གཙུག་ཏོར་འཁོར་ལོའི་དབང་བསྐུར་སྒོ་གསུམ་རྡོ་རྗེའི་གྲོང་འཕོ།
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གཙུག་ཏོར་འཁོར་ལོའི་དབང་བསྐུར་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བཞུགས་སོ༔
སྐུའི་རྟེན་དུ་ཐོར་གཙུག་དང་ཀུན་ཏུ་བཟང་བོ༔ གསུང་གི་རྟེན་དུ་བཏགས་གྲོལ༔ ཐུགས་ཀྱི་རྟེན་དུ་དྭངས་ཤེལ་གྱི་མཆོད་རྟེན་རྣམས་ཀྱི་གཟུགས་བྱ༔ དེ་ནས་དཀྱིལ་འཁོར་གང་རུང་ལ་བརྟེན་ཅིང་ལས་གཞུང་བསྲང་ནས་བདག་མདུན་བུམ་པ་སོགས་བསྒྲུབ་ནས་བདག་ཉིད་འཇུག་པའི་ཆོ་ག་རྫོགས་པར་བྱས་ལ༔ ཁྲུས་བྱས༔ བགེགས་བསྐྲད༔ བསྲུང་འཁོར་བསྒོམ༔ ཆོས་བཤད་གང་འཐད་རྒྱས་པར་བྱས་ནས་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནི༔ ན་མོ༔ སངས་རྒྱས་ཀུན་གྱི་རང་བཞིན་འཆང་༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ དབུ་སྐྲ་བུང་བ་ལྟ་བུའི་མཚན༔ ཐོབ་ཕྱིར་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ༔ ཧོ༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ ལྟ་བསྒོམ་སྤྱོད་པའི་དམ་ཚིག་ནི༔ མཐའ་དག་ཁྱོད་ཀྱིས་བསྲུང་ནུས་སམ༔ ནུས་ན་དབང་མཆོག་དམ་པ་སྦྱིན༔ ཀྱཻ༔ ཅི་གསུང་བཀའ་བཞིན་བསྒྲུབས་ལགས་ཀྱི༔ མགོན་པོའི་བདག་ལ་བཀའ་དྲིན་སྩོལ༔ ཞེས་པའི་མཐར་དམ་ཆུ་སྦྱིན་པར་བྱ༔ མིན་ཀྱང་ཆད་སྐྱོན་དུ་མི་འགྱུར༔ དེ་ནས་ཡེ་ཤེས་དབབས་པ་ནི༔ ཤུ་ནྱ་ཏའི་སྟོང་པར་སྦྱངས༔ འདིའི་སྐབས་སུ་སློབ་མ་ལྷར་གསལ་ནས༔ དབབས་བརྟན་བསྟིམ་པ་གྲུབ་པའི་མཐར༔ དབང་རྫས་སླར་ཡང་གསལ་བརྟན་དབབས༔ སྟོང་པའི་ངང་ལས་བསྟན་པའི་བཙས་གསུམ་རྡོ་རྗེའི་ཅོད་པཎ་དང་བཅས་པ་སྐད་ཅིག་གིས་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱི་མཚན་པ་ཕྱག་རྒྱ་ལྔའི་རྣམ་པར་གནས་སུ་གྱུར་བ་དང་༔ དེ་ཉིད་སླར་ཡང་ཞི་ཁྲོ་དམ་པ་རིགས་བརྒྱ་དང་མཁའ་འགྲོ་མ་བྱེ་བ་ས་ཡའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་མཚན་མངོན་གྱུར་གཟུགས་སྐུའི་རྣམ་རོལ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུའི་སྐུ་གསུང་ཐུགས་དང་བླ་མའི་གནས་གསུམ་ལས་འབོད་བསྐུལ་བསྐྱོད་པའི་ལྷ་མོ་བཞིའི་སྒྱུ་འཕྲུལ་ལས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ གངས་ཆེན་རིགས་ལྔའི་སྐུའི་བཀོད་པའི་ཁྱོན་ལ་བཞུགས་པའི་བྱིན་རླབས་བསྟན་པའི་བཙས་གསུམ་ཇི་སྙེད་པ་ཐམས་ཅད་མཚོ་ལ་ཁ་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་སློབ་མའི་སྐུར་བསྟིམ་གྱི་གནས་དང་མཚུངས་ལྡན་གྱི་རྒྱུ་སོ་སོ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ ཅེས་པས་སྤྱན་འདྲེན་པ་ཉིད་ཁོ་ནས་ཀྱང་དམ་ཚིག་མཚུངས་ལྡན་གྱི་དཀྱིལ་འཁོར་ལ་རང་བཞིན་དང་ཡེ་ཤེས་ཀྱི་བྱིན་བརླབས་ཞུགས་པའི་དབང་ཐོབ་པའང་མི་ཁེགས་ཀྱང་༔ ད་དུང་ལྷ་ལ་ལྷའི་རྒྱས་གདབ་པའི་ཕྱིར༔ ད་ནི་སྐུ་བུམ་པའི་རང་བཞིན་ཅན་གྱི་གཙུག་ཏོར་བལྟར་མི་མངོན་པའི་མཚོན་བྱེད་ལྕང་ལོ་རལ་པའི་ཅོད་པན་ཐོགས་ལ༔ ཧོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་རྡོ་རྗེའི་རང་བཞིན་བལྟར་མི་མངོན་པ་ཡེ་ཤེས་ཀྱི་འཁོར་ལོའི་བུམ་པ་འདིའི་དབང་བསྐུར་བས་གནས་སྐབས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་དང་༔ གནས་གསུམ་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ཐམས་ཅད་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་ནས་སྒོ་གསུམ་བྱ་བ་དང་བཅས་པ་དང་༔ འབྲས་བུའི་ཆོས་ཁམས་རེང་བུ་སོ་སོར་འཛིན་པའི་སྒྲིབ་པ་རྣམ་པར་དག་པའི་རྒྱས་གདབབས་སུ་གྱུར་ནས་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་བྱིན་གྱི་བརླབ་ཏུ་གསོལ༔ སེམས་བྱིན་གྱི་བརླབ་ཏུ་གསོལ༔ མ་དག་པའི་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་ཡས་བསྟན་དུ་ལྡོག་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་དཀར་པོ་ཡིད་ནང་དུ་ཆུད་ནས་ངོ་བོ་དབྱེར་མེད་ཆེན་པོར་སངས་རྒྱས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ གང་གིས་མཐོང་བ་ཐམས་ཅད་འབྲེལ་ཚད་དོན་དང་ལྡན་པར་གྱུར་ནས་ཕྲིན་ལས་རྩོལ་བ་མེད་པར་འཇུག་པར་ཤོག་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་གྷ་ཛ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་སྐུ་དང་ཐོར་ཚུགས་གཏད་ཅིང་སྤྱི་བོར་བཅིངས༔ དེ་ནས་བཏགས་གྲོལ་གྱི་དབང་བསྐུར་ཞིང་༔ ཧོ༔ དབྱིངས་རང་བཞིན་དང་འབྲས་བུ་མངོན་གྱུར་ཆོས་ཀྱི་སྐུའི་གཟུགས་བརྙན་ཆེན་པོ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་ཐུགས་གསང་སྔགས་རྡོ་རྗེའི་རང་བསྲེལ་གསུང་གསང་མི་ཤིགས་པའི་ན་དཱ་སྒྲར་སྣང་བ་ལས༔ སྒྲ་གྲགས་པ་དང་བརྡར་གྱུར་བ་དངོས་ཀྱི་བསྟན་པ་བུ་གཅིག་པུ་གཟུགས་བརྙན་སྔ་ཕྱིའི་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་འདིའི་དབང་བསྐུར་བས༔ རིགས་ཀྱི་བུ་མཆོག་གི་ལུས་རྒྱས་པར་གྱུར་ཅིག༔ ངག་འཕེལ་བར་གྱུར་ཅིག༔ སེམས་གང་བར་གྱུར་ཅིག༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སེམས་ལ་རྫོགས་ཤིང་༔ གསུང་ཐོས་པ་ཙམ་གྱིས་འབྲེལ་ཚད་དོན་དང་ལྡན་པའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་ཨ་གྷ་ཛ་ཡ་མ་ནུ་མནྡྲ་ཡ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ གསུམ་པ་རྡོ་རྗེ་སེམས་དཔའི་མེ་ལོང་ཤེལ་གྱི་མཆོད་རྟེན་གྱི་དབང་བསྐུར་ལ༔ ཧོ༔ ཐུགས་ཕྱི་ནང་གསང་བའི་ཡེ་ཤེས་བཅོ་ལྔ་ཟང་ཐལ་བདུན་གྱི་ཁྱད་པར་དུ་ཕྱེས་ཤིང་མ་ཆགས་མ་ཐོགས་པའི་གཟིགས་པ་བླ་ན་མེད་པ་དང་ལྡན་པ་ཕྱག་རྒྱའི་གར་དུ་བསྒྱུར་བ༔ དཔལ་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས་རང་བྱོན་པ༔ ལྷོ་ཕྱོགས་གཡོ་ལྡང་གྱི་ཞིང་ཁམས་སུ་བསྐྱོད་མ་རག་པའི་ཞབས་ཟིན་པ༔ ཐལ་བའི་ཞིང་དང་མགོན་པོའི་སྐུ་གདུང་ཐམས་ཅད་ཀྱི་མཐའ་རྒྱས་པར་བྱེད་པ༔ དོན་དེ་དཔེ་ལ་འབྲེལ་བའི་ཕྱི་ནང་གི་གསལ་གསུམ་མཚོན་དུ་ཡོད་པའི་ཐབས་ཀྱི་གསང་སྒོར་སེམས་ཅན་སྤྱི་མཐུན་གྱི་ཁ་རྗེར་ཤར་བ༔ ཐུགས་ཡེ་ཤེས་སྒྲིབ་བྲལ་གྱི་བུམ་པའི་དབང་བསྐུར་བས༔ སྐལ་ལྡན་རིག་པ་འཛིན་པ་འདིས་སེམས་དག་པར་གྱུར་ཅིག༔ ཡེ་ཤེས་རྒྱས་པར་གྱུར་ཅིག༔ ཡོན་ཏན་སྨིན་པར་གྱུར་ཅིག༔ ཚེ་འཕེལ་བར་གྱུར་ཅིག༔ གང་གི་དྲན་པ་ཙམ་གྱིས་ཁམས་གསུམ་ཡོངས་སུ་སྒྲོལ་བའི་འབྲེལ་ཚད་དོན་ལྡན་དུ་གྱུར་ཅིག༔ ཨོཾ་སརྦ་ཙིཏྟ་བཛྲ་ཨ་གྷ་ཛ་སརྦ་སིདྡྷི་ཕ་ལ་ལ་ཧོ༔ ཅེས་དང་༔ མཐིང་དམར་དར་གྱི་ཅོད་པན་ཐོགས་ལ་དབང་བསྐུར་བ་ནི༔ ཕྱི་ལྟར་ན་རོ་རྐྱང་གི་རྩ་ཁམས་རྣམ་པར་དག་པའི་གནས་ཚུལ༔ ནང་ལྟར་ན་ཐབས་ཤེས་ཟུང་དུ་འཇུག་པའི་ངོ་བོ༔ གསང་བ་ཡོངས་སུ་རྫོགས་པ་ཆེན་པོ་རྩེ་མོ་སྤྱི་བཅིང་གི་རྒྱ་རྟགས་འདིའི་ནི་སྦུབས་གསུམ་གཅིག་ཏུ་བསྒྲིལ་ནས་རིན་པོ་ཆེ་གསང་བ་རྨད་དུ་བྱུང་བའི་ཤེས་རབ་མཁའ་ལ་བསྐྱོད་ཅིང་༔ ཡེ་ཤེས་དབྱིངས་སུ་འཁྱིལ་བའི་ངང་དུ་བསྟེན་ནས༔ རང་བྱུང་གི་ཆོས་གསུམ་ལྷུན་གྱིས་གྲུབ་པའི་གཞོན་ནུ་བུམ་པ་སྐུའི་འབྲས་བུ་འགྱུར་བ་མེད་པས་རང་དབང་༔ དཔའ་བོ་འབྲུ་ལྔའི་དབང་གི་ཆུ་བོ་རྡོ་རྗེ་བཀོད་པའི་ཡེ་དབྱིངས་སུ་སོན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ ཨོཾ་སརྦ་གུ་ཎ་ཀརྨ་ཨ་གྷ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་བཟུང་བ་ནི༔ ཧོ༔ མ་བཅོས་བཞི་ལྡན་དགོངས་པའི་མཐིལ༔ ཇི་ལྟ་བ་བཞིན་རིག་པར་བགྱི༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་དང་༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་འདིར༔ ནམ་ཡང་བརྙས་པར་མི་བྱ་ཞིང་༔ སྨྱུང་བར་གནས་པའང་དེ་བཞིན་དུ༔ དམ་ཚིག་ཆེན་པོ་མངོན་འགྱུར་ཕྱིར༔ གཙོ་བོའི་ཇི་ལྟར་བཀའ་སྩལ་བ༔ དེ་དག་ཐམས་ཅད་བདག་གིས་བསྒྲུབ༔ ཅེས་སོ༔ དེ་ལྟར་དབང་བསྐུར་རིམ་པ་འདིའི༔ ཕྱི་རུ་སྔགས་ཀྱི་ཆོས་གོས་ཡིན༔ ངོ་ཚ་ཁྲེལ་ཡོད་རྟེན་དུ་ཆེ༔ ནང་ལྟར་རིགས་བདག་ལྷ་ཡི་མཚོན༔ ཕྱི་ནང་བར་ཆད་སེལ་བ་དང་༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ གསང་བ་གཞི་འབྲས་དབྱེར་མེད་ཀྱི༔ དཀྱིལ་འཁོར་མངོན་གྱུར་ལམ་གྱི་རྒྱུད༔ འདི་འདྲ་འཇིག་རྟེན་གསུམ་ན་དཀོན༔ ཕྲག་དོག་རླུང་འཚུབ་སྔགས་ལོག་དང་༔ ཞེ་སྡང་མེ་འབར་འདུལ་ལོག་མཁན༔ ཆགས་བྲལ་སྡུག་སྲན་བྱས་བསྒྲུབ་དང་༔ ང་རྒྱལ་མཁས་རློམས་ས་ཀུ་ཙི༔ འདོད་ཆགས་རང་མཚན་ཤོར་བ་ཡིས༔ ཐབས་ལམ་རྣལ་འབྱོར་བྱེད་པོ་སྐད༔ ཀུན་གྱི་ཡུལ་དུ་མ་གྱུར་ཞིང་༔ ལ་ལའི་སྙིང་ལ་ཚེར་མ་གཟེན༔ ཀློང་ཆེན་རབ་འབྱམས་རྒྱུད་རྒྱལ་དང་༔ ཀུན་ཏུ་བཟང་མོ་ཉི་མའི་རྒྱུད༔ འོད་ཀྱི་ཡང་ཞུན་བཅུ་བདུན་དང་༔ བསྟན་པ་བཙས་ཀྱི་བུ་གཅིག་རྒྱུད༔ ཀུན་ནས་སྙིང་པོའི་བཅུད་དྲིལ་བ༔ ཁྲག་འཐུང་ག་ག་ཨ་བྷྱེ་ཡིས༔ ལུ་གུ་རྒྱུད་ཀྱི་འགྲོ་འོང་ལ༔ བསླབ་པའི་སྟོབས་ཀྱིས་མིག་ལྡོངས་ཕྱེས༔ བརྡ་རུ་ཤར་བའི་ཨཀྵ་རའི༔ འཕྲུལ་བསྒྱུར་ཨིནྡྲའི་མཚན་གྱིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཕྱི་དང་ནང་དང་གསང་བ་དང་༔ ལོ་ཟླ་ཞག་དུས་འདུ་ཉེ་འདུས༔ བྱེར་ཟུག་སྙོམས་པའི་རླུང་དང་ནི༔ ཉི་ཟླ་གཟའ་ཡིས་ཟིན་པ་སོགས༔ རང་དུས་རང་འཚམས་དམིགས་འདོན་ལྕེ༔ བསྒྱུར་ཞིང་བཀླགས་པས་མ་བསྒོམ་ཀྱང་༔ རང་བཞིན་སྤྲུལ་པའི་སྐུ་རུ་གྲོལ༔ རྡོ་རྗེ་འཆང་གི་རང་བྲོ་བཏོན༔ བསླུ་བ་མེད་དོ་ས་མ་ཡཱ༔ ཤུ་བྷཾ༔