Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
 
  
  
  
རྩོམ་པས་ཐུབ་བསྟན་གསལ་བ་དང་གནས་སྐབས་ཀུན་ཏུ་ཐུགས་ཀྱི་སྤང་བ་ཕུན་སུམ་ཚོགས་པ།
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousརྩོམ་པས་ཐུབ་བསྟན་གསལ་བ་དང་གནས་སྐབས་ཀུན་ཏུ་ཐུགས་ཀྱི་སྤང་བ་ཕུན་སུམ་ཚོགས་པ།next

རྩོམ་པས་ཐུབ་བསྟན་གསལ་བ་དང་གནས་སྐབས་ཀུན་ཏུ་ཐུགས་ཀྱི་སྤང་བ་ཕུན་སུམ་ཚོགས་པ།


GTN006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་རྒྱན་དམ་པ་ལྷ་ཆོས་ལས་བརྩམས་པ་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བ་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་གསལ་བར་མཛད་པ།


GTN006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཐོག་མའི་ངེས་པ་ལ་འཆད་པས་གཞན་རྗེས་སུ་བཟུང་བའི་ཚུལ་དང་། རྩོམ་པས་ཐུབ་བསྟན་གསལ་བར་མཛད་པའི་ཚུལ་གཉིས་ཀྱི། དང་པོ་ནི། ཤེས་བྱ་ཕྱི་ནང་གི་རིག་པའི་གནས་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་གདམས་ཁྲིད་སོགས་ཀྱིས། སྐལ་བ་དང་ལྡན་པའི་སློབ་མ། ཉི་མ་དང་། ཟླ་བ། རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་དག་རྗེས་སུ་བཟུང་བས་རྒྱལ་བསྟན་གླིང་བཞི་མཛེས་པའི་རྒྱན་དུ་མངོན་པར་སྣང་བ་ནི། སྒྲ་ཀཱ་ཙན་པཱ་ཎི། དབྱངས་ཅན། སྙན་ངག་ལེའུ་གསུམ། སྡེབ་སྦྱོར། རྩིས་དཀར་ནག་སོགས་དང་། སྡོམ་གསུམ་དང་། དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་རྣམ་བཤད། བཀའ་གཏེར་གྱི་དབང་ལུང་གདམས་ཁྲིད་བཅས་བསྩལ་ཏེ། ཡོངས་རྫོགས་བསྟན་པའི་རྒྱལ་མཚན་དུ་མངའ་གསོལ་བ་ལ་སྲས་ཀྱི་ཐུ་བོ་མཆོག་ནི། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་སྨྲ་བའི་སེངྒེ་རྒྱལ་པོའི་ཚུལ་གྱིས་གངས་ཅན་ན་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་བའི་བྱེད་པོ་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ངུར་སྨྲིག་རྡོ་རྗེ་འཆང་བའི་རྣམ་པར་བཞེངས་པ། ཆེས་སྙིགས་མའི་དུས་འདིར་རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། རིས་མེད་པའི་བསྟན་འཛིན་ཀུན་གྱི་གཙུག་གིས་ཞབས་སེན་པདྨའི་ཕྲེང་བ་བཀུར་བས་བྲེལ་བ་ཆུ་བོའི་རྒྱུན་བཞིན་བསྟེན་པ། མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་ལ་སོགས་པ་སྤྲུལ་པའི་གཏེར་སྟོན་དུ་མའི་ཟློས་གར། རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ་བཀའ་བབ་རིན་ཆེན་བདུན་གྱི་བདག་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་རྡོ་རྗེ་གཟི་བརྗིད་རྩལ་དང་། འཇམ་དབྱངས་


GTN006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སོགས་སུ་འབོད་པའི་མཚན་སྙན་གྱི་རྣ་ཆ་ཕྱོགས་ཀྱི་ལང་ཚོ་མའི་ཐོས་འཛིན་གྱི་རྒྱན་དུ་ཅིར་ཡང་མཛེས་པ་དང་། སྟོན་པའི་ཉེ་གནས་ཀུན་དགའ་བོ་དང་། རྒྱལ་པོ་ཛཿ སོགས་ཀྱི་རྣམ་འཕྲུལ། གངས་ཅན་ཐུབ་བསྟན་གསར་དུ་འདྲེན་པའི་ལོ་ཙཱ་བ་ཀུན་གྱི་མཆོག་པ་གོར་བཻ་རོ་ཙཱ་ན་ཉིད། སླར་ཡང་སྙིང་བསྟན་སྤེལ་བའི་སླད་དུ་མི་ཡི་སྲིད་པ་བསམ་བཞིན་བཟུང་བ། མཁས་པར་གྲགས་པའི་དབྱར་གྱི་རྔས་སྲིད་པ་གསུམ་གྱི་མདོངས་མཐའ་ལྡན་པའི་མངལ་ཁུར་ལྕི་བར་བྱེད་ནུས་པ། ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ལ་སོགས་པ་མཛོད་ཆེན་ལྔའི་བདག་པོ་༧རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་སམ། པདྨའི་ལུང་ཐོབ་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པའམ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ལམ། བློ་གྲོས་མཐའ་ཡས་པའི་སྡེ་སོགས་མཚན་ཉི་ཟླ་ལྟར་གྲགས་པ། སྔ་འགྱུར་བཀའ་གཏེར་ལ་རིག་འཛིན་གཏེར་བདག་གླིང་པ་དང་། ཀརྨ་ཀཾ་ཚང་གི་བསྟན་པ་ལ་རྒྱལ་བ་རང་བྱུང་བ་ཉིད་ཀྱི་རྣམ་ཐར་དང་ཐ་མི་དད་པ་ཉིད་དང་། འཕགས་ཡུལ་མཁས་པ་ཀུན་གྱི་གཙུག་རྒྱན། རྒྱལ་སྲས་ཞི་བ་ལྷའི་རྣམ་འཕྲུལ། ལུང་དང་རིགས་པ་སྨྲ་བ་ལ་མཁས་མཆོག་དབྱིག་གཉེན་དང་སྤོབས་པ་མཚུངས་པ། བླ་མ་ཨ་ཝ་དྷུ་ཏི་བ་དཔལ་དགེ་མཆོག་སྤྲུལ་༧ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་བཅས། འདི་གསུམ་ནི་སངས་རྒྱས་ཀྱི་བསྟན་པ་ལུང་གི་


GTN006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་དུས་བྱོན་པའི་ཁྱད་མ་གཏོགས། འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་རྣམས་དང་ཁྱད་པར་ཅུང་ཟད་ཙམ་ཡང་དམིགས་སུ་མེད་པ་ཡིན། གཞན་ཡང་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་དགེ་བའི་བཤེས་གཉེན་ལུང་རིགས་སྨྲ་བའི་ཉི་མ་གཙང་མདའ་མཆོག་སྤྲུལ་དང་། དབོན་སྐུ་མཆེད། གནས་ལྔ་རིག་པའི་པཎྜི་ཏ་རང་དགོན་གྱི་མཁས་དབང་བླ་མ་པདྨ་སྐལ་བཟང་། ལྷོ་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་དང་། ལྷོ་སེང་ཚ་བླ་མ་དོན་གྲུབ་བཀྲ་ཤིས། སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེའི་མདུན་ནས་ཆེད་དུ་བཏང་བའི་དྲུང་ཡིག་ཉི་མ་དང་། ཤེས་རབ་གཉིས། འདི་རྣམས་ཀྱང་། ཆབ་མདོ། ནང་ཆེན། བྲག་གཡབ་ཚུན་ལ་མཁས་པའི་སྙན་གྲགས་ཆེ་ཞིང་། སློབ་ཚོགས་ཀྱང་མང་དུ་འཕེལ་བས་བསྟན་ལ་ཆོས་མཐུན་གྱི་མཛད་པ་གཞན་འགྲན་དང་བྲལ་བ་མངའ་ཞིང་། ཁྱད་པར་སེང་ཚ་བླ་མ་དོན་གྲུབ་བཀྲ་ཤིས་ཀྱིས། སྐྱབས་གཅིག་འཁོར་ལོའི་མགོན་པོ། ཞབས་དྲུང་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ཚབ་མཛད་དེ། ཞེ་རྫོགས་ཀྱི་བརྒྱུད་པ་ཅན་གྱི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་རྫོང་སར་བཀྲ་ཤིས་ལྷ་རྩེར་གནང་བ་དང་། སྐུ་ཚེའི་གཤམ་དུ་སྒྲུབ་གནས་པདྨ་འོད་གླིང་དུ་སྒྲུབ་པའི་རྒྱལ་མཚན་བཙུགས། གཞན་སྒྲ་གཞུང་། དབྱངས་ཅན་མ་དང་། ཀ་ལཱ་པ་གཉིས་གང་ཡིན་རེ་དང་། ཟློས་གར་མ་གཏོགས་པའི་རིག་གནས་ཆུང་བ་ལྔ། ཡིག་རིགས། སྡོམ་གསུམ་དང་། རྒྱུད་ཀྱི་བཤད་པ། སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་གདམས་ཁྲིད་ཕྲིན་ལས་རྣམས་ཀྱི་ཕྱག་བཞེས་


GTN006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མཐའ་རྒྱས་སུ་བསྩལ་བ་དང་། འཇུ་ཉུང་དབོན་བླ་འཇིགས་མེད་རྡོ་རྗེ། ཕུག་ཁང་དགེ་རྩེ་བླ་མ་འགྱུར་མེད་དོན་འགྲུབ། འགྱུར་མེད་སྟོབས་རྒྱལ། དེའི་སྐུ་ཚ་བླ་མ་དམ་པ་པདྨ་རྒྱལ་མཚན། ཕུག་ཁང་དབོན་བླ་མ་ལེགས་བཟང་སོགས་དང་། ཀཿ ཐོག་ཉིན་དགོན་སྤྲུལ་པའི་སྐུ། མདོ་ཤུལ་བླ་མ་ངག་དབང་རྒྱ་མཚོ། གོར་ཙ་བླ་མ་ཨོ་རྒྱན་བསམ་གྲུབ། ཀཿ ཐོག་སི་ཏུ་མཆོག་སྤྲུལ། རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱ་མཚོ། རྒྱལ་ཚབ་རིན་པོ་ཆེ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ། ནང་ཆེན་དཔོན་བླ། མཁས་དང་གྲུབ་པའི་གཙུག་རྒྱན་ཟུར་མཁར་སྤྲུལ་པའི་སྐུ། རང་དགོན་གྱི་ཉེ་བར་གནས་པ་བླ་མ་དོན་གྲུབ་དཔལ་འབྱོར། བླ་མ་ཨོ་རྒྱན་ཆོས་གྲགས་སོགས་དང་། ནང་དོན་རིག་པ་གཙོར་སྟོན་གྱི། རྒྱལ་བཀའ་རིན་པོ་ཆེའི་གཙོས་དབང་ལུང་གདམས་ཁྲིད་རྒྱ་མཚོས་རྗེས་སུ་བཟུང་བ། རང་དགོན་ནས་རབ་འབྱམས་མཆོག་གི་སྤྲུལ་སྐུ་བཞི་པ་གར་དབང་ཆོས་ཀྱིི་རྒྱལ་མཚན། རྒྱལ་ཚབ་རིན་པོ་ཆེ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ། གཞན་ཕྱོགས་ཉེའི་བསྟན་འཛིན་ཆེན་པོ། ལྷོ་ཁམས་སྤྲུལ་རིན་པོ་ཆེ་ལྔ་པ་བསྒྲུབ་བརྒྱུད་ཉི་མ། རི་བོ་དགེ་ལྡན་པའི་བསྟན་པའི་གསལ་བྱེད་ཧོར་དགོན་སྡེ་བཅུ་གསུམ་གྱི་བདག་པོ་ཆོས་རྗེ་སྤྲུལ་པའི་སྐུ་བློ་བཟང་མཐུ་སྟོབས། དཀའ་བཅུ་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་བྲག་གཡབ་ནོ་མི་ཧན་ཆེན་པོ། དཔལ་ལྡན་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པའི་རྩེར་སོན་པ་དགེ་མང་བླ་མ་སྨོན་ལམ་དར་རྒྱས། ཝ་ཤུལ་བླ་མ་སངས་རྒྱས་བཟང་པོ། ཕུག་ཁང་དབོན་པོ་སྙིང་པོའི་དོན་རྟོགས། བླ་མ་འགྱུར་མེད་སྙིང་པོ།


GTN006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རང་དགོན་གྱི་རྡོར་འཛིན་བླ་མ་འགྱུར་མེད་རང་གྲོལ། བླ་མ་དམ་པ་དྷརྨ་ཙཱཀྲ་སོགས་དང་། མཛེས་ཆུང་ངུ་དགོན་བཀྲ་ཤིས་ཆོས་གླིང་གི་སྤྲུལ་སྐུ་རྣམ་གཉིས་སོགས། གཞན་ཡང་རིག་གནས་སྣ་རེ་གཉིས་ཙམ་དང་། དབང་ལུང་གདམས་ཁྲིད་ཟླ་ཆོས་ཞག་བདུན་མ་སོགས་ཀྱི་ཆོས་གྲལ་དུ་ཡོད་པ་ནི། ཁམས་དབུས་ཀུན་ཏུ་མང་དུ་བྱོན་པ་ནི་སྨོས་ཀྱིས་མི་ལང་ངོ་། ཐ་ན་བློ་གྲོས་དམན་ཞིང་བརྩོན་པ་ཞན་པ་ཁོ་བོས་ཀྱང་རྗེ་བླ་མ་འདི་ཉིད་ཀྱི་ཞབས་པད་བསྙེན་ཅིང་རིག་གནས་རྣམས་སྦྱོང་ཁུལ་བྱས་པས་བླུན་པོ་དུད་འགྲོ་འགྲེང་སྟེ་འགྲོ་བའི་ཁྱུར་སྡོད་མི་དགོས་པ་ཙམ་བྱུང་བ་ཡིན། གཞན་ཡང་སྐྱབས་མགོན་རྡོ་རྗེ་འཆང་འདི་ཉིད་བླ་མར་བསྟེན་ཏེ་ཕྱི་ནང་གི་རིག་གནས་ལ་ཐོས་བསམ་བགྱིས་ཚད་ཀུན་རང་གི་བློ་གྲོས་དང་འཚམ་པའི་སྦྱངས་པའི་ལག་རྗེས་ཡོན་ཏན་ཁྱད་པར་ཅན་རེ་མངོན་དུ་མ་གྱུར་པ་ནི་སུ་ཡང་མེད་པ། མགོན་པོ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱི་ཉེ་བརྒྱུད་ལྷག་པར་ཆགས་པ་དང་། ཁྱད་པར་དུ་གཞན་ཕན་ལྷག་བསམ་སྟོན་ཟླ་ལྟར་དཀར་བའི་རང་འབྲས་ཡུལ་ལ་སྨིན་པ་སོམ་ཉི་བྲལ་བའི་གནས་ཡིན་ཏེ། འགའ་ཞིག་བླ་སློབ་གཉིས་ཀས་སྦྱང་བརྩོན་ནན་དུ་བྱས་ཀྱང་། དུས་དབང་གིས་ཐོག་མར་ཅུང་ཟད་རེ་ཤེས་ཀྱང་ཇི་ཞིག་ནས་གང་ཡང་མི་ཤེས་པ་ཆང་གི་ར་རོ་དངས་བ་ལྟར་འགྲོ་བ་དང་མི་འདྲ་བར། ཆེ་ཐོབ་ཆེ་འཚེངས། ཆུང་ཐོབ་ཆུང་འཚེངས། འབྲེལ་ཚད་དོན་ལྡན་དུ་གྱུར་པ། དེང་སང་ཡོད་པའི་སྐྱེ་བོ་མཆོག་དམན་ཕོ་མོ་ཐམས་ཅད་ལ་མངོན་སུམ་


GTN006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གྲུབ་པ་དེ་ལྟར་ཡིན་ནོ། །ལར་ད་ལན་བླ་མའི་ཡོན་ཏན་བརྗོད་པའི་སྐབས་འདིར། སློབ་མའི་རྣམ་གྲངས་དང་ཆེ་བ་སྨོས་པ་ནི་སྐབས་སུ་མ་བབ་པའི་གཏམ་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འཁོར་གྱི་བཀོད་པ་དང་ཡོན་ཏན། རྒྱན་སྤྲོས་ཕུན་སུམ་ཚོགས་པ་ནི། གཙོ་བོའི་ཆེ་བ་དབྱུང་བ་དང་མཛེས་པ་ཕུལ་དུ་བྱུང་བ་ཡིན་པ་དང་། མ་ཟད་བསྟན་པ་སྤྱིའི་འགྲོ་ལུགས་ལའང་། སློབ་མ་ཚོགས་ལམ་པས་བླ་མ་སྦྱོར་ལམ་པ་བསྟེན་དགོས་པ་དང་། དེ་བཞིན་དུ་སྦྱོར་ལམ་པས་མཐོང་ལམ་པ། མཐོང་ལམ་པས་སྒོམ་ལམ་པ། སྒོམ་ལམ་པས་མི་སློབ་པའི་ལམ་པ་བསྟེན་དགོས་པ་ལས། སློབ་མ་བས་བླ་མ་ལུང་རྟོགས་དམའ་བ་དང་། ན་མཉམ་པ་ལ་བརྟེན་པས་བརྟེན་བྱས་རྟེན་བྱེད་གོང་ནས་གོང་དུ་བོག་དབྱུང་མི་ནུས་པས་ཟོལ་གྱིས་བསྟོད་པ་ཆེན་པོར་སོང་བར་གྱུར་པ་དང་། པཎྜི་ཏ་དབྱུག་པ་ཅན་གྱི་བཞེད་པ། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ལའང་བསྔགས་བྱས་ནས། །དེ་ལས་རྒྱལ་ཕྱིར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས། །ཞེས་པའི་ལུང་དོན་དང་ཡང་ཚར་གཅོད་དང་རྗེས་འཛིན་གྱི་ལས་ཀྱི་དབྱེ་བ་ཙམ་ལས་དོན་འདྲ་བ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། བླ་མ་བཟང་པོའི་མཚན་ཉིད་གང་ཞེ་ན། །སློབ་མ་མང་ཐོན་ཉམས་རྟོགས་ལྡན་པ་ཡིན། །ཞེས་དང་། གྲུབ་པའི་དབང་ཕྱུག་ཀརྨ་ཆགས་མེད་ཀྱིས། བླ་མ་ལྟ་བ་དང་དགོངས་པ་ཨེ་མཐོ་སློབ་མ་ལ་བརྟགས་ན་ཤེས་པ་ཡིན་གསུངས་པ་དང་། ཞྭ་དམར་ཅོད་པཎ་འཆང་བ་


GTN006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཡན་ལག་གིས། ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ་ལ་གསུངས་པ། གངས་རའི་རྡོ་རྗེའི་གླིང་དུ་མཛད་པའི་བཅད་ལྷུག་སྤེལ་མའི་གླུ་ལས། སློབ་མ་བཟང་མིང་ཐོན་པ་དེ། །བླ་མའི་ཡོན་ཏན་གཙོ་བོ་ཞེས། །མཁས་གྲུབ་རྣམས་ལ་གྲགས་གྱུར་ན། །དེ་ནི་ཁྱོད་ལ་ལྡན་མཐོང་ངམ། །ཞེས་དང་། རང་ལ་འཁོར་བའི་བུ་སློབ་འཁོར། །མཁས་བཙུན་བཟང་པོར་བསྐྱེད་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་ནུས་པ། །ཀྱེ་མ་ཤིན་ཏུ་དཀོན་པ་བྱུང་། །འདི་ལྟ་བུ་འབྱུང་བའི་རྒྱུ་ནི་ཅི་ཞིག་ཡིན་ཞེ་ན། ཕ་རོལ་གཞན་གྱི་སྐྱོན་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། ཕྲུ་བར་མེད་བའི་གཟར་བུ་བཞིན། །རང་རྒྱུད་ཡོན་ཏན་མེད་པས་ན། །གཞན་ལ་དེ་ལྟར་མི་འབྱུང་བ། །གཙོ་བོའི་རྒྱུ་ནི་དེ་ཉིད་ཡིན། །གཅིག་ཏུ་རང་རྒྱུད་ལ་བསླབ་ཤེས་ཀྱི་ཡོན་ཏན་སྨིན་པ་མེད་པ་དང་། གཉིས་སུ་གང་ཤེས་པའི་ཆོས་དེ་ཡང་ཟླ་གཅིག་སྦྲེལ་བའི་འཆད་ཉན་མི་ནུས་པ་དང་། གསུམ་དུ་གོ་ས་མཐོན་པོར་བཏགས་ནས་གཉོམ་ཆུང་ཤེས་ལྡན་ལ་དྲི་རྨེད་བྱེད་པ་ལྟ་ག་ལ་ཞིག །གམ་དུ་འོང་བ་ཡང་མེད་ཅིང་ཞུ་མི་ནུས་ཟེར་ནས་སྤ་བཀོང་སྟེ་གནས་དགོས་པ་དང་། བཞི་པ་ནི་དེ་ཚོ་ཐམས་ཅད་འོང་བའི་རྩ་བ་འུར་སྒྲོག་རྣམ་གཡེང་གི་འཁོར་ལོ་བསྐོར་བ་སྟེ་སྐྱོན་རྩ་རང་རྐྱེན་བཞི་པོ་འདི་ལ་འདུས་འདུག་གོ །ཞེས་གསུངས་ནས་བླ་མའི་མཛད་པའི་མཆོག་བསྟན་པ་ལ་ཕན་པའི་སློབ་མ་འོང་བ་ལ་གནད་གལ་ཤིན་ཏུ་ཆེ་བའི་གསུང་གཟུ་བོར་གནས་པ་ཡང་ཡང་གནང་བའི་དོན་ཐམས་ཅད་ལྡོག་ཕྱོགས་ནས་རྗེ་བླ་མ་ཕྱོགས་ལས་རྣམ་པར་རྒྱལ་བ་འདི་ལ་ཚང་བ་དང་། འཇིག་རྟེན་གྲགས་


GTN006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་འབྲང་ནའང་། རྒན་པོ་རྣམས་ཀྱི་ངག་ལས། བླ་མ་ཅི་བཟང་སློབ་མས་ཤེས། །མཉེད་པ་ཅི་བཟང་པགས་པས་ཤེས། །ཞེས་ཟེར་བ་ལྟར་སློབ་མ་ལ། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་དང་། མཁྱེན་བརྩེ་ནུས་གསུམ་ཅན་བྱུང་བ་ནི། བླ་མ་དེ་དེ་དག་ལས་ལྷག་པའི་ཡོན་ཏན་རྒྱ་མཚོའི་མངའ་བདག་ཡིན་པ་སོམ་ཉི་མེད་པར་གོ་ནུས་པ་སྟེ། དུ་བའི་རྟགས་ལས་མེ་ཡོད་པར་ཤེས་པ་བཞིན་འབྲས་བུའི་རྟགས་འཁྲུལ་བ་མེད་པ་ཡིན་ནོ། །གཉིས་པ་རྩོམ་པས་ཐུབ་བསྟན་གསལ་བར་མཛད་པའི་ཚུལ་ནི། སྙན་ངག་ལེའུ་གསུམ་གའི་དཔེར་བརྗོད་དཎྜིའི་དགོངས་པ་ཇི་བཞིན་གསལ་བར་མཛད་པ་དང་། མཎྜལ་རྣམ་བཤད་རྒྱས་པ། བདག་ཅག་གི་སྟོན་པའི་སྐྱེས་པའི་རབས་རྒྱས་འབྲིང་བསྡུས་གསུམ་ས་སྐྱོང་ཆེན་པོའི་ངོར་མཛད་པ། ཆབ་ཤོག་གོ་དོན་སློབ་མ་རྣམས་ལ་མིང་བཏགས་བསྟོད་ཚོགས་སྐོར་སྣ་ཚོགས་པོ་ཏིར་ལོངས་པ། ཐེག་པ་མཐའ་དག་གི་ལམ་རིམ་ལེགས་བཤད་སྦྲང་ཆུང་རྩི་བཅུད་ཅེས་པ། ཐིག་ལེ་སྟོང་གསལ་ཆེན་པོའི་རྒྱུད་ཀྱི་ལུང་དོན་གསལ་བྱེད། སྡེབ་སྦྱོར་འགྲེལ་བ། དྲིས་ལན། སྒྲ་སྐོར་ཟིན་བྲིས་ཀ་ལཱ་པ་དང་། ཙནྡྲ་པའི་སུབ་མཐའ་དང་། རིབ་མཐའི་གསལ་བྱེད་ལེ་ཚན། རྣམ་རྒྱལ་མའི་གཟུངས་སོགས་གཟུངས་སྔགས་དུ་མའི་བྱིངས་སྒྲུབ། དམ་པ་ལ་བསྔགས་པའི་ཀུན་བཟང་འཁོར་ལོ། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཕྱིའི་རྣམ་ཐར་པོད། སྨིན་ལུགས་ཀྱི་བསྒྲིགས་ལམ་


GTN006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བར་དངོས་གྲུབ་རོལ་མཚོ་དང་། བླ་མ་གསང་འདུས། འཇམ་དཔལ་དྲེགས་འཇོམས། གུ་རུ་དྲག་དམར། བཀའ་བརྒྱད་སྨན་སྒྲུབ་འགྲེལ་བ་བཅས་ལ། གདངས་དབྱངས་ཀྱི་དཔྱད་ཁྲ་དང་འབྲེལ་བར། བླ་མ། ལས་རྡོར། བྱང་འདྲེན་སོགས་ཀྱིས་མཛད་སྒོ་ཅི་ཡོད་གཅིག་ཤེས་ཀུན་གྲོལ་བལྟས་ཆོག་མ་བློ་གསལ་ཡོངས་ཀྱི་དགའ་སྟོན་གཅིག་ཆར་དུ་སྤེལ་ནུས་པ་རྣམས་དང་། བསམ་གླིང་འོད་ཆོག་གི་རྣམ་འགྲེལ། གཞི་གསུམ་ཆོ་གའི་ཟིན་བྲིས། རྒྱུད་རྒྱལ་གསང་བའི་སྙིང་པོའི་སྤྱི་དོན། ཟབ་དོན་གཅོད་ཀྱི་གདམས་ཁྲིད་གནད་བསྡུས་སོགས། ཚིག་ཉུང་དོན་བསྡུས་ཀྱི་ལེགས་བཤད་མང་དུ་མཛད་པའོ། །གསུམ་པ་ནི་གནས་སྐབས་ཀུན་ཏུ་ཐུགས་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་ནི། ཇི་སྐད་དུ། སློབ་དཔོན་ཆེན་པོས། ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང་། །ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་། །བར་དུ་འོད་གསལ་རང་ངོ་ཤེས་པ་རུ། །དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས། །བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་ལྟར། རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་ཡོད་པ་གཞིར་བཅས་ལ། དམིགས་བསལ་ཐུགས་སྐབས་ནམ་བདེ་ལ་ཟླ་མཚམས། ལོ་མཚམས་ཀྱི་ཁོངས་སུ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ལས་སུ་རུང་བ་མཛད་པས་རྟགས་མཚན་ཅི་རིགས་པ་བྱུང་བ་དང་། ཁྱད་པར་དུ་གྲུབ་བརྒྱུད་རྒྱ་མཚོ་ལྟ་བུའི་བསྟི་གནས་དཔལ་ཀཿ ཐོག་རྡོ་རྗེ་
གདན་དུ་བཞུགས་པའི་ཚེ་བསླབ་སྦྱང་མཛད་བཞིན་པའི་དོན་རྣམས་ཉམས་སུ་ལེན་པ་འགལ་མེད་དུ་མཛད་པས་མཁས་པ་དང་གྲུབ་པའི་ཕྱག་རྗེས་ལྷན་ཅིག་ཏུ་འཇོག་པར་མཛད། སྨིན་གླིང་གྲྭ་ས་ནས་ཕྱིར་བྱོན་མ་ཐག །རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། ཚངས་པར་སྤྱོད་པ་མང་དུ་ཐོས་པ་དང་། །ལེགས་པར་སྒོམ་དང་ནགས་སུ་གནས་པ་དང་། །དགེ་བ་གོམས་རྣམས་འཇིགས་པ་མེད་པ་ཡི། །འཆི་བའི་ཚེ་ན་རབ་དགའ་ཐོབ་པར་འགྱུར། །དགའ་བའི་རྒྱུ་ནི་ནགས་སུ་གནས་པས་འགྲུབ། །དེ་ཕྱིར་ནགས་ཀྱི་ནང་དུ་སྒོམ་དུ་གཤེགས། །ཞེས་གསུངས་པ་ལྟར། རང་དགོན་གྱི་དབེན་རི་སེངྒེ་གནམ་རྫོང་གི་གནས་ནང་། བདེ་ཆེན་པདྨ་འོད་གླིང་གི་ནགས་ཁྲོད་རིག་འཛིན་གྲུབ་པའི་དགའ་ཚལ་དུ་སྐུ་ཚེ་སྔ་མ་རྣམས་ནས་ལྷག་པའི་ལྷར་བསྟེན་པ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཙོས་རྩ་བ་གསུམ་གྱི་ལྷ་དུ་མའི་གྲངས་དུས་མཚན་མའི་བསྙེན་པ་ཅི་རིགས་པ་མཛད་པས། ཕྲིན་ལས་བཞི་གང་བརྩམ་པ་ལ་ཐོགས་པ་མེད་པའི་སྤོབས་པ་དགེ་བར་གྱུར་པ་ནི་ཉི་ཟླ་ལྟར་ཕྱོགས་ཀུན་ཏུ་ཡོངས་སུ་གྲགས་པའོ། །


previousརྩོམ་པས་ཐུབ་བསྟན་གསལ་བ་དང་གནས་སྐབས་ཀུན་ཏུ་ཐུགས་ཀྱི་སྤང་བ་ཕུན་སུམ་ཚོགས་པ།next