Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏེར་གསར་བསམ་པ་ལྷུན་གྲུབ་མའི་དབང་གི་ཟིན་ཐོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousགཏེར་གསར་བསམ་པ་ལྷུན་གྲུབ་མའི་དབང་གི་ཟིན་ཐོ།next

གཏེར་གསར་བསམ་པ་ལྷུན་གྲུབ་མའི་དབང་གི་ཟིན་ཐོ།


JKT015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཏེར་གསར་བསམ་པ་ལྷུན་གྲུབ་མའི་དབང་གི་ཟིན་ཐོ་བཞུགས་སོ། །ཨོཾ་སྭ་སྟི། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་དབང་བསྐུར་བ་ལ་གཉིས། སྟ་གོན་ཁ་སྐོང་ནས་ཤིན་ཏུ་རྒྱས་པར་བསྐུར་བའི་ཚུལ་སྤྱིར་བསྟན། དངོས་གཞིའི་དབང་རྒྱས་འབྲིང་བསྡུས་པ་ཙམ་རང་གཞུང་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ནི། སྤྲོ་ན་དམ་རྫས་མྱོང་གྲོལ་གྱི་སྒྲུབ་ཁོག་ལྟར་རམ། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང་གི་ལྗགས་བསྒྲིགས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆོག་ལ་ལྷ་སྔགས་སོགས་འདོར་ལེན་བྱས་ཏེ། ལྷ། བུམ་པ། སློབ་མ་སྟ་གོན་རྣམས་བྱ། དངོས་གཞི་ནི་འོག་ནས་འབྱུང་བ་ལྟར་ལས་རྒྱས་བསྡུས་ཀྱི་འདོར་ལེན་མེད། འོན་ཀྱང་གཏེར་ཆེན་རིན་པོ་ཆེའི་ཕྱག་ལེན་དཀྱུས་ལ་སྟ་གོན་


JKT015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བ་ཆེར་མི་གནང་བས། སློབ་མ་སྔོན་དུ་དཀྱིལ་འཁོར་ཆེན་པོ་གང་རུང་དུ་སྨིན་པ་ལ་ནི། འཇུག་པ་དང་བཅས་པའི་དངོས་གཞིའི་དབང་རང་གཞུང་ལྟར་ཁོ་ནས་དོན་གྲུབ་པ་ཡིན་ནོ། །གཉིས་པ་ལ་གསུམ། བསྒྲུབ་གཞི་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་ཆོས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་གདབ་པ། བསྒྲུབས་པའི་འབྲས་བུ་སློབ་མ་རྗེས་སུ་བཟུང་བའི་ཚུལ་དངོས་སོ། །དང་པོ་ནི། རྣམ་པར་དུལ་བའི་གནས་སུ་སྟེགས་བུའི་དབུས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བ་དགྲམ། དེའི་ལྟེ་བར་མཉྫིའི་ཁར་རྣམ་བུམ། གསང་རྫས། །མེ་ལོང་དྲི་མེད་ལ་སིདྡྷི་རའི་ཐིག་ལེ་ལྔ་ཚོམ་བཾ་ཧ་རི་ནི་སས་མཚན་པ། གུ་རུ་བདེ་བ་ཆེན་པོའི་སྐུ་འབག་རྣམས་བརྩེགས་མ་དང་། མདུན་དུ་གཏོར་ཆེན་རི་རབ་མ། ལྷ་གནས་སོ་སོའི་ཐད་དུ་དངོས་གྲུབ་ཀྱི་རྫས་བཅུ་གསུམ་དང་། སྐུ་ཙཀ །སྔགས་ཕྲེང་། མེ་ལོང་། གཞན་ཡང་ཚེའི་འབྲང་རྒྱས། ཚེ་ཆང་། ཚེ་རིལ། ཚེ་མདའ། མཐར་སྨན་རག་གཏོར་ཚོགས་ཉེར་སྤྱོད་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དར་འཕན་བླ་རེ་སོགས་ཀྱི་རྒྱན་དགྲམ། དབང་རྫས་བཤམ་པ་དང་། དངོས་གཞིའི་སྒྲུབ་མཆོད་ཀྱི་བར་ཞག་


JKT015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཆོད་ན་བདག་ཉིད་ལྷའི་ང་རྒྱལ་དང་བཅས་ཆོ་ག་རྒྱས་བསྡུས་གང་རུང་གིས་བྱིན་དབབ་པ་བཅས་བྱའོ། །གཉིས་པ་ནི། ལས་བྱང་དགོས་འདོད་ཀུན་འབྱུང་གི་གཞུང་བསྲང་ལ་བཟླས་པའི་བར་དང་། བར་འདིར་འོག་ནས་འབྱུང་བ་ལྟར་དམིགས་པ་གསལ་བཏབ་ལ་ཚེ་ཛཔ་བཟླ་བ་དང་། ཛཔ་ཁང་བསྡུས་རྗེས་ཚེ་འགུགས་བསྐུལ་བ་བཅས་བགྱིས་ནའང་ལེགས། མཆན། རྣམ་བུམ་དང་ལས་བུམ་ཆོ་ག་རྒྱས་བསྡུས་ཅི་རིགས་པའི་སྒོ་ཚུནས་བསྒྲུབ། དེ་ནས་གསོལ་འདེབས་དང་ཛཔྲ་ཁང་བསྡུ་བ། ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་བསྔོ། ཚོགས་བསྒྲལ་མཆོད་ཡན་གྲུབ་ནས་བདག་འཇུག་རྒྱས་པར་བླང་བའམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་བྱའོ། །གསུམ་པ་ལ་གསུམ། དབང་རྒྱས་པ་སྟོད་ལས་སྨད་ལས་ཀྱི་ཚུལ་དུ་བསྐུར་བ་དང་། འབྲིང་པོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་བསྐུར་བ་དང་། བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའོ། །དང་པོ་ལ་གཉིས། སྟོད་ལས་མཆོག་གི་དབང་བཞི་བསྐུར་བ་དང་། སྨད་ལས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་པའི་རྗེས་སུ་གནང་བ་སྦྱིན་པའོ། །དང་པོ་ལ་གཉིས། འཇུག་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ལ་དབང་གཞུང་གི་དངོས་བསྟན་ལས་ཕྱི་ནང་གི་འཇུག་པ་སོ་སོར་


JKT015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མ་གསུངས་ཀྱང་། འོག་ཏུ། དེ་ལྟར་མཆོག་དང་ཐུན་མོང་དངོས་གྲུབ་ཕྱིརཿ དབང་གི་ཁྱད་ཆོས་སྙིང་པོར་བསྟན་པ་སྟེ༔ ཐུན་མོང་དཀྱིལ་འཁོར་ཕྱི་ནང་འཇུག་པ་སོགས༔ རིགས་མཐུན་བླ་མའི་དབང་གཞུང་སྤྱི་ལྟར་སྦྱར༔ ཞེས་གསུངས་པ་ལྟར་ཅུང་ཟད་ཁ་སྐོང་བའི་དབང་དུ་བྱས་ན་གཉིས། ཕྱི་འཇུག་དང་། ནང་འཇུག་གོ། །དང་པོ་ལ་སྡོམ་ནི། ཁྲུས་བྱས་བགེགས་༢ཕྲལ་སྲུང་འཁོར་༣བསྒོམ། །ལོ་རྒྱུས་མཚམས་སྦྱར་མཎྜལ་༤ཕུལ། །ཆས་༥འཇུག གསོལ་གདབ་གནང་༦བ་སྦྱིན། །རྒྱུད་རསྦྱོང་སྡོམ་བཟུང་ནང་སེམས་༡༠བསྐྱེད། །ཅེས་ཆོས་བཅུ་ལས། དང་པོ་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱས། གཉིས་པ་ནི། ནང་དུ་འོངས་པ་ན་བགེགས་ལ་གཏོར་མ་སྦྱིན་ཅིང་བསླད། གསུམ་པ་ནི། གྲལ་དུ་འཁོད་ནས་སྲུང་འཁོར་བསྒོམ། བཞི་པ་ནི། ཆོས་བཤད་ཅི་རིགས་པ་དང་། ལོ་རྒྱུས་ཀྱི་ཁྱད་པར་དབང་གཞུང་ལས། ཨེ་མ༔ དུས་གསུམ་སངས་རྒྱས་ཀུན་གྱི་ནི༔ སོགས་དང་། ཨེ་མ༔ བྱིན་རླབས་མཐུ་མྱུར་དངོས་གྲུབ་ཆེ་བའི་དཔལ༔ ཅེས་སོགས་རྒྱས་བསྡུས་ཇི་ལྟར་འོས་པས་མཚམས་སྦྱར་ཏེ་འཇུག་པའི་ཕྱིར་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། མྱོང་གྲོལ་སྒྲུབ་ཁོག་ལས་སོ། །མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་


JKT015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་བསྒྲིབ་པར་མཚོན་པའི་ཕྱིར་ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངསཿ དཔའ་བོ་འབྲུ་ལྔ་ལས་སྐྱེས་པའི་མེ་ཏོག༔ ཧཱུྃ༔ ཡེ་ཤེས་དཔའ་བོ་འབྲུ་ལྔའི་དངོས༔ བདེ་ཆེན་ཐིག་ལེ་མེ་ཏོག་ཕྲེང་༔ རིགས་ཀྱི་ལྷ་དང་མཇལ་བའི་ཕྱིར༔ སྐལ་ལྡན་ཁྱོད་ཀྱི་སྙིམ་པར་ཟུངས༔ ཨཱ་ཁཾ་ཝཱི་ར་ཧཱུྃ༔ པུཊྚེ་བཛྲ་ས་མ་ཡ་སཾ༔ ཞེས་སྦྱིན། དྲུག་པ་ནི། འདྲེན་པ་སངས་རྒྱས་སོགས་དང་། བདུན་པ་ནི། བུ་ཁྱོད་སྐལ་བ་སོགས་དབང་གཞུང་ལྟར། བརྒྱད་པ་ནི། དམིགས་པ་སྤྱི་ལྟར་བརྡ་སྤྲད་ལ། སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསགས་རྣམས་ལས་བྱང་ལྟར། དགུ་པ་ནི། སྡོམ་པ་གསུམ་སོ་སོར་བཟུང་བའམ། བསྡུ་ན། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆོག་ལྟར། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས་སོགས་ཀྱིས་བཟུང་། བཅུ་པ་ནི། སོ་སོའི་སྙིང་གར་སྙིང་རྗེ་ཆེན་པོའི་ཟླ་བ་སྟོང་པ་ཉིད་རྡོ་རྗེ་མཚན་པར་གསལ་བཏབ་ནས་ཟུང་འཇུག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྲ་ད་ཡཱ་མི༔ ཞེས་བརྗོད་དུ་གཞུག་ཅིང་། དེ་བརྟན་པར་བྱ་བའི་ཕྱིར། སློབ་དཔོན་གྱིས། ཨོཾ༔ དེ་རིང་སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ དབྱེར་མེད་ཟུང་འཇུག་སྙིང་གི་དབུས་སུ་བསྐྱེད༔ ཇི་ལྟར་དགའ་བའི་སྤྱོད་ལམ་མི་འདའ་བས༔ རྡོ་རྗེའི་དམ་ཚིག་བླ་མེད་འགྲུབ་གྱུར་ཅིག༔ བོ་དྷི་ཙིཏྟ་ས་མ་


JKT015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སིདྡྷི་ཧོ༔ ཞེས་བརྗོད་ཅིང་རྡོ་རྗེ་སྙིང་གར་བཞག །གཉིས་པ་ལ། ཡོལ་བའི་ནང་༡གཞུག་ཕྱག་བཞི་པ་༢། །དམ་ལ་༣བཞག་ཅིང་ཡེ་ཤེས་དབབ་༤། །མེ་ཏོག་༥དོར་ཞིང་སྤྱི་བོར་འཆིང་། །གདོང་གཡོགས་༦དགྲོལ་ཞིང་དཀྱིལ་འཁོར་༧བསྟན། །ཅེས་བདུན་ལས། དང་པོ་ནི། སློབ་དཔོན་གྱིས། ཧོ༔ མི་གནས་ཡེ་ཤེས་རང་བྱུང་བ༔ རྣམ་པར་ཐར་པའི་སྒོ་བཞི་ནས༔ ཚད་མེད་བཞི་ཡི་འཇུག་པ་ཡིས༔ རྡོ་རྗེའི་སློབ་མ་གཞུག་པར་བགྱི༔ ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་དཀྱིལ་འཁོར་གྱི་ཁང་པའི་སྒོ་ཕྱེ་ནས་ནང་དུ་ཁྲིད། གཉིས་པ་ནི། སློབ་མས་དཀྱིལ་འཁོར་ལ་བསྐོར་ཞིང་སྒོ་བཞི་ནས་ཕྱག་བྱ་ཞིང་། ཧོ༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨོ་ན་མཏེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་བརྗོད། གསུམ་པ་ནི། སླར་ཡང་སློབ་མ་ཤར་སྒོར་འཁོད་པ་ལ། སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་ལ། ཨོ༔ དེང་ཁྱོད་རྡོ་རྗེའི་དཀྱིལ་འཁོར་ཆེརཿ གཞུག་ཅིང་ཡེ་ཤེས་བསྐྱེད་པ་ལས༔ དངོས་གྲུབ་རྣམ་གཉིས་ཐོབ་འགྱུར་ཏེ༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ སྙིང་གར་བཞག་ལ། ཨ ཡེ་ཤེས་རྣམ་པ་ཐམས་ཅད་པ༔


JKT015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་སྙིང་ལ་དེ་རིང་ཞུགས༔ ཚུལ་མིན་གསང་བ་བསྒྲགས་པ་ན༔ དེ་མ་ཐག་ཏུ་བྲལ་ཏེ་གཤེགས༔ བདུད་རྩིའི་ཆུ་ནན་བྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ཚེ་འདིས་དམྱལ་བར་འགྲོ༔ དམ་སྲུང་རྡོ་རྗེའི་ཆུ་འཐུངས་ཤིག ཅེས་གདམས་པ་ལ། སློབ་མས་ཀྱང་། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར༔ སླར་ཡང་སློབ་དཔོན་གྱིས་རྡོ་རྗེ་གདེངས་ཤིང་། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ རིགས་ཀྱི་བདག་པོ་ང་ཡིན་པསཿ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ ནམ་ཡང་མི་འདའ་སྒྲུབ་པར་གྱིས༔ ཞེས་གདམས་སོ། །བསྡུ་ན་དམ་ཆུ་སྦྱིན་པ་ཁོ་ནས་ཀྱང་རུང་། བཞི་པ་ནི། དབང་གཞུང་ལྟར་སློབ་མ་གུ་རུ་བདེ་བ་ཆེན་པོར་བསྐྱེད། གནས་གསུམ་བརླབ། སྤྱན་འདྲེན་བསྐུལ་ཞིང་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ་བ་རྣམས་སྤྱི་ལྟར་བྱའོ། །ལྔ་པ་ནི། སློབ་མས་སྔར་གཏད་པའི་མེ་ཏོག་ཐོགས་ལ། ཧོ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷརཿ ཡེ་ཤེས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་དེར་འབབས་པར་ཤོག༔ བཛྲ་པུབྦེ་ས་མ་ཡ་ཧོ༔ ཞེས་དོར་བས་གཙོ་འཁོར་གང་ལ་ཕོག་པའི་ལྷག་པའི་ལྷར་ངེས་པར་བྱ༔ ཡང་ན་དེ་ཐམས་ཅད་རིགས་ལྔར་འདུས་ཏེ༔


JKT015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མི་འགྱུར་རྡོ་རྗེའི་རིགས༔ ཤར་དུ་དྲི་མེད་བདེ་གཤེགས་རིགས༔ ལྷོ་རུ་འདོད་འབྱུང་རིན་ཆེན་རིགས༔ ནུབ་ཏུ་ཆགས་མེད་པདྨའི་རིགས༔ བྱང་དུ་ཐོགས་མེད་ལས་ཀྱི་རིགས༔ ཞེས་རིགས་ལྔར་ངེས་པར་བྱས་ཏེ་སོ་སོའི་རིགས་དང་མཐུན་པའི་མིང་གདགས༔ མེ་ཏོག་སྤྱི་བོར་བཅིངས་ཤིང་༔ ཧོ༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི༔ དེང་འདིར་ཁྱོད་ལ་དབབ་པ་ཡིས༔ རིགས་ཀྱི་སྲས་སུ་འགྱུར་བར་ཤོག༔ པུཤྲཱི་སིདྡྷི་ས་མ་ཡ་ཧཱུཾ༔ ཞེས་མེ་ཏོག་སྤྱི་བོར་བཞག་པས་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དྲུག་པ་ནི། །གསེར་གྱི་ཐུར་མ་ཐོགས་ཏེ༔ ཧོ༔ རང་བྱུང་འོད་གསལ་སྙིང་པོ་ལ༔ གློ་བུར་འཁྲུལ་པའི་སྒྲིབ་གཡོགས་ཀུན༔ རིག་པ་ཡེ་ཤེས་ཐུར་མས་དབྱེ༔ རྡོ་རྗེའི་དཀྱིལ་འཁོར་མངོན་གྱུར་ཤོག༔ ཛྷཱ་ན་ཙཀླུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་མིག་དར་བསལ༔ བདུན་པ་ནི། ལས་བྱང་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱས་བསྡུས་གང་རུང་གི་སྒོ་ནས་བརྡ་སྤྲད་ཅིང་བསྟན༔ གཉིས་པ་དབང་དངོས་ལ། །མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་སྩལ་བ་བཞིན༔ ཡེ་ཤེས་དབང་བསྐུར་བདུད་རྩིའི་ཆུས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཅེས་གསོལ་བ་གདབ།


JKT015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ངོ་བོ། སྒྲ་དོན། དབྱེ་བ་སོགས་སྤྱི་ལྟར་རྒྱས་བསྡུས་གང་རུང་བཤད། ཁྱད་པར་དབྱེ་བ་ལ། གཞུང་ལས། དེ་ལ་ཐོག་མར་སྨིན་བྱེད་ཀྱི༔ ཞེས་སོགས་གསུངས་པ་ལྟར་དབང་རབ་འཇུག་པ་དོན་དམ་རྡོ་རྗེ་ཡེ་ཤེས་འཕོ་བའི་དབང་དང་། དབང་པོ་འབྲིང་མན་ཆད་ཐུན་མོང་དུ་འཇུག་པ་མཚན་མ་རྫས་ཀྱི་དབང་གཉིས་སུ་མཆིས་ནའང་། དེ་གཉིས་ཀ་དོན་གྱིས་དབང་བཞིར་འདུ་བ་ལས། །དང་པོ་བུམ་པའི་དབང་ལ། སྦྱོར་བ་དབང་ལྷ་སྤྱན་དྲངས་ཤིང་ཤིས་པ་བརྗོད་པ། དངོས་གཞི་བུམ་པའི་དབང་བསྐུར་ཞིང་བརྡ་དོན་ངོ་སྤྲད་པ། རྗེས་དག་པ་བརྗོད་ཅིང་མངའ་དབུལ་བ་རྣམས་སུ་ཡོད་པ་ལས། ཐོག་མར་དབང་གཞུང་ལྟར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཀུན་ན་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་བཀྲ་ལམ་གྱིས་སད་པར་བསམས་ལ། མཆོད་ཅིང་བསྟོད་རྡོ་རྗེ་ཅན་གྱི་སངས་རྒྱས་ལ་སོགས་སྤྱི་ལྟར་གསོལ་བ་གདབ་པས། ནམ་མཁར་བཞུགས་པའི་ལྷ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མེ་ཏོག་གི་ཆར་འབེབས་པ་དང་བཅས་རྒྱལ་བར་བྱ་བའི་


JKT015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་བཀྲ་ཤིས་པའི་ཚིགས་སུ་བཅད་པས་དབུགས་དབྱུང་བར་བསམས་ལ། ལས་བྱང་ལྟར། ཨོ། དགེ་ལེགས་ཀུན་གྱི་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས། དངོས་གཞིའི་དབང་བསྐུར་བ་ནི། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམས་ལ། ཧཱུཾ་ཧཱིཿ བཀྲ་ཤིས་འོད་གསལ་སོགས་དབང་གཞུང་ལྟར། བུམ་པའི་ཆུས་ལུས་གང་ཞིང་དྲི་མ་དག །རིགས་ཀྱི་བདག་པོས་རྒྱས་གདབ་པ་སོགས་སྤྱི་ལྟར། བརྡ་བུམ་པའི་དབང་བསྐུར་བས་དོན། སྣོད་གཞལ་ཡས་ཁང་། བཅུད་དཀྱིལ་འཁོར་གྱི་འཁོར་ལོ། རྒྱུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ་ཚོགས་སུ་ངོ་སྤྲད་ཅིང་གསལ་བརྟན་དག་གསུམ་གྱི་ཉམས་བསྐྱང་དུ་གཞུག །རྗེས་ནི། དེས་བུམ་པའི་དབང་ཐོབ་སོགས་དག་པ་བརྗོད་པ་རྒྱས་བསྡུས་གང་རིགས་ཀྱི་མཐར། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་སོགས་གཞུང་ལྟར། གཉིས་པ་གསང་དབང་ལ། སྦྱོར་བ་གསང་བའི་རྫས་བསྒྲུབ་ཅིང་ཤིས་པ་


JKT015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ། དངོས་གཞི་གསང་བའི་དབང་བསྐུར་ཞིང་ཉམས་མྱོང་ངོ་སྤྲོད་པ། རྗེས་དག་པ་བརྗོད་ཅིང་མངའ་དབུལ་བ་རྣམས་དབང་གཞུང་ལྟར་ཚིག་གི་མཚམས་སྦྱོར་ཇི་ལྟར་རིགས་པས་བརྡ་སྤྲད། །སྦྱོར་བའི་སྐབས་ཀྱི་ཤིས་བརྗོད། བྱིན་རླབས་མཁའ་ལ་སོགས་དང་། མཇུག་གི་ཤིས་བརྗོད་བུམ་དབང་ལྟར་ལ། འཆི་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག༔ ཅེས་བསྒྱུར། གསུམ་པ་ཤེར་དབང་ལ། སྦྱོར་བ་ཕྱག་རྒྱ་བྱིན་གྱིས་བརླབ་ཅིང་ཤིས་པ་བརྗོད་པ། དངོས་གཞི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞིང་ཉམས་མྱོང་ངོ་སྤྲད་པ། རྗེས་དག་པ་བརྗོད་ཅིང་མངའ་གསོལ་བ་རྣམས་དབང་གཞུང་ལྟར་དང་། ཤིས་བརྗོད། མ་བཅོས་སྤྲོས་མེད་སོགས་དང་། འཆི་མེད་རྡོ་རྗེའི་ཐུགས་ཀྱི་ཞེས་བསྒྱུར། དབང་བཞི་པ་ལ། སྦྱོར་བ་ཚིག་གིས་མཚོན་པས་དོན་དམ་གྱི་ལྟ་བ་ངོ་སྤྲད་པ། དངོས་གཞི་བྱིན་རླབས་འཕོ་བས་ཉམས་མྱོང་བསྒོམ་པའི་དྲོད་གཏད་པ། རྗེས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་ཞིང་དག་པ་བརྗོད་པ་མངའ་དབུལ་བ་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་ནི། བླ་སློབ་གཉིས་ཀ་སྒོ་གསུམ་གྱི་གནད་གཅུན་ལ། ཨཱ ཡེ་ནས་སོགས་དབང་གཞུང་ལྟར་ངོ་སྤྲད། གཉིས་པ་ནི་ཐུགས་ཡིད་བསྲེ་ཞིང་། སྐུ་འབག་གི་དབང་བསྐུར་ཏེ་ཡེ་ཤེས་ཀྱི་ས་བསྟིམ། གསུམ་པ་ནི།


JKT015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ཞེས་བརྗོད་བླ་སློབ་གཉིས་ཀས་མོས་གུས་བསྐྱེད༔ ཅེས་སོགས་ཀྱི་དོན་ངོ་སྤྲད་ལ་མོས་གུས་རྫོགས་པ་ཆེན་པོའི་ཉམས་བྱུང་རྒྱལ་དུ་བསྐྱང་ཞིང་ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་བྱ། དག་བརྗོད་སྤྱི་ལྟར་དང་། འཆི་མེད་ཡེ་ཤེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་བསྒྱུར་ནས་ཤིས་བརྗོད་ཀྱིས་མངའ་གསོལ། དེས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་གི་དངོས་གཞི་གྲུབ་ནས། དེ་དང་འབྲེལ་བར་སྨད་ལས་དངོས་གྲུབ་སྣ་ཚོགས་པའི་རྗེས་སུ་གནང་བ་སྦྱིན་པ་ལ་གསུམ། སྦྱོར་བ་དངོས་གྲུབ་ཀྱི་རྫས་འདུ་བྱ་བ། དངོས་གཞི་སོ་སོའི་དབང་བསྐུར་བ། རྗེས་བསླབ་བྱ་བསྟན་པའོ། །དང་པོ་ནི། གཞུང་ལས། རིག་འཛིན་བླ་མའི་རྣམ་འཕྲུལ་བཅུ་གསུམ་པོ༔ ཞེས་སོགས་ཀྱི་དགོངས་པ་ལྟར་མདུན་བསྐྱེད་རིག་འཛིན་བཅུ་གསུམ་ལྷག་པར་གསལ་གདབ་ཅིང་། དཔོན་སློབ་གཉིས་ཀས་བསམ་པ་ལྷུན་གྲུབ་མའི་སྒོ་ནས་གསོལ་བ་གདབ་པས་རྒྱུད་བསྐུལ་ཏེ་ཡེ་ཤེས་པ་བསྟིམ་པ་སོགས་གཞུང་ལྟར་བྱ། གཉིས་པ་ནི། ཧཱུྃ་ཧཱི༔ ང་ནི་ཕྱི་ནང་སོགས་སོ་སོར་དབང་བསྐུར། གསུམ་པ་ནི། དེས་ཀྱང་རིན་ཆེན་སྒྲོམ་བུར་བཅུག་བྱས་ཏེ༔ ཞེས་སོགས་གཞུང་ལྟར་གདམས། དེའང་སྐབས་འདིའི་དབང་རྫས་བཅུ་གསུམ་པོ་དངོས་སམ་རི་མོར་བྲིས་པ་སློབ་མའི་གྲངས་མཉམ་འདུ་བྱས་ལ། སློབ་


JKT015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མ་རེ་རེ་བཞིན་དུ་གཏད་ནས་སོ་སོའི་བླ་རྡོའི་ཚུལ་དུ་འཆང་བ་གཞུང་གི་དགོངས་པ་དང་། གཏེར་ཆེན་རིན་པོ་ཆེས་ཀྱང་ཕྱག་ལེན་ངེས་པར་མཛད་དོ། །གཉིས་པ་དབང་འབྲིང་པོ་སྐུ་གསུང་ཐུགས་ཡོངས་རྫོགས་དང་བཅས་པའི་དབང་བསྐུར་བ་ལ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་སོགས་ཀྱིས་གསོལ་བ་གདབ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས་དང་། ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན་པ་སྔོན་དུ་འགྲོ་བས། དངོས་གཞི་ལ་སྐུ་ཕྱག་རྒྱའི་འཁོར་ལོ་བསྟིམ་ཞིང་དབང་བསྐུར་བ། གསུང་བཟླས་པའི་ལུང་སྦྱིན་ཞིང་དབང་བསྐུར་བ། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་ཅིང་དབང་བསྐུར་བ། ཡོངས་རྫོགས་བླ་མ་གཏོར་ཆེན་ལ་བརྟེན་ནས་བྱིན་རླབས་འཕོ་བའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། དང་པོ་ནི། དཀྱིལ་འཁོར་བ་སོ་སོའི་སྐུ་གཉིས་པ་བསྟིམ་པའི་དམིགས་པ་ངོ་སྤྲད་ལ་ལྷ་དབང་ཡོངས་རྫོགས་བསྐུར་ཚུལ་ལྟར་བསྐུར། གཉིས་པ་ནི། བཟླས་ལུང་གི་དམིགས་པ་སྤྱི་ལྟར་ཕོག །གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་རྗེས་ཟློས་ལན་གསུམ་མཐར་ཕྲེང་བ་མགྲིན་པར་བཞག་ལ། ཨཱ ཇི་སྙེད་བརྗོད་པ་སོགས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལྟར། གསུམ་པ་ནི། ལྷ་སྔགས་སེམས་སུ་ངོ་སྤྲད་ལ། མེ་ལོང་གི་དབང་བསྐུར་ཞིང་། ཧཱུྃ༔ མེ་ལོང་


JKT015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་སོགས་བར་ཆད་ཀུན་སེལ་ལྟར། བཞི་པ་ནི། ལས་རྡོར་གྱིས་གཏོར་ཆེན་བཏེག །སློབ་དཔོན་གྱིས་གཏོར་མ་རིན་ཆེན་གཞལ་ཡས་ཁང་སོགས་རང་གཞུང་ལྟར་དམིགས་པ་ཕོག་ལ་ཐོད་རྔ་འཁྲོལ་ཞིང་། ཧཱུྃ་ཧཱུྃ༔ དངོས་གྲུབ་ཀུན་བདག་སོགས་རང་གཞུང་ལྟར་བརྗོད། དེ་ནས་གཏོར་མ་སོ་སོའི་སྤྱི་བོར་བཞག་པ་དང་བསྟུན། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ ཞེས་སོགས་གསོལ་འདེབས་དང་ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་བྱ། གཏོར་རྫས་སྦྱིན། སྨིན་སློབ་ལ། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཐིམ་པར་བསམ་མོ། །དབང་འབྲིང་པོ་འདི་ཁོ་ན་ཟུར་དུ་བསྐུར་ན། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ལོ་རྒྱུས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། གསོལ་བ་གདབ། གནང་བ་སྦྱིན། སྐྱབས་སེམས་ཚོགས་བསག །སྡོམ་བཟུང་། ཡེ་ཤེས་དབབ་བརྟན་བཅས་ཀྱི་རྗེས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་བསྐུར་བ་བཅས་གོང་ལྟར་དང་། མཐར་ཚེ་འགུགས་སོགས་འོག་ནས་འབྱུང་བ་ལྟར་བྱའོ། །གསུམ་པ་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། དབང་རྒྱས་འབྲིང་གཉིས་སྦྲེལ་ཏེ་བསྐུར་བའི་ཚེ་གོང་གི་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་དེ་ཀས་འཐུས་པ་ལས་ལོགས་སུ་མི་དགོས། གཏོར་དབང་རྐྱང་པའི་སྐབས་སུ།


JKT015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་བྱ་བ་སོགས་ནས་ཡེ་ཤེས་དབབ་བརྟན་གྱི་བར་གོང་གི་དབང་འབྲིང་པོ་ཟུར་དུ་བསྐུར་བའི་སྐབས་ལྟར་སྦྱར། དེ་ནས་གཏོར་ཆེན་བཏེག །གཏོར་མ་རིན་ཆེན་གཞལ་ཡས་སོགས་རྒྱས་པར་བརྡ་སྤྲོད་ཎྜལ། དབང་ཚིག་རྒྱས་པ་བསམ་པ་ལྷུན་གྲུབ་ཚང་མ་ལྷ་དབང་གི་སྐབས་ལྟར་ལ། བར་གྱི་སྔགས་རྣམས་བཞག་ནས་ཚིགས་བཅད་རྣམས་སྦྲེལ་བའི་མཐར་བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་དང་བཅས་ཏེ་དབང་བསྐུར་བའམ། འབྲིང་པོ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་སོགས་ནས། འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིག་པའི་དམག་དཔུང་ཟློག་པར་ཤོག དུས་མིན་འཆི་བའི་བར་ཆད་ཞི་བར་ཤོག༔ དབུལ་ཕོངས་སྡུག་བསྔལ་སེལ་བའི་དབང་ཐོབ་ཤོག༔ དངོས་གྲུབ་གཏེར་ལ་སྤྱོད་པའི་དབང་ཐོབ་ཤོག༔ ཕྱི་ནང་ལམ་སྣ་ཟིན་པའི་དབང་ཐོབ་ཤོག༔ ཐོགས་བཅས་བདུད་རྣམས་སྐྱོད་པའི་དབང་ཐོབ་ཤོག༔ འབྱུང་བཞི་འཁྲུགས་པའི་བར་ཆད་ཀུན་སེལ་ཤོག མི་མཐུན་ཚོགས་ཀུན་འཆིང་བའི་དབང་ཐོབ་ཤོག༔ བར་ཆད་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག༔ དབྱིངས་རིག་དབྱེར་མེད་འཕོ་བའི་དབང་ཐོབ་ཤོག༔ འཁྲུལ་སྣང་རང་སར་


JKT015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་དབང་ཐོབ་ཤོག༔ སྐྱེ་ཤི་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ སྡུག་བསྔལ་ཀུན་སེལ་བསམ་དོན་ལྷུན་གྲུབ་ཤོག ཅེས་པའི་མཐར་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ཛཔྲ་བརྗོད། །བསྡུ་ན། འགྲོ་དྲུག་སྡུག་བསྔལ་ཆེན་པོས་སོགས་ནས། གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་སམ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ ཞེས་སོགས་གསོལ་འདེབས་རྡོ་རྗེའི་ཚིག་དྲུག་ཛཔྲ་དབྱངས་དང་བཅས་དབང་བསྐུར་བར་གསུངས་པ་རྣམས་གང་རིགས་བྱ། མཐར་ཚེ་འགུགས་སོགས་འོག་ནས་འབྱུང་བ་ལྟར་རམ། བསྡུ་ན། གཏོར་རྫས་འཆི་མེད་ཚེའི་བདུད་རྩི་དངོས་གྲུབ་སྣ་ཚོགས་པའི་རང་བཞིན་དུ་བསམས་ལ་ཚེ་ཛཔྲ་དང་བཅས་སྦྱིན་ཅིང་ཤིས་བརྗོད་ཀྱིས་མངའ་གསོལ། རྗེས་དམ་ཚིག་ཁས་བླངས་སོགས་དཀྱུས་ལྟར་བྱའོ། །མཐའ་བརྟེན་ནི། གཞུང་ལས། གང་ཡང་ཀུན་གྱི་ཐ་མར་འཆི་མེད་ཀྱི༔ ཞེས་སོགས་གསུངས་པའི་དོན། མཐའ་བརྟེན་བཀྲ་ཤིས་ཚེའི་དབང་བསྐུར་བའི་སླད་དུ། རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ མ་ཧཱ་གུ་རུ་པདྨ་འབྱུང་༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ འཆི་མེད་ཚེ་ཡི་དབང་མཆོག་སྩོལ༔ ཅེས་ལན་གསུམ་གྱིས་


JKT015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། སློབ་དཔོན་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷཱ་ཝར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལ་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་། མདའ་དར་གཡབ་ལ། ཧཱུྃ༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནསཿ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་པདྨ་སཾ་བྷ་ཝ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང་༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས


JKT015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སྒྲུབ་པའི་རྫས་ལ་སྟིམསཿ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥ་ཧཱུྃ་ཧཱུྃ་ཛ༔ དེ་ནས་ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས། ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་སཾ་བྷ་ཝ་་གུ་རུ་བདེ་བ་ཆེན་པོའི་རྣམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བྷནྡ་དང་ཚེ་བུམ་བསྣམས་པར་གསལ་བའི་གནས་ལྔར་ཕྱག་མཚན་སོགས་གོང་ལྟར་ལ། རྣམ་པར་སྤྱན་དྲངས། ཕྱག་གི་བྷནྡྷ་དང་བུམ་པའི་ནང་དུ་ཞུགས་ཤིང་འཁྱིལ་པ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་བྱང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གྲྭའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་གི་ཁོག་པར་ནི་ཡིག་ཨས་མཚན་པ་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པའི་མོས་པ་མཛོད། ཅེས་དང་། ཨོ། བཀྲ་ཤིས་འོད་གསལ་གཞོན་ནུ་བུམ་པའི་དབྱིངས༔ ཡེ་ཤེས་རང་སྣང་པདྨ་སཾ་བྷ་ཝ༔ ཟུང་


JKT015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བདེ་བ་ཆེན་པོའི་དབང་བསྐུར་བས༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དབང་ཐོབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་སྦྱིན་ལ། ཨཱུ༔ རང་བྱུང་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར་བརྟན་དང་གཡོ་བའི་བཅུད་ཀུན་གཅིག་ཏུ་འཁྱིལ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ ནད་མེད་བདེ་བའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ ཚེ་རིལ་སྦྱིན་ལ། ཧཱུྃ༔ ངོ་བོ་སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྣམ་པ་ལྷན་སྐྱེས་ཡེ་ཤེས་སེམས་དཔའི་གཟུགས༔ སྙིང་དབུས་ཉི་ཟླའི་གྲྭའུར་རྒྱས་གདབ་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །རྡོ་རྗེའི་གོ་ཆས་རྒྱས་གདབ་ཅིང་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་ཏུ་བཅུག ། སྤྲོས་པ་འཁོར་འདས་ཁྱབ་པའི་ཚེ བསྡུས་པས་འོད་གསལ་ཐིག་ལེའི་ཀློང་༔ རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པརཿ མི་འགྱུར་བརྟན་པའི་རྒྱས་གདབ་བོ༔ ཛྷཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད། དེ་ནས་བཀྲ་ཤིས་རྒྱས་པར་བརྗོད། རྗེས་དམ་ཚིག་ཁས་བླང་སོགས་དང་། ཆོ་གའི་རྗེས་རིམ་ཚོགས་ལ་རོལ་པ་སོགས་དཀྱུས་ལྟར་བྱའོ། །ཚེ་དབང་འདི་ཉིད་ཁོ་ན་ཟུར་དུ་བསྐུར་ནཾ། སྒྲུབ་པའི་སྐབས་རྩ་བའི་བཟླས་པའི་རྗེས།


JKT015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་སྐད་ཅིག་གིས་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་ཝའི་རྣམ་པར་གསལ་བཏབ་ལ། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་བཅས་གོང་གི་ཚེ་ཛཔྲ་གཙོ་བོར་བཟླ། ཐུན་། མཚམས་སུ་ཚེ་འགུགས་བསྐུལ། དབང་དངོས་ལ་ཁྲུས་སོགས་ནས་མཎྜལ། གསོལ་འདེབས། སྐྱབས་སེམས། ཚོགས་བསགས་དང་། སྤྲོ་ན་སྡོམ་བཟུང་། གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་ཝའི་རྣམ་པར་གསལ་བཏབ་ཅིང་ཡེ་ཤེས་པ་དབབ་བརྟན་རྗེས། ཚེ་འགུགས་མན་གོང་ལྟར་སྦྱར་བས་གྲུབ་བོ། ༈ །གཞན་ཡང་དབང་གཞུང་ལས་འཕྲོས་དོན་གྱི་ཚུལ་དུ། དེ་ལྟར་རྒྱས་པ་དབང་བསྐུར་སོགས་གསུངས་པའི་དོན། དབང་བསྐུར་འབྲིང་པོ་ཅུང་ཟད་རྒྱས་པར་སྤྲོ་ན། སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་ཡོངས་རྫོགས་ཀྱི་རྗེས་སུ་སྐུ་གསུང་ཐུགས་ཡོངས་རྫོགས་དང་བཅས་པའི་དབང་སྦྲེལ་བ་དང་། བསྡུ་ན། མཆོག་དབང་ལྔ་ཞེས་པ་དབང་བཞི་པ་ལ། ལྟ་བ་དང་། བསྒོམ་པའི་དབང་སོ་སོར་བགྲངས་པ་སྟེ། མདོར་ན་དབང་བཞི་ཡོངས་རྫོགས་མཐའ་བརྟེན་གྱི་ཚུལ་དུ་གཏོར་དབང་དང་བཅས་པ་བསྐུར་བ་ཡིན་ལ། དེར་མ་ཟད་དབང་རྒྱས་འབྲིང་བསྡུས་གསུམ་སྦྲེལ་ཏེ་བསྐུར་བའི་ཚེ་ཕྱག་བཞེས་ལུགས་གཅིག་ལ་གསང་བ་སྤྱིའི་འགྲོས་དང་བསྟུན་ཏེ། བུམ་དབང་དངོས་གཞི་


JKT015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་དོན་ངོ་སྤྲད་པ་ཡན་ཆད་ཕྱི་ཕན་པའི་དབང་དུ་བྱས། དེའི་རྗེས་སུ་ནང་ནུས་པ་འཇུག་པའི་དབང་སྐུ་གསུང་ཐུགས་དབང་བསྐུར། བུམ་དབང་གི་དག་པ་དང་བཀྲ་ཤིས་བརྗོད། དེ་ནས་གསང་བ་ཟབ་མོའི་དབང་གསུམ་དང་། མཐའ་བརྟེན་དངོས་གྲུབ་སྣ་ཚོགས་པའི་རྗེས་གནང་སྦྱིན་པ་དང་། དབང་དོན་གྱི་ཡེ་ཤེས་བརྟན་པར་བྱེད་པ་བྱིན་རླབས་གཏོར་མའི་དབང་རྣམས་རིམ་པར་བསྐུར་ནའང་ལེགས་ཤིང་འབྲེལ་ཆགས་པར་འགྱུར་ལ། འོན་ཀྱང་གཏེར་གཞུང་གི་དངོས་བསྟན་དང་རྒྱུན་གྱི་ཕྱག་བཞེས་ནི་གོང་དུ་སྨོས་པ་ལྟར་ཡིན་ནོ། །ཞེས་པའང་དོན་གཉེར་ཅན་དག་གི་ཆེད་དུ་ཟིན་བྲིས་མདོ་ཙམ་སྟེ། རྒྱས་པར་ཆོས་ཀྱི་སྤྱན་རྡུལ་དང་བྲལ་བའི་ཟབ་གཏེར་གྱི་གསང་བ་འཛིན་པའི་བདག་པོ་རྣམས་ཀྱིས་ལེགས་པར་བཤད་པའི་རྡོ་རྗེའི་དབྱངས་ཀྱི་ཏམྦུ་ར་བསྒྲེང་བར་འགྱུར་བ་ལས་མཁྱེན་པར་འཚལ་ལོ། །མངྒ་ལཾ།། །།


previousགཏེར་གསར་བསམ་པ་ལྷུན་གྲུབ་མའི་དབང་གི་ཟིན་ཐོ།next