Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་བརྒྱད་པ་མི་གཡོ་བ་བཤད་པ།
   
   
   
   
   
   
   
   
   
   
   


 
previousས་བརྒྱད་པ་མི་གཡོ་བ་བཤད་པ།next

ས་བརྒྱད་པ་མི་གཡོ་བ་བཤད་པ།


GLG012_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྒྱད་པ་མི་གཡོ་བ་བཤད་པ།བློ་གྲོས་བདུད་རྩི་གསར་པ་དག །མགྲིན་པའི་ཟ་མ་ཏོག་འཆང་བའི། །སྨྲ་བའི་ཁ་འདི་ལྷག་པའི་ལྷས། །ཕྱེ་བས་སླར་ཡང་ཅུང་ཟད་བརྗོད། །གཉིས་པ་ལ་ས་འདིར་སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལ། ཉོན་མོངས་ཐམས་ཅད་ཟད་པར་བསྟན་པ། དབང་བཅུ་འཐོབ་པར་བསྟན་པ་དང་གསུམ། དང་པོ་ལ་ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། བདུན་པ་ལ་གནས་པའི་བདག་ཉིད་ཆེན་པོ་དེ་ཆོས་ཅན། ས་བརྒྱད་པ་གང་དུ་ཕྱིན་པ་ན་ཕྱིར་མི་ལྡོག་པའི་བདག་ཉིད་དུ་འགྱུར་བ་མི་གཡོ་བ་དེ་ལ་འཇུག་སྟེ། ཡང་ཡང་སྔར་གྱི་དགེ་བ་ལས་ཆེས་ལྷག་པ་ཐོབ་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར། བརྒྱད་པ་བ་འདི་ཆོས་ཅན། སྨོན་ལམ་གྱི་ཕར་ཕྱིན་ལྷག་པར་ཐོབ་སྟེ། ས་དང་པོའི་སྨོན་ལམ་ཤིན་ཏུ་དག་པར་འགྱུར་བའི་ཕྱིར། དེ་ཆོས་ཅན། རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད་པའི་རྒྱུ་མཚན་ཡོད་དེ། ཆད་མཐར་མི་ལྟུང་ཞིང་གཟུགས་སྐུ་འགྲུབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ས་འདིར་ཡོན་ཏན་ཐོབ་ཚུལ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་ཚུལ་ཡོད་དེ། རང་གི་ངོ་སྐལ་གྱི་སྒྲིབ་པའི་དངོས་གཉེན་གྱི་ལམ་ལ་མཉམ་པར་བཞག་པས་


GLG012_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ས་དགུ་པར་འཕོ་ནུས་པ་སོགས་ཡོད་པའི་ཕྱིར། སྐྱེ་བ་འཛིན་ཚུལ་ཡོད་དེ། སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པར་སྐྱེ་བ་ལེན་པའི་ཕྱིར། མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེན་འཛིན་དང་ཞི་བདེ་དོན་གཉེར་མངོན་གྱུར་གྱིས་མི་གཡོ་བས་དེ་ལྟར་བརྗོད་པའི་ཕྱིར། རྒྱན་ལས། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་གསུངས་པའི་ཕྱིར། ཌུདྷཱ་ཉ་འཛིན་པའི་བྱིངས་ལ། པྲ་ནི་སྔོན་དུ། ཨིན་ཇི་ཀྲྀ་ཥི་རྣམས་ལས་ན་ཉའི་རྐྱེན་བྱིན་ཏེ་བསྒྲུབས་པས་པྲ་ནི་དྷཱ་ན་ཞེས་པ་སྨོན་ལམ་མོ། །དེ་ཡང་ས་བདུན་པའི་ཡོན་ཏན་དེ་ལ་བརྟེན་ནས་འདིར་སྙོམས་པར་འཇུག་ལྡང་ལ་འབད་རྩོལ་ཞི་བས་མཚན་མེད་རྩོལ་མེད་ཀྱི་ཏིང་ངེ་འཛིན་འཐོབ་ཅིང་། དེའི་སྟོབས་ཀྱིས་འགོག་པ་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་ཞུགས་དོགས་ནས་རྒྱལ་བ་རྣམས་ཀྱིས་དེ་ལས་སློང་སྟེ། འདི་ནི་ཉི་ཁྲི་སྣང་བར། གདམས་ངག་གི་སྐབས་སུ་མྱང་འདས་བཀག་པ་དང་། རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པ་དང་ཡང་གནད་གཅིག་པར་མངོན་ནོ། །གཉིས་པ་ནི། ས་བརྒྱད་པ་བ་ཆོས་ཅན། ཁྱོད་ལ་ཉོན་མོངས་པའི་དྲི་མ་དེ་དག་རྩ་བ་ས་བོན་དང་བཅས་པ་ཉེ་བར་ཞི་བར་འགྱུར་ཏེ། ཆགས་པ་མེད་པའི་བློ་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པའི་ཡེ་ཤེས་ནི་སྐྱོན་རྣམས་དག་དང་ལྷན་ཅིག་ཏུ་མི་གནས་པ་འཐོབ་པའི་ཕྱིར། དེ་ཆོས་ཅན། ཉོན་མོངས་ཟད་ཅིང་ས་གསུམ་གྱི་བླ་མར་གྱུར་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་བསྒྲིམ་པར་བྱ་སྟེ། ད་དུང་སངས་རྒྱས་རྣམས་ཀྱི་ནི་འབྱོར་པ་མཁའ་ལྟར་མཐའ་དང་བྲལ་བ་མ་ལུས་པ་འཐོབ་པར་
ནུས་པ་མ་ཡིན་པས། དེའི་ཕྱིར་བརྩོན་དགོས་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ལས་ཉོན་གྱི་དབང་གིས་འཁོར་བ་འགགས་ཀྱང་ཚོགས་རྫོགས་པར་བྱེད་པ་མི་འགལ་ཏེ། དབང་བཅུ་པོ་རྣམས་ཐོབ་པར་འགྱུར་ཞིང་དབང་བཅུ་པོ་དེ་དག་གིས་སྲིད་པའི་འགྲོ་བར་རང་གི་བདག་ཉིད་ཀྱིས་ལུས་སྣ་ཚོགས་སྟོན་པར་བྱེད་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་བརྒྱད་པ་བཤད་དེ། དེའི་ཡོན་ཏན་གྱི་སྒོ་ནས་བསྟན་པའི་ཕྱིར། སྨྲས་པ། མི་མཐུན་ཉེས་པའི་དཔུང་ཚོགས་ཀྱི། །མ་ལུས་མཐུ་ཡིས་བསྐྱོད་མིན་པའི། །མི་གཡོའི་ས་ནི་བཤད་པ་ན། །མུ་མཐའ་བྲལ་བའི་བློ་གྲོས་འཕེལ། །འཇུག་པ་གསལ་བྱེད་ཐེག་ཆེན་རྒྱ་མཚོའི་གྲུ་རྫིངས་ལས། སེམས་བསྐྱེད་བརྒྱད་པ་བཤད་ཟིན་ཏོ། །


previousས་བརྒྱད་པ་མི་གཡོ་བ་བཤད་པ།next