས་པ་དང་། ཟས་ལ་ཆགས་པའི་གཉེན་པོར་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་གསུམ་མོ། །གནས་ལ་ཆགས་པའི་གཉེན་པོར་དགོན་པ་བ་དང་། ཤིང་དྲུང་བ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་བཞི་རྣམས་སོ། །གོས་ལ་ཆགས་པའི་གཉེན་པོ། ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཕྱིང་པ་བ་རྣམས་སོ། །མལ་སྟན་ལ་ཆགས་པའི་གཉེན་པོར་ཙོག་པུ་ུབ་དང་། གཞི་ཇི་བཞིན་པ་གཉིས་ཏེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་སྡོམ་པ་དང་། བསླབ་པ་བླངས་པ་སྲོག་དང་བསྙེན་བཀུར་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་སྟེ། ཇི་སྐད་དུ། རྒྱ་ཆེ་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙིི་ལ་འགྲོ་བ་དེ་དག་ཐོགས། དཔེར་ན་རྔོན་པའི་རྙི་ལ་སྒྲོ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །ཞེས་གསུངས་པ་ལྟར། འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གདུལ་བྱའི་སྐལ་བ་དང་འཚམ་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་དང་། ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་བཏོང་བ་དང་། དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་ཞིང་མི་འགོང་བ་དང་། དངོས་པོ་ཐམས་ཅད་ལ་མངོན་ཞེན་གྱིས་མི་ལྟ་བ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་ས་བཞི་པ་ཞེས་སོ། །ཅིའི་ཕྱིར་འོད་འཕྲོ་བ་ཞེས་བྱ་ཞེ་ན། འདི་ལྟ་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེག་པས་འོད་འཕྲོ་ཅན། །ཞེས་པ་ལྟར་སྒྲིབ་གཉིས་བུད་ཤིང་བསྲེག་པའི་མེ་འབར་བ་དང་ཉེ་བར་ལྡན་པའི་ཕྱིར་རོ། །དེ་ཡང་སྔ་མ་ལྟ་བུ་མི་དམིགས་པའི་རྣམ་པས་ཡོངས་སུ་ཟིན་པས་སོ། །ས་ལྔ་པ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། འདྲིས་དང་ཞེས་ཏེ། དངོས་སུ་བསྟན་པའི་སྤང་བྱ་བཅུ་པོ་འདི་རྣམ་པར་སྤངས་ནས་བཟློག་པས་འཕངས་པའི་ཆོས་བཅུ་ཡང་དག་པར་བསྟེན་པས་ས་ལྔ་པ་ནི་ཡང་དག་ཐོབ་ཅེས་སྦྱར་རོ། །གཉིས་པ་འགྲེལ་པ་ནི། རྙེད་པ་དང་བསྐུར་སྟི་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་དང་ཁྱིམ་པ་ལ་སོགས་པ་དང་ཧ་ཅང་འགྲོགས་ཅིང་སྨོས་འདྲིས་བྱེད་པ་དང་། རྙེད་པ་ལ་སེར་སྣ་བྱེད་པས་དད་པ་ཅམ་གྱི་ཁྱིམ་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་ཉེ་བར་མི་སྟོན་པ་དང་། འདུ་འཛིའི་གནས་སྐྱེ་བོ་མང་པོ་འདུ་བའི་གྲོང་དང་གྲོང་ཁྱེར་ལ་སོགས་པ་དང་། བསྙེན་བཀུར་དོན་དུ་གཉེར་བས་བདག་ལ་ཡོན་ཏན་བརྗོད་པས་བསྔགས་པ་དང་། གཞན་ལ་སྐྱོན་བརྗོད་པས་སྨོད་པ་དང་། སྲོག་བཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་དང་། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པས་བརློམ་ཞིང་ཡོན་ཏན་ཅན་གཞན་ལ་མི་འདུ་བ་དང་། མི་དགེ་བ་ལ་བཟློག་སྟེེ་དགེ་བ་ལ་མངོན་པ ར་ཞེན་པ་དང་ལོག་པར་ལྟ་བ་དང་ལ་སོགས་པས་བློ་གྲོས་ངན་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་བཟློག་པའི་ཆོས་རྙེད་པ་སོགས་ཀྱི་དོན་དུ་གཞན་དང་སྨོས་འདྲིས་མི་བྱེད་པ་སོགས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ས་ལྔ་པ་ཞེས་སོ། །ཅིའི་ཕྱིར་སྦྱང་དཀའ་བ་ཞེས་བྱ་ཞེ་ན། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ནི་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་པ་ལྟར། སེམས་ཅན་སྨིན་པར་བྱེད་ཅིང་། དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་བྱེད་པས་ཤིན་ཏུ་སྦྱང་དཀའ་བའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །འདིར་མི་དགེ་བའི་ལས་ཀྱི་ལམ་ལ་སོགས་པ་སྤང་བྱ་རགས་པ་རྣམས་ཀྱི་ས་བོན་ཙམ་ལ་བྱའོ། །ས་དྲུག་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། སྦྱིན་དང་ཞེས་ཏེ། བླང་བྱའི་ཆོས་དྲུག་བསྒོམས་ཤིང་སྤང་བྱའི་ཆོས་དྲུག་སྤངས་པས་ས་ནི་དྲུག་པ་ཡང་དག་པར་ཐོབ་ཅེས་སྦྱར་རོ། །མདོ་ནི། བྱང་ཆེན་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། འདི་ལྟ་སྟེ་ཕར་ཕྱིན་དྲུག་གོ །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་སོ། །གཉིས་པ་ནི། ས་དྲུག་པར་ཕར་ཕྱིན་དྲུག་གི་གཙོ་བོ་ཤེར་ཕྱིན་གྱི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ཞེས་བྱ་ལ། དེ་དག་གི་ནང་ནས་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་དང་གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་རྫོགས་པས་ཉན་རང་ལ་འདོད་པའི་སེམས་སྤོང་བ་དང་། ཆོས་ལ་ངེས་རྟོག་གི་བཟོད་པའི་ཕར་ཕྱིན་རྫོགས་པས་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་སྤོང་བ་དང་། སྦྱིན་པའི་ཕར་ཕྱིན་རྫོགས་པས་སློང་བ་པོའི་སྐྱེ་བོས་སློང་པ་ན་བདག་གིས་འདིའི་སེམས་རྫོགས་པར་བྱེད་མི་ནུས་སྙམ་དུ་ཞུམ་པ་སྤོང་བ་དང་། སྦྱིན་པ་ལ་སྤྲོ་དགའ་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའི་སེམས་སྤོང་བ་དང་། ཐབས་མཁས་ཀྱིས་ཤེར་ཕྱིན་རྫོགས་པས་རང་སྐྱོ་ཡང་སློང་བ་པོའི་སྐྱེ་བོ་ཡོངས་ལ་སྦྱིན་སེམས་སྤོང་བ་སྟེ། མི་མཐུན་ཕྱོགས་དྲུག་སྤོང་ཞིང་ཡོན་ཏན་དྲུག་བསྟེན་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་ཀྱིས་ས་དྲུག་པ་ཞེས་སོ། །ཅིའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱ་ན། ཤེས་རབ་ཕ་རོལ་ཕྱིན་རྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པས་ན། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་སོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །ས་བདུན་པ་ལ་སྤང་བྱ་ཉི་ཤུ་སྤང་བར་བསྟན་པ་དང་། གཉེན་པོ་ཉི་ཤུ་བསྟེན་པར་བསྟན་པ་གཉིས་ཀྱི། དང་པོ་ལ་རྩ་འགྲེལ་གཉིས་ཀྱིི། དང་པོ་ནི་བདག་དང་ཞེས་ཏེ། ཉེས་པ་ཉི་ཤུ་པོ་དེ་དག་ལ་རྣམ་པར་ཆད་ཅིང་གཉེན་པོ་ཉི་ཤུ་དང་ལྡན་པ་དེ་ཡིས་ས་ནི་བདུན་པ་ཐོབ་ཅེས་སྦྱོར་རོ། །མདོ་ནི། བྱང་ཆེན་ས་བདུན་པ་ལ་གནས་པ་ལ་ཆོས་ཉི་ཤུ་མི་འབྱུང་སྟེ། ཉི་ཤུ་གང་ཞེ་ན། བདག་ཏུ་འཛིན་པ་དང་ཞེས་སོགས་སོ། །གཉིས་པ་ནི། ཟ་བ་པོའི་བདག་དང་ཞུམ་པའི་བདག་ཉིད་ཅན་གྱི་སེམས་དང་། རིགས་མཐུན་གནས་པའི་སྲོག་དང་། འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་གང་ཟག་དང་། ཤི་བའི་འོག་ཏུ་ཡང་སྲིད་ཕྱི་མར་མཚམས་མི་སྦྱོར་བའི་ཆད་པ་དང་། འགྱུར་བ་མེད་པར་འཇུག་པའི་རྟག་པ་དང་། འདི་དྲུག་ནི་སོ་སོ་སྐྱེ་བོ་དང་ཐུན་མོང་བའི་འཛིན་པའོ། །འཁོར་འདས་ཀྱི་མཚན་མ་དང་། རྒྱུ་སྟེ་རིགས་ཐ་དད་པ་དང་། རིགས་མཐུན་ཕྱོགས་གཅིག་ཏུ་སྤུང་པའི་ཕུང་པོ་དང་། འབྲས་བུའི་འབྱུང་ཁུངས་སུ་གྱུར་པ་ཁམས་དང་། སེམས་སེམས་བྱུང་སྐྱེ་བའི་སྒོར་གྱུར་པའི་སྐྱེ་བྱེད་དང། གཟུང་འཛིན་དུ་སྣང་བའི་སྒོ་ནས་འདོད་པ་ལ་སོགས་པའི་ཁམས་གསུམ་ལ་གནས་པ་དང་། དེ་ཉིད་ལ་དོར་བྱར་ཀུན་ཏུ་ཆགས་པ་དང་། སེམས་ཅན་གྱི་དོན་དང་རྣམ་མཁྱེན་ཐོབ་པ་ལ་སེམས་ཀུན་ཏུ་ཞུམ་པ་དང་། མཚན་དཔེའི་རང་བཞིན་གྱི་སངས་རྒྱས་སུ་ཞེན་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་དང་། ཟུང་བཞི་ཡ་བརྒྱད་ཀྱི་དགེ་འདུན་དང་། མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་སུ་ལྟ་བར་མངོན་པར་ཞེན་པ་དང་། འདི་དག་ནི་ཉན་ཐོས་དང་ཐུན་མོང་བའོ། །དངོས་པོར་མངོན་ཞེན་གྱི་བག་ཆགས་རང་རྒྱུད་ལ་ཡོད་པ་སྟོང་པ་ཉིད་ལ་རྩོད་པ་དང་། རང་གི་འཁོར་དངོས་པོར་འཛིན་པ་འགལ་བ་བརྗོད་པ་འཛིན་པ་སྟེ། དེ་དག་ཡོངས་སུ་སྤངས་པ་སྟེ། ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་དེ་ལས་བཟློག་པའི་ཆོས་དོན་གྱིས་འཕངས་པ་འོག་ནས་འབྱུང་བ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུས་ས་བདུན་པ་ཞེས་སོ། །ཅིའི་ཕྱིར་རིང་དུ་སོང་བ་ཞེས་བྱ་ཞེ་ན། བགྲོད་གཅིག་པའི་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་པ་ལྟར། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་བས་འཁོར་འདས་ཀྱི་གཡང་ས་ལས་ཤིན་ཏུ་རིང་དུ་འདས་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །གཉིས་པ་ལ་རྩ་འགྲེལ་གཉིས་ཀྱི། དང་པོ་ནི། སྤང་བྱ་ཉི་ཤུ་པོས་དོན་གྱིས་འཕངས་པའི་གཉེན་པོའི་ཆོས་ཉི་ཤུ་པོ་བསྟན་པའི་ཕྱིར་རྣམ་ཐར་སྒོ་གསུམ་ཤེས་པ་དང་ཞེས་སོ། །དོན་གྱིས་འཕངས་པ་ཞེས་པ་ནི་སྔ་མ་སྤང་བྱ་ཉི་ཤུ་སྤངས་པ་ཉིད་ཀྱིས་གཉེན་པོའི་ཆོས་ཉི་ཤུ་དོན་གྱིས་འཕངས་པའི་ཕྱིར་སྔ་ཕྱི་གཉིས་ཡོངས་སྦྱོང་ཐ་དད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །མདོ་ནི། བྱང་ཆེན་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་འདི་དག་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། ཞེས་སོ། །གཉིས་པ་ནི། རྣམ་པར་ཐར་པའི་སྒོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་སྟོང་པ་ཉིད་དང་། མྱ་ངན་ལས་འདས་པ་སྤྲོས་པའི་མཚན་མ་མེད་པ་དང་། ཟག་བཅས་ཀྱི་ཆོས་ལ་སྨོན་པ་མེད་པ་ཡང་དག་པར་ཤེས་པ་རྣམས་ནི་གོ་རིམ་བཞིན་དུ་བདག་དང་། སེམས་ཅན་དང་། སྲོག་ཏུ་འཛིན་པ་རྣམས་ཀྱི་གཉེན་པོ་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གསད་བྱ་སོགས་འཁོར་གསུམ་དུ་མི་དམིགས་པ་ཞིག་གང་ཟག་ཏུ་འཛིན་པའི་གཉེན་པོ་དང་། སྐྱེ་བ་རྒྱུད་མང་སྡུག་བསྔལ་གྱིས་གདུང་པའི་སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྐྱེ་བ་ཆད་པར་འཛིན་པའི་གཉེན་པོ་དང་། དངོས་པོར་བདེན་པར་དམིགས་པ་མེད་པ་རྟག་པར་འཛིན་པའི་གཉེན་པའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པའི་གཉེན་པོ་དང་། མཐར་ཐུག་ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་པ་ནི་ཐེག་པ་གསུམ་གྱི་རྒྱུའི་རིགས་ཐ་དད་པར་འཛིན་པའི་གཉེན་པོ་དང་། མིང་གཟུགས་ཀྱི་ཆོས་རྣམས་མི་སྐྱེ་བར་ཡོངས་སུ་ཤེས་པ་ནི་ཕུང་པོར་འཛིན་པའི་གཉེན་པོ་དང་། སྟོང་ཉིད་ཀྱི་ཆོས་ཟབ་མོ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་ནི་ཁམས་སུ་འཛིན་པའི་གཉེན་པོ་དང་། ཕྱི་ནང་གི་སྐྱེ་མཆེད་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་གཟུང་འཛིན་གཉིས་སུ་མེད་པའི་སྒོ་ནས་རབ་ཏུ་སྟོན་པ་ནི་སྐྱེ་མཆེད་དུ་འཛིན་པའི་གཉེན་པོ་དང་། རྟོག་པ་ཐམས་ཅད་གཅོད་པ་ནི་ཁམས་གསུམ་ལ་ཡང་དག་མ་ཡིན་པའི་ཀུན་རྟོག་གིས་གནས་པའི་གཉེན་པོ་དང་། གཙང་བདེ་སོགས་ཀྱི་མཚན་མར་འཛིན་པའི་རྟོག་པ་ཚུལ་མིན་ཡིད་བྱེད་མེད་པ་དང་འཇིག་ཚོགས་ལ་ལྟ་བ་དང་། སོགས་པས་མཐར་འཛིན་པ་དང་ལོག་ལྟ་དང་ཚུལ་ཞུགས་མཆོག་འཛིན་དང་ལྟ་བ་མཆོག་འཛིན་སྟེ། ལྟ་ལོག་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་གསུམ་ནི་ཆགས་པ་འཛིན་པའི་གཉེན་པོ་ཡིན་ཏེ། ཚུལ་མིན་ཡིད་བྱེད་ཀྱིས་མཚན་མར་གཟུང་བ་ལས་འཇིག་ཚོགས་ལ་ལྟ་བ་སོགས་དང་འདོད་ཆགས་སོགས་སྐྱེས་ནས་ཁམས་གསུམ་ལ་ཆགས་པར་འགྱུར་བའི་ཕྱིར་རོ། །དེས་ན་གསུམ་པོ་དེ་ཆོས་གཅིག་གོ །གཞན་དོན་ལ་རྩེ་གཅིག་པའི་ཞི་གནས་བསྒོམ་པ་ནི་སེམས་ཅན་གྱི་དོན་ལ་སེམས་ཀུན་ཏུ་ཞུམ་པའི་གཉེན་པོ་དང་། དོན་དམ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་། ཀུན་རྫོབ་སྣང་ཆ་མ་དོར་བའི་ཐབས་ལ་མཁས་པར་བྱེད་པ་ནི་སངས་རྒྱས་སུ་ལྟ་བ་ལ་མངོན་པར་ཞེན་པའི་གཉེན་པོ་དང་། ཆོས་བདག་མེད་པར་བསྒོམས་པས་སེམས་ཉེ་བར་ཞི་བ་ནི་ཆོས་སུ་ལྟ་བའི་གཉེན་པོ་དང་། བདེན་པ་གཉིས་ལ་བརྟེན་པ་གཟུགས་ལ་སོགས་པའི་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་ནི་དགེ་འདུན་དུ་མངོན་པར་ཞེན་པའི་གཉེན་པོ་དང་། གང་ལ་ཡང་མངོན་པར་ཞེན་པའི་གནས་མ་ཡིན་པའི་ཡེ་ཤེས་ཐོབ་པ་ནི་ཚུལ་ཁྲིམས་སུ་ལྟ་བའི་མངོན་ཞེན་གྱི་གཉེན་པོ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་དུ་ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ནི་སྟོང་པ་ཉིད་ལ་རྩོོད་པའི་གཉེན་པོ་དང་། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་བསྒྲལ་བའི་ཕྱིར་གདུལ་བྱ་དང་མཐུན་པར་ཐམས་ཅད་དུ་བདག་གི་ལུས་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་འགལ་བ་བརྗོད་པའི་འཛིན་པའི་གཉེན་པོ་ཡིན་ཏེ། དེ་ལྟར་ན་དོན་གྱིས་འཕངས་པའི་གཉེན་པོའི་ཆེད་དུ་གྱུར་པ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་ས་བདུན་པ་རྟོགས་པ་ཡིན་ནོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པ་རྟོགས་པས་སོ། །ཀྱང་ཞེས་པ་སྔ་མར་མ་ཟད་ཅེས་པ་སྟེ། སྔ་ཕྱི་དག་ཡོངས་སུ་སྦྱོང་བྱེད་རྣམ་གྲངས་པར་སྟོན་པའོ། །ས་བརྒྱད་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། སེམས་ཅན་ཀུན་ཡིད་ཤེས་པ་དང་ཞེས་སོ། །མདོ་ནི། བྱང་ཆེན་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་དང་ཞེས་སོགས་དང་། གཞན་ཡང་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་སོགས་གསུངས་སོ། །བཞི་ཕྲག་གཉིས་སོ་སོར་བྱས་པ་ནི་གང་ཡང་རུང་བ་སྤང་པ་དེའི་ཡོངས་སྦྱོང་ཡིན་པར་ཤེས་པའི་དོན་ཏོ་ཞེས་ཉི་སྣང་ལས་སོ། །གཉིས་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཆགས་བཅས་དང་ཆགས་བྲལ་སོགས་ཇི་ལྟ་བ་བཞིན་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་མཆོད་པ་དང་སེམས་ཅན་གདུལ་བའི་ཕྱིར་གཅིག་ཏུ་བསྒྱུར་ཞིང་མང་དུ་བསྒྱུར་བ་ལ་སོགས་པ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང་། དགེ་བའི་རྩ་བ་དེར་ཡོངས་སུ་བསྔོས་པས་སངས་རྒྱས་ཀྱི་ཞིང་རྟེན་གསེར་དང་བེ་ཌུཪྱ་ལ་སོགས་པའི་ངོ་བོར་ཡོངས་སུ་བསྒྱུར་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ཚིག་དང་དོན་ལ་ཐེ་ཚོམ་གྱི་དོན་ཞུས་ནས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་སྒོ་གསུམ་གྱི་བསྙེེན་བཀུར་གྱིས་སངས་རྒྱས་མཉེས་པར་བྱེད་པ་དང་། ཡོངས་སུ་བཏགས་པས་ཞེས་པ་རྩ་བ་དང་མི་མཐུན་པས་འགྱུར་མི་ལེགས་སོ། །ལྷའི་མིག་རྣམ་པར་དག་པ་བསྐྱེད་པ་དང་། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་བཀྲེས་སྐོམ་དང་ཉོན་མོངས་པ་ལ་སོགས་པའི་སྐྱོན་ཡོངས་སུ་སྦྱོང་བ་དང་། གནས་སྐབས་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པས་སྒྱུ་མ་ལྟ་བུར་གནས་པ་དང་། གང་དུ་གང་གི་སྐྱེ་བ་གཟུང་ནས་སེམས་ཅན་ཐམས་ཅད་ཀྱི་མངོན་མཐོ་ངེས་ལེགས་ཀྱི་དོན་མཐོང་ནས་བློ་མངོན་དུ་གཏང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་ས་བརྒྱད་པ་ཞེས་སོ། །ཅིའི་ཕྱིར་མི་གཡོ་བ་ཞེས་བྱ་ཞེ་ན། འདུ་ཤེས་གཉིས་ཀྱིས་མི་གཡོ་ཕྱིར། །མི་གཡོ་བའི་སར་འདོད་དོ། །ཞེས་པ་ལྟར་རོ། །མཚན་བཅས་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་བསྐྱོད་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་མི་དམིགས་པར་རྟོགས་པས་སོ། །ས་དགུ་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ། སྨོན་ལམ་དང་ནི་མཐའ་ཡས་དང་ཞེས་སོ། །མདོ་ནི། བྱང་ཆེན་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་གཟུང་བ་དང་། ལྷ་ལ་སོགས་པའི་སྐད་ཡོངས་སུ་ཤེས་པ་དང་ཞེས་སོ། །གཉིས་པ་ནི། ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པས་སྨོན་ལམ་མཐའ་ཡས་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་སྤོབས་པ་སོ་སོ་ཡང་དག་རིག་པ་ཐོབ་པས་ཆུ་བོ་ལྟར་མི་ཟད་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཡུམ་གྱི་མངལ་དུ་འཇུག་པ་དང་། རིགས་ཕུན་སུམ་ཆོགས་པ་རྒྱལ་པོ་དང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ུསོགས་སུ་གནས་པ་དང་། རུས་ཕུན་སུམ་ཚོགས་པ་དང་པོར་མངལ་དུ་མ་ཞུགས་པ་ཉི་མ་དང་བུ་རམ་ཤིང་ལ་སོགས་པ་ལས་སྐྱེས་པས་ཉི་མའི་གཉེན་དང་། བུ་རམ་ཤིང་པའི་རིགས་ལྟ་བུ་དང་། ཆོ་འབྲང་ཕུན་སུམ་ཚོགས་པ་མ་དང་ཕ་ལ་སོགས་པའི་བདུན་རྒྱུད་ཚུན་ཆད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པའི་དམ་པ་བྱོན་པ་ལེགས་པར་འབྲེལ་བའི་གཉེན་དང་། རང་གིས་བཏུལ་ཏེ་བྱང་ཆུབ་ལ་བཞག་པ་རང་དབང་བའི་འཁོར་དང་། ཇི་སྐད་དུ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། བརྒྱ་བྱིན་དང་མིའི་དབང་པོ་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང་། སོགས་པས་གནས་གཙང་མའི་ལྷའི་བུ་ལ་སོགས་པས། ཇི་སྐད་དུ། རྒྱ་ཆེ་རོལ་པ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མ་ིགནས་བཞིན། ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱི། །བརྟུལ་ཞུགས་བཟང་པོ་སྔོན་འབྱུང་དུས་ལ་བབ། །ཅེས་པ་ལྟར། བསྐུལ་ཏེ། ཁྱིམ་ནས་ངེས་པར་འབྱུང་བ་དང་། དགོས་འདོད་ཀུན་འབྱུང་བས་ཡིད་བཞིན་ནོར་བུ་དང་འདྲ་བའི་བྱང་ཆུབ་ཀྱི་ཤིང་སྟོན་པ་འདིའི་ཨ་ཤྭད་ཐ་དང་བྱམས་པའི་ཀླུ་ཤིང་ལ་སོགས་པ་ལྟ་བུ། ཆོས་སྐུའི་རང་བཞིན་གྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་བྱ་བ་ཞེས་བྱ་བ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོས་ས་དགུ་པ་ཞེས་སོ། །ཅིའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱ་ཞེ་ན། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་པ་ལྟར། སོ་སོ་ཡང་དག་རིག་བཞིའི་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡོངས་སུ་སྦྱངས་པ་བྱས་པའི་ཁྱད་པར་གྱིས་སོ། །

གཉིས་པ་འབྲས་བུའི་ས་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་ས་སོ་སོ་ལ་ངེས་པར་བསྟན་ནས། འབྲས་བུའི་ས་ཉིད་དུ་ཡོངས་སྦྱོང་དེ་ལྟར་མ་བཤད་པར། ས་བཅུ་པའི་མཚན་ཉིད་མཆད་དོ། །ཇི་ལྟར་ན། རྒྱུའི་ས་ཐམས་ཅད་ཀྱི་ཡོན་ཏན་བསྡུས་པའི་སྒོ་ནས་སོ། །ས་བཅུ་པའི་ཡོངས་སྦྱོང་མི་འཆད་པའི་རྒྱུ་མཚན་ལ། ལོ་ཙཱ་བ་ཆེན་པོ། ས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཁྱད་པར་དུ་བྱ་བའི་ཕྱིར་ཡོངས་སྦྱོང་བསྟན་པ་ཡིན་ན། ས་བཅུ་པ་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་ཟིན་པའི་ཕྱིར་མ་བཤད། ཅེས་གསུངས་སོ། །འབྲེ་ཨར་དག །ས་དགུ་པ་མན་ཆད་དུ་ཐོབ་ཟིན་པའི་ཡོན་ཏན་རྣམས་སངས་རྒྱས་ཀྱི་ཕྲིན་ལས་དང་འབྲེལ་བར་བྱས་ནས་གོམས་པར་བྱེད་པ་ཉིད་ས་བཅུ་པའི་ཡོངས་སྦྱོང་ཡིན་ལ། དེ་ཡང་གོ་སླ་བས་མ་བཤད་ཅེས་འཆད་མོད། དོན་ནི་འདི་ཡིན་ཏེ། ཡོངས་སྦྱོང་རྣམས་ནི་སའི་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱ་བའི་ཆེད་ཡིན་ལ། ས་བཅུ་པ་ཐོབ་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ན། ས་བཅུ་པའི་ཡོན་ཏན་ཐམས་ཅད་འབད་མེད་དུ་ཐོབ་པར་འགྱུར་བས་དེའི་ཕྱིར་ཡོངས་སྦྱོང་མ་བསྟན་ཏེ། ས་བཅུ་པའི་ཡོན་ཏན་ཐོབ་པ་ཡོངས་སྦྱོང་གི་འབད་པ་ལ་མི་ལྟོས་པའི་ཕྱིར་རོ། །འོ་ན་སྐད་ཅིག་མའི་དོན་དུ་མཐར་གྱིས་པ་བསྒོམ་མི་དགོས་པར་འགྱུར་རོ་ཞེ་ན། དེ་ནི་ཡོན་ཏན་གྱི་རིགས་མ་ཐོབ་པ་ཐོབ་པའི་དོན་དུ་བསྒོམ་པ་མ་ཡིན་གྱི། ཐོབ་ཟིན་གྱི་ཡོན་ཏན་རྣམས་མངོན་དུ་བྱ་བའི་ཕྱིར་བསྒོམ་པ་ཡིན་པས་སྐྱོན་མེད་དོ། །འོ་ན་ས་བཅུ་པ་ལ་ཡང་རྣམ་པར་རྟོག་པའི་བག་ལ་ཉལ་སྤང་བའི་ཕྱིར། རྩེ་མོས་བསྡུས་པའི་བསྒོམ་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་སངས་རྒྱས་ལ་སྒྲིབ་པའི་གེགས་བསལ་བའི་ཕྱིར་བསྒོམ་པ་ཡིན་གྱི། ས་བཅུ་པའི་ཡོན་ཏན་ཐོབ་པའི་གེགས་བསལ་བའི་ཕྱིར་མ་ཡིན་པས་ས་བཅུ་པའི་ཡོངས་སྦྱོང་མ་ཡིན་ནོ། །གཉིས་པ་རྩ་བ་ནི། ཤེས་པར་བྱ། གང་ཞིག་ཅེ་ན། དམན་པ་ས་བརྒྱད་བྱང་སེམས་ཀྱི་རྒྱུའི་ས་དགུ་གཅིག་ཏུ་བྱས་པའི་ས་དགུ་པོ་དག་ལ་དང་པོ་བརྒྱད་ཤེས་མཐོང་གི་ལྟས་ནས་དང་། ཕྱི་མ་མངོན་སུམ་དུ་བྱས་ཏེ་འདས་ནས་མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བའི་ཡེ་ཤེས་དེ་དག་གིས་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྒྲུབ་པས་སངས་རྒྱས་ཀྱི་སར་གནས་པ་དེ་ནའོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་རོ། །མདོ་ལས་རབ་འབྱོར་བྱང་ཆེན་གྱི་ས་བཅུ་པ་གང་ཞེ་ན། འདི་ལྟར་བྱང་ཆེན་ཐབས་ལ་མཁས་པས་ཕར་ཕྱིན་དྲུག་ལ་སྤྱོད་པ་དང་། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་པའི་ཚེ། རིགས་ཀྱི་ས་དང་ཞེས་པ་ནས་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་ཆེན་ས་དགུ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་ཏེ། རབ་འབྱོར་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པའོ། །ཞེས་སོ། །གཉིས་པ་ལ་གཉིས། འདའ་བྱ་ས་དགུ་བཤད་པ་དང་། དེ་ལས་འདས་པ་འབྲས་བུ་ས་བཅུ་པའི་མཚན་ཉིད་བཤད་པའོ། །དང་པོ་ནི། ཉན་ཐོས་དང་སོགས་པས་རང་རྒྱལ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ལ་བརྟེན་པའི་ཐེག་དམན་གྱི་སྦྱོར་ལམ་བཞི་ནི། རིགས་ཀྱི་ས་ཡིན་ཏེ། ཐེག་དམན་གྱི་ཡང་དག་པར་བླངས་པའི་རིགས་ལ་མི་འཁྲུལ་བའི་སོ་སྐྱེའི་རྟོགས་པ་ཡིན་པའི་ཕྱིར་རོ། །ཡང་ན་དམན་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སོ་སྐྱེའི་རྟོགས་པ་ཡིན་པས་སོ་ཞེས་སྦྱར་རོ། །འདིར་བྱང་སེམས་ཀྱི་རིགས་ཀྱི་ས་ཡང་བསྡུད་པ་ནི་མི་རིགས་ཏེ། དམན་པའི་སྐབས་ཡིན་པའི་ཕྱིར། བྱང་སེམས་ཀྱི་རིགས་ཀྱི་ས་ལ་འདའ་བ་ནི། རྒྱུའི་ས་དགུ་ལ་འདའ་བར་བསྟན་པས་འགྲུབ་པའི་ཕྱིར་རོ། །རིགས་ཀྱི་ས་འདི་ལ་གྲུབ་མཐའ་ཐ་དད་ཀྱི་ལུགས་ཐ་དད་པ་ཡིན་ཏེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཁ་ཅིག་རང་བཞིན་གྱིས་ངེས་པའི་ཐེག་པ་གསུམ་གྱི་རིགས་མི་འདོད་ལ། རྟོགས་པའི་དབང་གི་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་དྲོད་ནས་ངེས་པར་འདོད་དེ། མཛོད་དུ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །ཞེས་ཏེ་དེ་དག་གིས་དྲོད་ཡན་ཆད་ཀྱི་རྟོགས་པ་ཐམས་ཅད་སྟན་གཅིག་ལ་བསྐྱེད་པར་བཤད་པས་སོ། །ཉན་ཐོས་ཀྱི་རིགས་ནི་བཟོད་ཆེན་ནས་ངེས་ཀྱི། དེ་བས་སྔར་མ་ཡིན་ཏེ། གཉིས་སློབ་རིགས་ལས་ཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བཟོད་པ་མ་ཐོབ་བར་དུ་ཐེག་ཆེན་དུ་ཡང་འཇུག་སྲིད་ལ། བཟོད་འབྲིང་མན་ཆད་དུ་རང་རྒྱལ་དུ་ཡང་ལྡོག་པ་བཤད་པས་སོ། །དེས་ན་དེ་དག་གི་ལྟར་ན། བཟོད་ཆེན་ཆོས་མཆོག་རིགས་ཀྱི་སར་འདོད་ཀྱང་། དེ་དག་ཀྱང་འདིར་མི་བཟུང་སྟེ། བཟོད་ཆེན་དང་ཆོས་མཆོག་བསྐྱེད་ཀྱང་ཐེག་ཆེན་དུ་འཇུག་སྲིད་པའི་ཕྱིར་རོ། །སེམས་ཙམ་པ་ལྟར་ན། ཉན་ཐོས་མ་ངེས་པའི་རིགས་ཅན་རྣམས་ཕུང་པོ་ལྷག་མེད་དུ་མ་ཞུགས་བར་དུ་ཐེག་ཆེན་དུ་ལྡོག་སྲིད་པ་དང་། དེ་དག་ནམ་ཡང་རིགས་མ་ངེས་པས་དེ་དག་ལ་རིགས་ཀྱི་ས་མ་བཞག་ལ། ཞི་བ་བགྲོད་པ་གཅིག་པུ་བ་རྣམས་ཚོགས་ལམ་ནས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་རིགས་ངེས་ཀྱང་ཇི་སྲིད་ཆོས་མཆོག་མ་ཐོབ་པ་དེ་སྲིད་དུ་མྱ་ངན་ལས་འདའ་བའི་དུས་ངེས་པ་མེད་པས། ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཞེས་མི་བྱ་ལ། དེའི་ཕྱིར་ཆོས་མཆོག་མན་ཆད་ལ་རིགས་ཀྱི་སར་མི་བཞག་ཅིང་། གང་གི་ཚེ་ཆོས་མཆོག་ཐོབ་པ་དེའི་ཚེ་གདོན་མི་ཟ་བར་འཕགས་ལམ་བསྐྱེད་ཅིང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་དེ་ཞེས་གསུངས་པས། གདོན་མི་ཟ་བར་ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཡིན་ལ། དེའི་ཕྱིར་ཞི་བ་བགྲོད་པ་གཅིག་པུ་དེ་ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་དབང་དུ་བྱས་ནས་སྦྱོར་ལམ་ཆོས་མཆོག་རིགས་ཀྱི་སར་བཞག་གོ །འདིར་སློབ་དཔོན་གྱི་བཞེད་པ་ཉན་ཐོས་མ་ངེས་པའི་རིགས་ཅན་ལ། སེམས་ཙམ་པ་དང་མཐུན་པར་རིགས་ཀྱི་ས་མི་བཞག་ཅིང་། ཉན་ཐོས་རིགས་ངེས་པ་དང་རང་རྒྱལ་རྣམས་སྦྱོར་ལམ་ནས་རྟོགས་པའི་སྟོབས་ཀྱིས་རང་གི་བྱང་ཆུབ་ལས་མི་ལྡོག་པས། དེ་དག་གི་སྦྱོར་ལམ་བཞི་པོ་རིགས་ཀྱི་སར་བཞེས་དེ། རང་རྒྱལ་གྱི་ལམ་ཤེས་ཀྱི་མདོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་པའི་ཐ་དད་དུ་འགྲེལ་ཆེན་ལས། ཕྱིར་མི་ལྡོག་པས་ཞེས་བྱ་བ་ནི། ངེས་པར་འབྱིན་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ་ཞེས་བཤད་ཅིང་། ཉན་ཐོས་ལ་ཡང་རྒྱུ་མཚན་དེ་མཚུངས་པའི་ཕྱིར་རོ། །འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པའི་རྟོགས་པ་ནི། བརྒྱད་པའི་ས་ཡིན་ཏེ། ཟུང་བཞི་དང་པོའི་མངོན་རྟོགས་ཡིན་པའི་ཕྱིར། རྒྱུན་དུ་ཞུགས་པའི་རྟོགས་པ་ནི། མཐོང་བའི་ས་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ལན་ཅིག་ཕྱིར་འོང་གི་རྟོགས་པ་ནི། བསྲབས་པའི་ས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ཕྱིར་མི་འོང་གི་རྟོགས་པ་ནི། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། དགྲ་བཅོམ་པ་ཉིད་ཀྱི་རྟོགས་པ་ནི། བྱས་པ་རྟོགས་པའི་ས་ཡིན་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར་རོ། །རྒྱུན་ཞུགས་མ་རྟོགས་པའི་འབྲས་བུ་ལྷག་མ་གསུམ་ལ་ཞུགས་པའི་རྟོགས་པ་ནི། ཉན་ཐོས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་རྟུལ་པོའི་མངོན་རྟོགས་ཡིན་པས་སོ། །ཅིའི་ཕྱིར་ཞུགས་པ་ལྷག་མ་གསུམ་བསྡུས་ནས་ཉན་ཐོས་ཀྱི་སར་བཞག་ཅེ་ན། ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཆོས་ཅན། འདའ་བྱ་ས་དགུ་འཆད་པའི་སྐབས་སུ་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་བསྡུས་པ་ལ་དགོས་པ་ཡོད་དེ། སྐབས་དེར་ཚུལ་གསུམ་སྟེ། ཐེག་པ་གསུམ་གྱི་རྟོགས་པ་རྣམ་པར་བཞག་ནས་དེ་དག་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་འདས་ནས་ས་བཅུ་པའི་མཚན་ཉིད་བཞག་པར་དགོངས་ནས་དེར་བསྡུས་པས་སོ། །རང་སངས་རྒྱས་འཕགས་པའི་མངོན་རྟོགས་རྣམས་ནི། རང་སངས་རྒྱས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱིས་དབང་པོ་འབྲིང་པོའི་མངོན་རྟོགས་ཡིན་པས་སོ། །སྔར་ཇི་སྐད་བཤད་པའི་བྱང་སེམས་ཀྱི་རྒྱུའི་ས་རྣམ་པ་དགུ་པོ་རྣམས་ནི་བྱང་སེམས་ཀྱི་ས་ཞེས་པ་གཅིག་ཁོ་ནར་རྣམ་པར་བཞག་གོ །གཉིས་པ་ནི་ཇི་སྐད་བཤད་པའི་ཚུལ་དེ་ལྟར། དམན་པ་ས་བརྒྱད་བྱང་སེམས་ཀྱི་ས་དགུ་གཅིག་ཏུ་བྱས་པའི་ས་དགུ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་འདས་ནས་མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བའི་རང་བཞིན་གྱི་སྨོན་ལམ་ཤེས་པ་ཤེས་པ་གང་གིས་སངས་རྒྱས་ཀྱི་ས་དེ་ལ་གནས་པ་དེ་ནི་བྱང་སེམས་ཀྱི་ས་བཅུ་པ་ཡིན་པ་ཤེས་པར་བྱའོ། །ཞེས་སྦྲེལ་ལོ། །སངས་རྒྱས་ཀྱི་ས་ཡིན་ན། བྱང་སེམས་ཀྱི་སར་འགལ་ལོ་ཞེ་ན། སྐྱོན་མེད་དེ། མདོ་ལས། རབ་འབྱོར་བྱང་ཆེན་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པར་བརྗོད་དོ། །ཞེས་པས། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་ལ་སངསརྒྱས་ཁོ་ནར་བརྗོད་པར་བྱ་ཞེས་དོན་གྱིས་བསྟན་པས་ས་བཅུ་པ་ལ་སངས་རྒྱས་ཀྱི་སར་ཡང་བསྟན་ལ། ཡང་མདོ་ལས། བྱང་ཆེན་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་རྫོགས་པར་འཚང་རྒྱའོ། །ཞེས་པ་ནས། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ས་དེ་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ཞེས་དོན་གྱིས་འབྱུང་བའི་ཕྱིར་ན། བྱང་སེམས་ཀྱི་སར་ཡང་བསྟན་པ་ཡིན་ནོ། །དེས་ན་འདི་ནི་མདོའི་དོན་བླངས་པ་ཡིན་གྱི་ཚིག་དངོས་མ་ཡིན་ལ། འདས་བྱ་ས་དགུའི་རྗེས་ཐོག་སངས་རྒྱས་ཀྱི་ས་དེ་བྱང་སེམས་ཀྱི་ས་བཅུ་པར་འཆད་པའི་ཤེས་བྱེད་ཡིན་གྱི། བྱང་སེམས་ཀྱི་ས་བཅུ་པ་སངས་རྒྱས་ཀྱི་སར་འཆད་པའི་ཤེས་བྱེད་མ་ཡིན་པས་ཊཱི་ཀ་བྱེད་པ་སྔ་མ་དག་གིས་ནོར་བ་ཁོ་ནར་བཤད་དོ། །ངག་དོན་ནི། འདའ་བྱ་ས་དགུའི་རྗེས་ཐོག་གི་སངས་རྒྱས་ཀྱི་ས་དེ་ཆོས་ཅན། བྱང་སེམས་ཀྱི་ས་བཅུ་པ་ཡིན་ཏེ། ཁྱོད་ལ་གནས་པའི་སེམས་དཔའི་དབང་དུ་མཛད་ནས་མདོ་ལས་ས་བཅུ་པ་ལ་བྱང་སེམས་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །

གསུམ་པ་གཉེན་པོའི་ཚོགས་བྱེ་བྲག་དུ་བཤད་པ་ལ་གསུམ་གྱི། དང་པོ་ནི། གཉེན་པོའི་ཚོགས་ཞེས་སོ། །རྩ་བ་ནི། མཐོང་བ་དང་སྒོམ་པའི་ལམ་གྱི་གནས་སྐབས་དག་དབྱེ་གཞི། དབྱེ་གྲངས་གཉེན་པོ་རྣམ་པར་བརྒྱད་ཅེས་པའོ། །འབྱེད་པའི་རྒྱུ་མཚན་ནི། མཐོང་སྤང་དང་སྒོམ་སྤང་དག་གིས་བསྡུས་པའི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་ཀྱིས་བསྡུས་པའི་གཟུང་བའི་རྟོག་པ་གཉིས་གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ལ་བརྟེན་པའི་འཛིན་པའི་རྣམ་རྟོག་གཉིས་རྣམས་སོ་སོར་ཉེ་བར་ཞི་བར་བྱ་བའི་ཕྱིར་མཐོང་སྒོམ་གྱིས་བསྡུས་པའི་གཉེན་པོ་དེ་སྙེད་འཇུག་པའི་ཕྱིར་རོ། །མདོ་ནི། རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ་ཐེག་པ་དེ་དག་གང་ནས་བྱུང་བར་འགྱུར་ཞེས་སྨྲས་པ་ནི། དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ལས་འབྱུང་བར་འགྱུར་ཞིང་། གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འགྱུར་རོ་ཞེས་སོ། །གསུམ་པ་འགྲེལ་པ་ནི། མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་ཁོ་ནའི་མི་མཐུན་ཕྱོགས་སྤོང་བའི་གནས་སྐབས་ཀྱི་ཁྱད་པར་དབྱེ་གཞི། དབྱེ་གྲངས་གཉེན་པོ་རྣམ་པ་བརྒྱད་དོ། །འབྱེད་པའི་རྒྱུ་མཚན་ནི། མཐོང་སྤང་གིས་བསྡུས་པའི་གཟུང་བ་དང་འཛིན་པའི་རྣམ་རྟོག་བཞི་དང་། སྒོམ་སྤང་གིས་བསྡུས་པ་བཞི་སྟེ། བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར། མི་མཐུན་ཕྱོགས་ཀྱི་རབ་ཏུ་དབྱེ་བས་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ཡང་དེ་སྙེད་འཇུག་པའོ། །མི་མཐུན་ཕྱོགས་ཀྱི་དབྱེ་བས་གཉེན་པོ་རྣམ་པ་བརྒྱད་དུ་འགྱུར་བ་ཅི་ཞེ་ན། གཟུང་བའི་རྣམ་རྟོག་ཀུན་ནས་ཉོན་མོངས་ཀྱི་དངོས་པོ་ཙམ་དང་དེའི་གཉེན་པོའི་རྟེན་ཅན་གཉིས་དང་། འཛིན་པའི་རྣམ་རྟོག་གང་ཟག་རྫས་ཡོད་དང་། སྐྱེས་བུ་བཏགས་ཡོད་ལ་བརྟེན་པ་ཅན་གཉིས་པོ་རགས་པ་ཀུན་བཏགས་ཀྱི་ཆ་རྣམས་སོ་སོར་མཐོང་བའི་ལམ་ལ་སྤོང་ཞིང་ཕྲ་བ་ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པའི་ལམ་ལ་སྤོང་བས་སོ། །

གཟུང་འཛིན་གྱི་རྣམ་པར་རྟོག་པའི་གཉེན་པོ་དེ་དག་མདོ་ལས་ཇི་ལྟར་བསྟན་ཅེ་ན། དེ་གཉིས་ཀ་ཡང་མདོ་ལས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་ནས་མངོན་དུ་བྱ་བ་སྟེ། ཤེས་པར་བྱ་བར་བསྟན་ཏེ། འདི་ལྟར། བརྒྱད་སྟོང་པ་ལས། ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་བར་འགྱུར། གང་དུ་གནས་པར་འགྱུར། གང་གིས་ངེས་པར་འབྱུང་བར་འགྱུར། གང་ཞིག་ངེས་པར་འབྱུང་བར་འགྱུར། ཞེས་དྲིས་པའི་ལན་དུ། ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་ཞིང་ཞེས་སོགས་ཀྱིས་ཀུན་རྫོབ་གྱི་བདེན་པ་ལ་བརྟེན་ནས་ངེས་པར་འབྱུང་ས། འབྱུང་བྱེད། འབྱུང་ཚུལ་རྣམས་ཁས་བླངས་ནས་མཐོང་སྤང་གཟུང་འཛིན་གྱི་གཉེན་པོ་གསུངས་ལ། གང་ནས་ཀྱང་བྱུང་བ་མེད། གང་དུའང་གནས་པར་འགྱུར་བ་མེད་དོ། །གང་གིས་ངེས་པར་འབྱུང་བར་འགྱུར་བ་ཡང་མེད། གང་འབྱུང་བར་འགྱུར་བ་ཡང་མེད་དོ་ཞེས་དོན་དམ་པའི་བདེན་པ་ལ་བརྟེན་ནས། ངེས་པར་འབྱུང་ས། འབྱུང་བྱེད་སོགས་བཀག་པའི་སྒོ་ནས་སྒོམ་སྤང་གཟུང་འཛིན་གྱི་གཉེན་པོ་གསུངས་སོ། །དེས་ན་འདིར་འགྲེལ་པའི་བདེན་གཉིས་ལ་བརྟེན་ཅེས་པ་བརྒྱད་སྟོང་པ་དང་བསྟུན་པ་ཡིན་གྱི། ཉི་ཤུ་ལྔ་པར། མཐོང་སྤང་གི་གཉེན་པོ་ཀུན་རྫོབ་ལ་བརྟེན་པ་དང་། སྒོམ་སྤང་གི་གཉེན་པོ་དོན་དམ་ལ་བརྟེན་པའི་ངེས་པ་མེད་དོ། །

བཞི་པ་འབྲས་བུ་གདོན་མི་ཟ་བར་འབྱིན་པ་ངེས་འབྱུང་སྒྲུབ་པ་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། དེ་ལྟར་དཔུང་གི་ཚོགས་འཚོགས་དགོས་པ་ནི། མ་རྒྱལ་བ་ལས་རྒྱལ་བ་ཐོབ་སྟེ། ངེས་པར་འབྱུང་བྱ་བརྒྱད་ལ་ངེས་པར་འབྱུང་བྱེད་བརྒྱད་ཀྱིས་འཆད་དོ། །གཉིས་པ་རྩ་བ་ལ་ངེས་པར་འབྱུང་བྱའི་གཞི། ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་གཉིས་ཀྱི། དང་པོ་ནི། ལོ་ཙཱ་བ་ཆེན་པོ་ལྟར་ན། སྤྱི་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། ཆེན་པོ་གསུམ་གྱི་བདག་ཉིད་ཀྱི་ཆེད་དུ་བྱ་བ་ཡིན་ལ། གཉིས་པ་ནི། ལྷག་མ་བདུན་ཏེ། དེ་ཡང་སེམས་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་གསུམ་གྱི་དབང་དུ་བྱས་ནས་གསུམ་དང་། གཉིས་དང་གཉིས་རྣམས་གོ་རིམ་བཞིན་ནོ་ཞེས་འཆད་དོ། །འབྲེ་དང་ཨར་ལྟར་ན། ངེས་པར་འབྱུང་བ་བརྒྱད་པོ་འདི་དག་མདོར་བསྡུ་ན་གཉིས་ཏེ། འབྲས་བུ་མཐར་ཐུག་པ་དང་རྒྱུ་མཐར་ཐུག་པའོ། །དང་པོ་ནི། ཆེད་དུ་བྱ་བ་ནས་རྣམ་མཁྱེན་གྱི་བར་བདུན་ནི། སངས་རྒྱས་ཀྱི་ས་ཡིན་ཏེ། འགྲེལ་མགོ་དང་འགྲེལ་ཞབས་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཞེས་འཆད་དོ། །མདོ་ནི། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བའི་འདི་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་འབྱུང་བར་འགྱུར་རོ་ཞེས་སོགས་གསུངས་སོ། །གཉིས་པ་ནི། ངེས་པར་འབྱུང་བ་དེ་དག་དུ་མི་དམིགས་པའི་རྣམ་པའི་གདོན་མི་ཟ་བར་འབྱིན་པར་བྱེད་པ་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ནི་ངེས་པ་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་དང་པོ་བདུན་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་ཏེ། དེས་གཞི་བདུན་པོ་དེ་ཉིད་ཐོབ་པའམ་བསྐྱེད་པར་བྱེད་པའི་ཕྱིར། ལམ་གྱི་ཡུལ་ཅན་ནི་རྡོ་རྗེ་ལྟ་བུའི་སྦྱོར་བའི་ལམ་གྱིས་བསྡུས་སོ་ཞེས་འཆད་ཀྱང་། སྔར་ས་མཚམས་ཀྱི་སྐབས་སུ། ངེས་འབྱུང་སྒྲུབ་པ་ཁྱད་པར་གྱི་ལམ་ལ་བཞག་པས། ས་བརྒྱད་པ་ནས་འཛིན་པ་འཐད་དོ། །གསུམ་པ་འགྲེལ་པ་ལ་ཡང་རྩ་བ་ལྟར་གཉིས་ཀྱི་དང་པོ་ནི། ཆེན་པོ་གསུམ་གྱི་བདག་ཉིད་ཀྱི་ཆེད་དུ་བྱ་བ་སྔར་ཇི་ལྟར་བཤད་པ་ནི། ངེས་པར་འབྱུང་བའི་གཙོ་བོ་ཡིན་པས་དང་པོར་བསྟན་ཏོ། །དེ་ངེས་པར་འབྱུང་བ་ལ་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་དགོས་པས། དེ་ནས་མཉམ་པ་ཉིད་ཀྱི་ངེས་འབྱུང་བསྟན་ཏོ། །སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་ཀྱི་ཚོགས་མ་བསགས་པར་མཉམ་པ་ཉིད་མི་རྟོགས་པས། དེ་ནས་སེམས་ཅན་གྱི་ཁྱད་པར་གྱི་དོན་བྱ་བའི་ངེས་འབྱུང་སྟོན་ཏོ། །འབད་རྩོལ་དང་བཅས་པས་སེམས་ཅན་གྱི་དོན་མ་ཚང་བ་མེད་པར་རྫོགས་མི་ནུས་པས། དེ་ནས་འབད་རྩོལ་གྱི་མཚན་མ་མེད་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱི་ལྷུན་གྱིས་གྲུབ་པའི་ངེས་འབྱུང་སྟོན་ཏོ། །འཁོར་འདས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་གནས་སྐབས་རྟོགས་པ་མེད་པར་སེམས་ཅན་གྱི་དོན་འབད་མེད་དུ་བྱེད་མི་ནུས་པས། དེ་ནས༼མ་དཔེ་མ་གསལ།༽རྟག་ཆད་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་གྱི་ངེས་པར་འབྱུང་བ་བསྟན་ཏོ། །ཐེག་པ་གསུམ་སོ་སོའི་ཡོན་ཏན་ཐོབ་པ་མེད་པར་མཐའ་ལས་འདས་པར་ངེས་པར་འབྱུང་མི་ནུས་པས་དེ་ནས་ཐེག་པ་གསུམ་གྱི་དོན་ཐམས་ཅད་ཐོབ་པའི་ངེས་པར་འབྱུང་བ་བསྟན་ཏོ། །རྣམ་མཁྱེན་མ་ཐོབ་པར་ཡང་ཐེག་པ་གསུམ་གྱི་ཡོན་ཏན་མ་ལུས་པ་ཐོབ་པར་མི་ནུས་པས་གོང་དུ་ཇི་སྐད་བཤད་པའི་སེམས་བསྐྱེད་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བསྟན་ཏོ། །རྣམ་མཁྱེམ་དུ་ངེས་པར་འབྱུང་བ་དེ་ཡང་ཁྱད་པར་གྱི་ལམ་ལ་སོགས་པ་མེད་ན་མེད་པས་རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་དུ་ངེས་པར་འབྱུང་བ་བསྟན་ཏེ། འདི་དག་ནི་བཤད་པའི་གོ་རིམ་མོ། །གཉིས་པ་ནི། ངེས་པར་འབྱུང་བའི་སྒྲུབ་པ་ནི་ཆོས་ཅན། རྣམ་པ་བརྒྱད་ཡིན་ཏེ། ཆེད་དུ་བྱ་བ་ནས། ཁྱད་པར་གྱི་ལམ་གྱི་བར་ངེས་པར་འབྱུང་བ་ཐམས་ཅད་དོན་དམ་པར་མི་དམིགས་པ་ཉིད་ཀྱིས། ཀུན་རྫོབ་དུ་དེ་དང་དེར་གདོན་མི་ཟ་བར་ངེས་པར་འབྱུང་བར་རྣམ་པ་བརྒྱད་ཡིན་པས་སོ། །ཅིའི་ཕྱིར་ཆེད་དུ་བྱ་བ་སོགས་བརྒྱད་དུ་ངེས་པར་འབྱུང་བས་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ཞེ་ན། ཐེག་ཆེན་སྒྲུབ་པས་ངེས་པར་འབྱུང་བར་བྱ་བའི་གཞི་ཆེད་དུ་བྱ་བ་ལ་སོགས་གོང་དུ་བཤད་པ་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་ཏེ། དེ་དག་ནི་འབྲས་བུ་མཐར་ཐུག་པ་དང་། རྒྱུ་མཐར་ཐུག་པ་ཡིན་པས་སོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སྐབས་དང་པོའི་བཤད་པའོ། །མཾ་གྷ་ལཾ་བྷ་ཝནྟུ།། །།

༼འདི་མ་དཔེ་ཤིན་ཏུ་ངན་པས་ཁོ་བོས་འབྲེལ་ཡོད་འགྲེལ་པ་ཁག་ལ་ལེགས་པར་བསྡུར་ཏེ་ཞུས་ཁུལ་བྱས་ཀྱང་ད་དུང་དྭོགས་གཞི་ཡོད་པ་དང་མ་མཐོང་བ་ཤིན་ཏུ་མང་པོ་ལུས་ཡོད་བསམ་པས་རྟོགས་ལྡན་དམ་པ་རྣམས་ཀྱིས་ཞིབ་དཔྱད་ཡོད་པ་མཁྱེན། དཔེ་འདིའི་མ་དཔེ་ལ་མ་ཚང་བ་དང་མི་གསལ་བ་ཤིན་ཏུ་མང་བས། དཔལ་ལྡན་འབྲས་སྤུངས་ཀྱི་དགེ་བའི་བཤེས་གཉེན་བསོད་ནམས་བརྟན་པའི་ཞབས་ཀྱིས་མ་དཔེ་གཞན་བཙལ་བར་ཕྱག་རོགས་གང་ཟབ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བར་ཞུའོ། །


previousའབྲས་བུ་ཡོངས་སྦྱོངས་བཤད་པ། no next