ལྡང་ཚད།
(5)ལྡང་ཚད་ནི། ཕུལ་དྲུག་གིས་བྲེ་གང་དུ་ལོངས་པའི་ལྡང་ཚད་ལྟར་རོ། །རྒྱུད་ཆེན་པོ་གཅིག་ལ་བྱང་ཆུབ་བསྒྲུབ་པའི་གནས་ཐམས་ཅད་དང་པོ་ནས་ཐ་མའི་བར་ཚང་བར་སྟོན་པ་ཡིན་ལ། དུམ་བུ་བསྟན་ན་བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་བས་རྒྱུད་ཆེན་པོར་མི་བཞག་གོ །དེ་ལ་དོན་གྱི་རྒྱུད་ཆོས་ཐམས་ཅད་ཚང་བས་རྒྱུད་ཆེན་པོའོ། །ཚིག་གི་རྒྱུད་ལ་སྤྱིར་གསང་སྔགས་ཕྱི་ནང་གི་བསྐྱེད་རྫོགས་ཀྱི་གནས་དབང་གདམས་པ་གྲོགས་གསུམ་ཆ་ཤས་ཚང་བར་སྟོན་པ་ན་རྩ་རྒྱུད། དེའི་འཕྲོས་ཀྱི་ཡན་ལག་རེ་རེ་སྟོན་པའམ་ཁ་ཡར་སྟོན་ན་ཡན་ལག་གི་རྒྱུད་དམ་
འཕྲོས་པ་ཆ་མཐུན་གྱི་རྒྱུད་ཡིན་ལ། ཁྱད་པར་དུ་རྫོགས་རིམ་ལ། རྩ་རླུང་ཐིག་ལེས་ཉམས་སུ་མྱོང་བྱ་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆུང་ངུ་། རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆེན་པོའི་རྒྱུད་དོ། འདི་ལའང་རྩ་བའི་རྒྱུད་ཐམས་ཅད་ཚང་བ་དང་། ཡན་ལག་གི་རྒྱུད་ཆ་རེ་སྟོན་པ་གཉིས་སུ་ཡོད་དོ། །སྤྱིར་བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་གཉིས་སུ་ཡོད་དེ། ཚིག་བརླིང་ཞིང་རྟོགས་པར་དཀའ་ལ་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ནས་གོ་དཀའ་བར་བཤད་རྒྱུད་ཅེས་བྱ་སྟེ། གསང་སྔགས་ཐུན་མོང་གི་རྒྱུད་ཕལ་ཆེ་བ་བཞིན་ནོ། །ཚུལ་བཞི་ནི་དྲང་དོན། ངེས་དོན། དགོངས་པ། ལྡེམ་དགོངས་བཞི། མཐའ་དྲུག་ནི། དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་སོ། །དྲང་དོན་ནི། ཁ་དྲང་བའི་ཕྱིར་བློ་དང་མཐུན་པར་སྟོན་པ་སྟེ། ཚོང་ལ་དྲང་བའི་ཕྱིར་ཁབ་ཀྱིས་རྟ་ཁུག་ཅེས་པ་དང་ལྟ་བུ་དང་། ངེས་དོན་ནི། ཡེ་ནས་འོད་གསལ་བའི་དོན་བསྟན་པ་སྟེ། ཡུམ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་ལྟ་བུའོ། །དགོངས་པ་ནི། དགོངས་གཞི་གཙོ་བོར་སྟོན་པ་དེ། མཚོན་རྣོན་པོ་ལ་འདིས་རེག་པ་ཙམ་གྱིས་ཆོག་ཅེས་མྱུར་དུ་ཆོད་པ་ལ་དགོངས་ཏེ། ཕུང་པོ་ལྔ་རིགས་ལྔར་བརྗོད་པ་ལ་སོགས་པ་དག་བྱ་དང་གདངས་སུ་ཤར་བ་ལྟ་བུའོ། །ལྡེམ་དགོངས་ནི། དགོས་
ཆེད་གཙོ་བོར་བསྟན་པ་སྟེ། གཞན་བཞག་པའི་ཕྱིར་འབད་དགོས་ཀྱང་ལེ་ལོ་ཅན་དུས་དེར་འཇུག་པའི་ཆེད་དུ་འབད་མི་དགོས་པ་དེ་བཞིན་གཤེགས་པའི་མཚན་ལན་ཅིག་བརྗོད་པས་སངས་རྒྱས་ཞེས་པའམ། བརྙས་པ་སྤང་བའི་ཕྱིར། ང་དེའི་ཚེ། དེ་བཞིན་གཤེགས་པ་རྣམ་གཟིགས་སུ་གྱུར་ཏོ། །ཞེས་དངོས་སུ་མ་ཡིན་ཡང་དུས་སུ་འདོམས་ལ་དགོས་ཆེད་དུ་གསུངས་པ་རྣམས་སོ། །སྒྲ་ཇི་བཞིན་པ། སྡིག་པ་སྤོངས་ཤིག་ཞེས་པའམ། ལྷའི་སྐུ་མདོག་ཕྱག་མཚན་བསྟན་པ་ལྟ་བུའོ། །སྒྲ་ཇི་བཞིན་མ་ཡིན་པ། སྦས་པ་སྟེ། ཕ་དང་མ་ནི་གསད་པར་བྱ། །ཞེས་པའམ། ཉི་ཟླ་ཟ་བའི་དབང་བྱིན་ནས། །ཞེས་པ་ལྟ་བུའོ། དེ་ལ་འདིར་རྫོགས་པ་ཆེན་པོའི་རྒྱུད་རྣམས་ནི། གོ་སླ་བ་དོན་མི་འཛོལ་བ། ངེས་པའི་དོན་འབའ་ཞིག་ཏུ་བསྟན་པས། མན་ངག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ་མཐའ་དྲུག་ཚུལ་བཞིར་སྟོན་པའི་ཚུལ་ལས་འཕགས་པར་བསྟན་པའོ། །དེ་ལྟར་བསྟན་པའི་རྒྱུད་ལས་བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་ལ་དེའི་དབང་དཀྱིལ་འཁོར་ལ་སོགས་པ་དང་། རྫོགས་པ་ཆེན་པོ་ལ་དེའི་དཀྱིལ་འཁོར་བརྡ་དབང་མཚོན་པའི་ཕྱག་རྒྱ་ལ་སོགས་བཅུར་བཤད་དོ། །བཤད་རྒྱུད་ལས། རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བསྟན། །དཀྱིལ་འཁོར་ཕྲིན་ལས་གཉིས་སུ་བཤད། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བསྟན། །བསྙེན་པ་སྒྲུབ་པ་གཉིས་སུ་བཤད། །ཅེས་སོ། །