གོ་སྒྲུབ་བཤད་པ།
གོ་སྒྲུབ་བཤད་པ། གཉིས་པ་སོ་སོའི་རང་བཞིན་ལ། བསམ་པ་རྒྱ་ཆེ་བ་གོ་སྒྲུབ། སྦྱོར་བ་རྒྱ་ཆེ་བ་འཇུག་སྒྲུབ། ཚོགས་གཉིས་རྒྱ་ཆེ་བའི་ཚོགས་སྒྲུབ། རྣམ་མཁྱེན་དུ་གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒྲུབ་པ་དེ་རྣམས་ཀྱི་ནང་ནས། གོ་ཆའི་སྒྲུབ་པ་གསུངས་
པའི་ཚུལ་ཡོད་དེ། དེ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་བྱས་པར། དེ་དག་སོ་སོར་སོགས་ཀྱིས་འཆད་པའི་ཕྱིར། གཉིས་པ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་ཆོས་ཅན། ཁྱོད་འཆད་ཚུལ་ཡོད་དེ། དྲུག་ཚན་དྲུག་གིས་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། དེར་དབྱེ་རུང་སྟེ། གོ་ཆའི་སྒྲུབ་པ་དྲུག་པོ་དེ་དག་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་དྲུག་ཏུ་བསྡུས་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །སྦྱིན་སོགས་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བསམ་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སེམས་དཔའི་རྣལ་འབྱོར་གོ་སྒྲུབ་ཀྱི་མཚན་ཉིད་ཟེར་ན། སྦྱིན་སོགས་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སེམས་དཔའི་རྣལ་འབྱོར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག །ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་བསྡུས་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་གོ་སྒྲུབ་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཕར་ཕྱིན་དྲུག་དངོས་སུ་ཡུལ་དུ་བྱེད་པའི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། རང་ལུགས་ནི། སྦྱིན་སོགས་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པར་འདོད་པའི་བསམ་པའི་བྱ་བ་རྒྱ་ཆེན་པོས་ཟིན་པའི་སེམས་དཔའི་རྣལ་འབྱོར་གོ་སྒྲུབ་ཀྱི་མཚན་ཉིད། གསུམ་པ་ལ། དབྱེ་བ་དང་། དོན་བསྡུ་བའོ། །དང་པོ་ལ། སྦྱིན་པ་ལ་སྦྱར་བ་དང་། གཞན་ལ་ཡང་དེ་ལྟར་སྦྱར་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གོ་སྒྲུབ་སྦྱིན་པའི་ཕར་ཕྱིན་ལ་སྦྱར་ནས་འཆད་ཚུལ་ཡོད་དེ། ཆོས་ཀྱི་སྦྱིན་པ་དང་།
མི་འཇིགས་པ་དང་ཟང་ཟིང་གི་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པའི་གཏོང་བའི་སེམས་དཔའ་ནི་སྦྱིན་པའི་ངོ་བོ་ཡིན་ལ། དེའི་ཚེ་ན་རང་ཉིད་འབའ་ཞིག་གི་ཆེད་དུ་ཐར་པ་དོན་དུ་གཉེར་བའི་ཉན་ཐོས་ཀྱི་བྱང་ཆུབ་ཡིད་ལ་བྱེད་པ་ལ་སོགས་པ་སྤོང་བའི་སེམས་པ་ཚུལ་ཁྲིམས་དང་། སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་ལ་བཟོད་པ་སོགས་བཟོད་པ་གསུམ་དང་། ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་དོན་གཉེར་གྱི་འདུན་པ་སྐྱེད་པའི་བརྩོན་འགྲུས་དང་། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ཀྱིས་དགེ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་བསམ་གཏན་རྣམས་གོ་རིམ་བཞིན་དུ། སྦྱིན་པར་བྱ་བ་ལ་སོགས་པར་འཁོར་གསུམ་བདེན་པར་མི་དམིགས་པའི་ཤེས་རབ་ཀྱི་གོ་ཆ་ཉིད་ཀྱིས་ཁྱབ་པར་བྱེད་པའི་སྒོ་ནས་སྦྱིན་པ་ཉམས་སུ་ལེན་པ་ནི་དེའི་གོ་ཆ་ཡིན་པའི་ཕྱིར། དེ་བཞིན་དུ་གཞན་ལྔ་ལ་ཡང་སྦྱར་བར་བྱ་སྟེ། ཕྱིན་དྲུག་གི་སྒོ་ནས་ཚུལ་ཁྲིམས་སྲུང་། བཟོད་པ་རྫོགས། བརྩོན་འགྲུས་རྩོམ། བསམ་གཏན་སྒྲུབ། ཤེས་རབ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་དོན་བསྡུ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ལྡོག་པས་ཕྱེ་ན། དྲུག་ཚན་དྲུག་གི་གོ་ཆ་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རེ་རེའི་ནང་དུ་སོ་སོར་སྦྱིན་པ་ལ་སོགས་པ་དྲུག་དྲུག་བསྡུས་པས་ན་དེ་ལྟར་འབྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། ལྡོག་པས་དབྱེ་བ་དེ་ལྟར་ཡིན་མོད་ཀྱི། དེ་དག་བསྡུ་ན་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་ཏུ་འདུ་བ་ཡིན་ཏེ། སྦྱིན་པའི་གོ་སྒྲུབ་ཏུ་འདུས་པའི་སྦྱིན་པ་ལ་སོགས་པ་དྲུག་སྦྱིན་པའི་གོ་ཆར་ཆོས་མཐུན་པའི་ཕྱིར། བམ་པོ་གཉིས་པ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འདི་ཡན་དུ་བམ་པོ་དང་པོ་རྫོགས་པས། འདི་ནས་གཉིས་པའི་འགོ་རྩོམ་པའི་དོན་ཡིན་པའི་ཕྱིར།