Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།


   
  expand section
  expand section
  expand section
  collapse section
   
སྐྱབས་འགྲོའི་ཟིན་བྲིས་དད་པའི་སྒོ་འབྱེད།
   
   
   
   
  expand section
   
   
   
   
   
   
  expand section
  expand section
  expand section
   
   
   
  expand section
   


 
previousསྐྱབས་འགྲོའི་ཟིན་བྲིས་དད་པའི་སྒོ་འབྱེད།next

སྐྱབས་འགྲོའི་ཟིན་བྲིས་དད་པའི་སྒོ་འབྱེད།

དེ་ལ་འདིར་དཀོན་མཆོག་ཅེས་པར་རཏྣའི་སྒྲ་ལས་དྲངས་ན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་ཆོས་སུ་བྱས་ན་ཡིད་བཞིན་གྱི་ནོར་བུ་འཇིག་རྟེན་གྱི་ཁམས་སུ་འབྱུང་བར་དཀོན་པ་དང་། ཉེས་སྐྱོན་གྱི་དྲི་མ་མེད་པ་དང་། མུན་པ་དང་ནད་སེལ་བ་དང་ཕུན་ཚོགས་སྟེར་བའི་མཐུ་དང་ལྡན་པ་དང་། འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་། དངོས་པོ་ཀུན་གྱི་མཆོག་ཉིད་ཡིན་པ་དང་། དེ་ཉིད་གཞན་དུ་འགྱུར་བ་མེད་པ་ལྟར་དཀོན་མཆོག་གསུམ་པོ་ཡང་འཇིག་རྟེན་གྱི་ཁམས་སུ་འབྱུང་བར་དཀོན་པ་དང་། མཆོག་ཡིན་པ་ལྟ་བུ་སོགས་སྒྲ་བཤད་རྣམ་པ་དྲུག་ཡོད་པ་ལས་འདིར་འབྱུང་བ་དཀོན་ཕྱིར་ཞེས་པ་དང་མཆོག་ཅེས་པ་གཉིས་ཀྱི་སྒྲ་དེ་དངོས་སུ་ཚུར་བླངས་ནས་ཟུར་གཉིས་པོ་དེ་ཉིད་མིང་གཅིག་ཏུ་བྱས་ཏེ་དཀོན་མཆོག་ཅེས་པ་ལྟ་བུ་ཞིག་ཏུ་བརྗོད་པ་ཡིན་ནོ། །དེ་འདྲའི་དཀོན་མཆོག་དེ་ལ་རྣམ་པ་དུ་ཡོད་ཅེ་ན་གསུམ་དུ་ངེས་པའི་ཚུལ་སོགས་འོག་ཏུ་འཆད་པར་འགྱུར་ལ། དེ་ལ་དབྱེ་ན་ཐེག་དམན་དང་། ཐེག་ཆེན་ཐུན་མོང་དང་། ཐེག་ཆེན་ཐུན་མོང་མ་ཡིན་པ་གསུམ་གྱི་རྣམ་བཞག་བྱེད་ཚུལ་གསུམ་ལས།

དང་པོ་ཐེག་དམན་པས་དཀོན་མཆོག་གསུམ་གྱི་རྣམ་བཞག་ཇི་ལྟར་བྱེད་ན། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་དེ་ཡང་ཐེག་པ་གང་གི་ལུགས་ལྟར་ན་སྤྱིར་དཀོན་མཆོག་གསུམ་གྱི་རྣམ་བཞག་དང་བྱེ་བྲག་སྐྱབས་སུ་འགྲོ་བའི་ཡུལ་དུ་གྱུར་བའི་མཆོག་གསུམ་གཉིས་ལ་ཁྱད་པར་ཡོད་པ་ཡིན་སྟེ། དེ་ཡང་བྱེ་སྨྲ་བའི་ལུགས་ལ་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་མཆོག་གསུམ་དེ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་པ་ཡིན་ཞེ་ན། སངས་རྒྱས་དགེ་འདུན་བྱེད་པའི་ཆོས་ཞེས་པས་སངས་རྒྱས་དེ་ཉིད་སངས་རྒྱས་སུ་བྱེད་པའི་རྒྱུ་སྟེ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་ལམ་བདེན་རྟོགས་པ་ནི་སངས་རྒྱས་དཀོན་མཆོག་ཉིད་དུ་ངོས་འཛིན་པ་དང་། ཆོས་དཀོན་མཆོག་ནི་སྤྱིར་ལུང་དང་རྟོགས་པའི་ཆོས་དང་གསུང་རབ་ཡན་ལག་བཅུ་གཉིས་སོགས་དམ་པའི་ཆོས་སུ་འདོད་ནའང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་ཆོས་དཀོན་མཆོག་ནི་སྤང་བྱ་ཉོན་མོངས་ས་བོན་དང་བཅས་པ་སྤང་བའི་འགོག་པ་མྱ་ངན་ལས་འདས་པ་དེ་ཉིད་ཆོས་དཀོན་མཆོག་ཡིན་པས་མྱ་ངན་འདས་ཞེས་གསུངས་པ་དང་། དགེ་འདུན་དཀོན་མཆོག་ཡང་སྤྱིར་ཟུང་བཞི་ཡ་བརྒྱད་ཀྱི་གང་ཟག་རྣམས་ཀྱང་དགེ་འདུན་དུ་མི་བཞེད་པ་མ་ཡིན་ཞིང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་ནི་སློབ་དང་མི་སློབ་པའི་ལམ་བདེན་གང་ཞིག་རྒྱུན་ཞུགས་ལ་སོགས་པའི་ཐུགས་རྒྱུད་ཀྱི་སློབ་པའི་ལམ་བདེན་དང་། ཉན་རང་དགྲ་བཅོམ་རྣམས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་པའི་ལམ་བདེན་རྟོགས་པ་དེ་ནི་དགེ་འདུན་དཀོན་མཆོག་ཏུ་བྱེད་པའི་རྒྱུ་ཡིན་པས་ན་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་དཀོན་མཆོག་ནི་དེ་ལྟ་བུ་ལ་ངོས་འཛིན་པ་ཡིན་ནོ། །དེས་ན་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དཀོན་མཆོག་གསུམ་ནི་དེ་ལྟར་ཡིན་ཞེས་གསུངས་པ་ལས་སྤྱིར་དཀོན་མཆོག་གསུམ་མིན་པ་དཔེར་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྡུག་བསྔལ་བདེན་པའི་ལྷག་མ་སྟེ་སྔར་རྒྱལ་བུ་དོན་འགྲུབ་ལས་དབང་གི་འཕངས་པའི་སོ་སྐྱེས་ཀྱི་ལུས་ཡིན་པས་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་སངས་རྒྱས་དཀོན་མཆོག་ཏུ་མི་བཞེད་པ་དང་། དེ་བཞིན་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་ཆོས་སུ་མི་བཞེད་པ་དང་། ཟུང་བཞི་ཡ་བརྒྱད་དང་སོ་སྐྱེས་ཀྱི་དགེ་འདུན་རྣམས་ཀྱི་སྐུ་ལུས་དེ་ཡང་སྡུག་བསྔལ་བདེན་པའི་ལྷག་མ་ཡིན་པས་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་དཀོན་མཆོག་ཏུ་མི་བཞེད་དོ། །

ཡང་ཐེག་ཆེན་ཐུན་མོང་གི་བཞེད་ཚུལ་ལྟར་ན། དཔལ་ལྡན་ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཐུབ་པ་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་གསུངས་པ་ལྟར། སངས་རྒྱས་ནི་སྐུ་གསུམ་གྱི་བདག་ཉིད་ཅན་དང་། ཆོས་ནི་མྱ་ངན་ལས་འདས་པ་ཞེས་སངས་རྒྱས་ཀྱི་ཐུགས་རྒྱུདན་བཞུགས་པའི་འགོག་པ་མྱ་ངན་ལས་འདས་པ་དང་། དགེ་འདུན་ནི་གང་ཟག་བརྒྱད་ཅེས་པའི་སྐབས་འདིར་གང་ཟག་གི་ཐུགས་རྒྱུད་ཀྱི་ལམ་བདེན་འབའ་ཞིག་ལ་བཞག་པ་ཡིན་ནོ། །འོན་ཀྱང་ཐེག་ཆེན་བྱང་སེམས་རྣམས་དགེ་འདུན་དང་ཆོས་དང་སངས་རྒྱས་གང་དུའང་བཞག་མེད་པས་གང་དུ་རྩི་སྙམ་ན། སྐྱབས་འགྲོ་བདུན་ཅུ་པ་ལས། ཤཱ་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་གསུངས་པ་ལྟར། ཤཱ་རིའི་བུ་ལ་གསུངས་པའི་ལུང་ལས་ཉན་རང་དགྲ་བཅོམ་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་དགོས་ཞེས་གསུངས་ཡོད་པ་ཡིན། དེས་ན་འདི་ནི་དཀོན་མཆོག་གཞན་མ་ཡིན་ཏེ་ཉན་རང་དགྲ་བཅོམ་པས་ཀྱང་ཕྱག་བྱ་བའི་འོས་ཡིན་པས་ན་སངས་རྒྱས་དཀོན་མཆོག་གི་ཁུངས་སུ་གཏོགས་པ་ཡིན་ཞེས་གསུངས་པ་ནི་ཐེག་ཆེན་ཐུན་མོང་བའི་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་མཆོག་གསུམ་གྱི་རྣམ་བཞག་གསུངས་པའི་ཚུལ་ལོ། །

ཡང་ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་བཞེད་པ་ནི། རྒྱུད་བླ་མ་ལས། གསུངས་པ་ལྟར་སངས་རྒྱས་ནི་དོན་གཉིས་ཡོན་ཏན་བརྒྱད་ལྡན། ཆོས་ནི་འགོག་ལམ་ཡོན་ཏན་བརྒྱད་ལྡན། དགེ་འདུན་ནི་རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཞེས་གསུངས་ཏེ། དང་པོ་སངས་རྒྱས་དོན་གཉིས་ཡོན་ཏན་བརྒྱད་ལྡན་དུ་གསུངས་པ་ནི་གཙོ་ཆེར་ངོ་བོ་ཉིད་སྐུའི་སྟེང་ནས་འཇོག་པ་ཡིན་ལ། སྤྱིར་ཐེག་ཆེན་གྱི་སྐབས་ན་སངས་རྒྱས་སྤྲུལ་སྐུ་ཡང་སངས་རྒྱས་སུ་མི་བཞེད་པ་མ་ཡིན་ལ་སྐབས་འདིར་ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོའི་སྐབས་སུ་མཆོག་གསུམ་གྱི་ཡ་གྱལ་སངས་རྒྱས་ཞེས་པ་དེ་གཙོ་ཆེར་ངོ་བོ་ཉིད་སྐུའི་སྟེང་ནས་བཞག་པ་ཞིག་ཡིན་ཏེ། དེ་ཡང་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་གཞན་གྱི་རྐྱེན་གྱིས་རྟོགས་མིན་པ་སྟེ་རང་དོན་ཕུན་ཚོགས་ཀྱི་ཆོས་གསུམ་དང་། མཁྱེན་པ་དང་བརྩེ་བ་དང་ནུས་པ་གསུམ་ནི་གཞན་དོན་ཕུན་ཚོགས་ཀྱི་ཆོས་གསུམ་སྟེ་དྲུག་ཡིན་ལ། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དབྱེ་གཞི་གཉིས་པོ་དབྱེ་བ་རུ་རྩིས་ཏེ་བརྒྱད་པོ་ནི་དོན་གཉིས་ཡོན་ཏན་བརྒྱད་ལྡན་ཡིན་ལ་དེ་མ་རྩིས་ན་དྲུག་ལྡན་དུ་བརྗོད་ཀྱང་ཆོག་གོ། དེ་ལ་འདིར་ངོ་བོ་ཉིད་སྐུ་རུ་གོ་བའི་རྒྱུ་མཚན་དང་པོ་འདུས་མ་བྱས་པ་ནི། དེ་ལས། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་གསུངས་པ་ལྟར་སངས་རྒྱས་ནི། འདུས་མ་བྱས་པ་ཡིན་ཏེ་ཐོག་མ་དབུས་མཐའ་གསུམ་དང་བྲལ་བའི་ཕྱིར། དེ་གསུམ་དང་བྲལ་ན་འདུས་མ་བྱས་ཡིན་པའི་རྒྱུ་མཚན་ཡང་། ཐོག་མར་སྐྱེ་བ་ཡང་མེད། བར་དུ་གནས་པ་ཡང་མེད། མཐར་འགག་པ་མེད་ན་འདུས་མ་བྱས་ཡིན་ཏེ། སྐྱེ་འགག་གནས་གསུམ་དང་ལྡན་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྐྱེ་འགག་གནས་གསུམ་དང་བྲལ་བ་ནི་འདུས་མ་བྱས་ཡིན་པས་ན་སངས་རྒྱས་འདུས་མ་བྱས་ཡིན་པ་དང་། ལྷུན་གྱིས་གྲུབ་པ་ནི། དེ་ལས། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །ཅེས་གསུངས་པས་ན་ལུས་ངག་གིས་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་བརྙེས་པས་ན་ལྷུན་གྱིས་གྲུབ་ཅེས་བྱ་བ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་ནི། དེ་ལས། སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་གསུངས་པས་དེ་ལྟ་བུའི་འདུས་མ་བྱས་ཤིང་ཆོས་ཀྱི་སྐུ་ཞི་བ་བརྙེས་པ་དེའང་སྒྲ་དང་རྟགས་ལ་སོགས་པས་རྐྱེན་གཞན་ལ་ལྟོས་མི་དགོས་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་དེ་གསུམ་ནི་རང་དོན་རྟོགས་པའི་ཡོན་ཏན་གསུམ་ཡིན་ནོ། །ཡང་གཞན་དོན་མཁྱེན་པའི་ཡོན་ཏན་གསུམ་ཀྱང་མངའ་བ་ཡིན་ཏེ། དེ་ལས། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་གསུངས་པས་གོང་དུ་འདུས་མ་བྱས་པ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་དང་། ལྷུན་གྱིས་གྲུབ་པ་གསུམ་པོ་ནི་རྟོགས་ཤིང་མཁྱེན་པའི་ཡོན་ཏན་ཡིན་ལ། བརྩེ་བའི་ཐུགས་རྗེ་ནི། དེ་ལས། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ཞེས་གསུངས་པས་རང་གིས་དེ་ལྟར་རྟོགས་དོན་དེ་ཉིད་གཞན་ལ་བརྩེ་བས་རྗེས་སུ་བསྟན་པས་ན་བརྩེ་བའི་བདག་ཉིད་ཅན་ཡིན་ནོ། །བྱང་ཆུབ་པའི་བདག་ཉིད་ནི། དེ་ལས། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །ཞེས་པ་སྟེ་དེ་ལྟ་བུའི་ཐར་ལམ་ཡང་དག་གི་འཇུག་ངོགས་དེ་ཉིད་གཞན་ལ་བརྩེ་བས་རྗེས་སུ་བསྟན་པས་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་སྟེར་བའི་ཕྱིར་ན་སངས་རྒྱས་དེ་ནི་མཁྱེན་བརྩེ་ནུས་གསུམ་མངའ་བའི་བདག་ཉིད་ཅན་ཡིན་ནོ། །དོན་འདི་ལྟ་བུ་ནི་ཤེར་ཕྱིན་མངོན་རྟོགས་རྒྱན་དུའང་། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟ་བུ་དང་དོན་གཅིག་ཡིན་ལ་དེའང་གཞུང་དེར་སྐུ་གསུམ་མཛད་པ་དང་བཅས་པ་ཞིག་མངོན་རྟོགས་བཞིའི་ཆོས་སྐུར་མཚོན་པར་བྱས་པ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བརྗོད་ཡོད་ན་ཐུབ་པའི་ངོ་བོ་ཉིད་སྐུ་སོགས་གསུངས། དབྱིངས་དག་པ་གཉིས་ལྡན་གང་ཞིག་ཟག་མེད་ཀྱི་ཆོས་འདུ་འབྲལ་མེད་པ་ལ་ངོ་བོ་ཉིད་སྐུ་ཞེས་བརྗོད་པ་ལྟར་གོང་དུ་རྒྱུད་བླ་མ་ལས་ཀྱང་དབྱིངས་འདུས་མ་བྱས་པ་གང་ཞིག་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་འདུ་འབྲལ་མེད་པ་ཞིག་ལ་འཇོག་པ་ཡིན་པས་ན་སངས་རྒྱས་དཀོན་མཆོག་ནི་དེ་ལྟ་བུའི་ཐུན་མོང་མིན་པའི་ཚུལ་གྱིས་ངོས་འཛིན་པ་ཡིན་ནོ། །གཞན་ཡང་རྒྱུད་བླ་མ་རང་གི་བྱང་ཆུབ་བཤད་པའི་སྐབས་སུ་ཡང་། གྲོལ་བའི་སྐུ་ནི་རྫོགས་པ་དང་། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཞེས་གསུངས་པས་རྣམ་གཉིས་ཞེས་པ་ནི་གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་སྟེ་གྲོལ་བའི་སྐུ་ནི་མཉམ་བཞག་ཏུ་ཇི་ལྟ་བ་སྒོམ་པས་སྤང་བྱ་ཉོན་སྒྲིབ་སྤངས་པས་སྤང་བ་ཡོངས་སུ་རྫོགས་པ་དང་། ཆོས་ཀྱི་སྐུ་ནི་རྗེས་ཐོབ་ཏུ་ཇི་སྙེད་པའི་ཚུལ་ལ་ཕྱིན་ཅི་མ་ལོག་པར་བསླབས་པས་སྤང་བྱ་ཤེས་སྒྲིབ་སྤངས་པས་རྟོགས་པ་ཡོངས་སུ་སྦྱོང་བ་སྟེ་དེ་གཉིས་ཀའང་ཐུན་མོང་དུ་འདུས་མ་བྱས་པའི་རྣམ་པ་གཅིག་སྟེ་གྲོལ་བའི་སྐུ་ནི་ཟག་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་དང་ལྡན་པའི་ཕྱིར་དང་། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་དང་ལྡན་པའི་ཕྱིར་དང་། དེ་གཉིས་ཀའང་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་རྒྱུད་བླ་མ་རང་གི་ལུགས་ལའང་སངས་རྒྱས་ངོ་བོ་ཉིད་སྐུ་ནི་མཚན་ཉིད་ལྔ་ལྡན་དང་ཡོན་ཏན་ལྔ་ལྡན་གྱི་བདག་ཉིད་དུ་བཞེད་པ་ཡིན་ཏེ། དེ་ཡང་། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་གསུངས་པས་ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་དེ་གང་ཡིན་ན། དེ་ལས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་བ། དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཞེས་པས་འདུས་མ་བྱས་ཤིང་ཞེས་པ་ནི་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པ་དང་གཅིགརྣམ་དབྱེར་མེད་ཅེས་པ་ནི་དབྱིངས་དག་པ་གཉིས་ལྡན་དང་རྣམ་དབྱེར་མེད་པའི་བདག་ཉིད་ཅན་ཡིན་པ་དང་གཉིས། མཐའ་གཉིས་དག་ནི་རྣམ་པར་སྤངས་ཞེས་པ་ནི་བདག་དང་བདག་མེད་ཀྱི་སྤྲོས་པའི་མཐའ་གཉིས་དང་བྲལ་བའི་བདག་ཉིད་ཅན་དང་གསུམ། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང་བཞི། དྲི་མེད་རྣམ་པར་རྟོག་མེད་ཅེས་པ་ནི་དེ་ལྟ་བུའི་དབྱིངས་དེ་ཉིད་ངོ་བོ་ཉིད་ཀྱི་དྲི་མས་དག་པས་དྲི་མ་མེད་པ་དང་། རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་རྣམ་པར་རྟོག་མེད་ཅེས་པ་སྟེ་དེ་ལྟ་བུའི་མཚན་ཉིད་ལྔ་ལྡན་གྱི་ངོ་བོ་ཉིད་སྐུ་དེ་ཉིད་སུ་ཞིག་གིས་རྟོགས་ན་དེ་ནི་རྣལ་འབྱོར་རྣམས་ཀྱིས་ཡུལ་ཡིན་པའི་ཕྱིར་ཏེ་སངས་རྒྱས་ཁོ་ནས་སྤྱོད་ཡུལ་ཡིན་པས་སོ། །དེ་བཞིན་དུ་ངོ་བོ་ཉིད་སྐུ་དེ་ཉིད་ཡོན་ཏན་ལྔ་ལྡན་ཇི་ལྟར་ཡིན་སྙམ་ན། དེ་ཉིད་ལས། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཞེས་གསུངས་པའི་དང་པོ་གཞལ་མེད་ཡིན་པའི་རྒྱུ་མཚན་ཡང་། དེ་ལས། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤང་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་པས་ངོ་བོ་ཉིད་སྐུ་དེ་གཞལ་དུ་མེད་པའི་བདག་ཉིད་ཅན་ཡིན་ཏེ། དེ་ལ་ཡོན་ཏན་གྱི་ཚོགས་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་དང་ཚད་མེད་པའི་ཕྱིར། ༡ དེ་བཞིན་གྲངས་མེད་གྲངས་ཀྱིས་གྲངས་སུ་མེད་པའི་ཡོན་ཏན་མངའ་བས་གྲངས་ཀྱི་ཚད་གཞལ་བ་དང་བྲལ་བའི་ཕྱིར། ༢ དེ་ཉིད་བསམ་པའི་ཡུལ་ལས་འདས་པའང་ཡིན་ཏེ་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་ཕྱིར། ༣ ཡང་ངོ་བོ་ཉིད་སྐུ་དེ་ཆོས་ཅན། ཁྱོད་གང་དང་ཡང་མཉམ་པ་མེད་དེ། སངས་རྒྱས་འབའ་ཞིག་གི་ཡོན་ཏན་ཡིན་པའི་ཕྱིར། ༤ ཡང་དེ་ཆོས་ཅན། ཁྱོད་དག་པའི་མཐར་ཐུག་པ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའི་ཕྱིར་རོ། ༥ །དེ་ལྟ་བུའི་མཚན་ཉིད་ལྔ་དང་ཡོན་ཏན་ལྔའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་སྐུ་དེ་དང་གོང་དུ་སངས་རྒྱས་དཀོན་མཆོག་དོན་གཉིས་ཡོན་ཏན་བརྒྱད་ལྡན་དུ་བཤད་པ་དེ་གཉིས་དོན་ལ་གཅིག་ཏུ་འདོད་པ་ཡིན་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་བླ་མའི་དགོངས་དོན་གཉིས་གཅིག་ཏུ་དྲིལ་ཏེ་གསུངས་པ་དེ་ནི་ཐེག་པ་ཐུན་མོང་མིན་པའི་སངས་རྒྱས་དཀོན་མཆོག་ཏུ་ངོས་འཛིན་པ་ཡིན་ནོ། །ཆོས་དཀོན་མཆོག་ནི། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་འགོག་ལམ་ཡོན་ཏན་བརྒྱད་ལྡན་དུ་གསུངས་པ་དེའང་འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པ་ལ་བཞག་དགོས་ཞེས་གསུངས་པ་ལྟར་རོ། །དེ་ཡང་འགོག་པའི་ཡོན་ཏན་ནི། བསམ་མེད་གཉིས་མེད་རྟོག་མེད་ཅེས་གསུམ་གྱི་བསྟན་པ་དང་། ལམ་གྱི་ཡོན་ཏན་ནི། དག་གསལ་གཉེན་པོ་གསུམ་སྟེ་དེ་ལྟ་བུའི་འགོག་ལམ་གཉིས་ལ་དྲུག་ཏུ་དབྱེ་བའི་དབྱེ་གཞི་གཉིས་རྩིས་ན་བརྒྱད་ལྡན་ནོ། །དེ་ཡང་འགོག་བདེན་གྱི་ཡོན་ཏན་གསུམ་སྟེ་ཐོག་མར་བསམ་མེད་ཅེས་པ་ནི། དེ་ལས། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཅེས་པ་ལྟར་འཕགས་པ་འབའ་ཞིག་གི་སོ་སོ་རང་རིག་གིས་རྟོགས་པ་ལས་གཞན་སོ་སྐྱེ་སོགས་ཀྱིས་བསམ་བྱ་མིན་པར་བསྟན་པ་དང་། གཉིས་མེད་ནི། ལས་ཉོན་གཉིས་མེད་པ་དང་། རྟོག་མེད་ནི། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པའམ་ཡོད་མེད་ཡིན་མིན་སོགས་ཀྱི་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ལམ་བདེན་གྱི་ཡོན་ཏན་ནི། དེ་ལས། དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་། ཉི་མས་གཟུགས་གསལ་བ་དང་། ཉི་མས་མུན་པ་འཇོམས་པར་བྱེད་པ་སྟེ་གཅིག་ལའང་ཁྱད་པར་གསུམ་དང་ལྡན་པ་བཞིན་ལམ་བདེན་དེ་ཡང་ངོ་བོ་ཡེ་ནས་རྣམ་པར་དག་པ་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་འཇོམས་བྱེད་ཀྱི་གཉེན་པོ་བྱེད་པ་ལྟ་བུའི་ཆོས་གསུམ་ལྡན་གྱི་བདག་ཉིད་དུ་འདོད་དོ། །དགེ་འདུན་དཀོན་མཆོག་ནི། རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཏེ། དེའང་དེ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པས་རིག་གྲོལ་གྱི་ཡོན་ཏན་དྲུག་ལས་དང་པོ་རིག་པའི་ཡོན་ཏན་གསུམ་ནི། ཇི་ལྟ་བ་དང་ཇི་སྙེད་པ་དང་སོ་སོ་རང་གི་རིག་པ་སྟེ་གསུམ་དུ་ཡོད་པ་ལས། དང་པོ་ཇི་ལྟ་བ་རིག་པའི་ཡོན་ཏན་ནི། ཇི་ལྟ་ཆོས་ཉིད་ཡིན་ལ་ཆོས་ཉིད་ནི་བདག་མེད་གཉིས་ཀྱི་དོན་ཡིན་ཏེ། དེ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། ཞེས་པས་འགྲོ་བ་ཐམས་ཅད་གདོད་མ་ནས་ཆོས་དང་གང་ཟག་གི་བདག་མེད་རྣམ་པ་གཉིས་ཀྱིས་སྟོང་པའི་བདག་ཉིད་ཡིན་པ་ལ་ཡིན་པར་ཇི་ལྟ་བ་བཞིན་གཟིགས་པ་དེ་ལ་ཇི་ལྟ་བའི་རིག་པ་སྟེ། དེ་ནི་ས་དང་པོ་ཡན་ཆད་ཀྱི་རྒྱལ་སྲས་འཕགས་པ་རྣམས་ལ་མངའ་བས་སོ། །གཉིས་པ་ཇི་སྙེད་མཁྱེན་པའི་ཡོན་ཏན་ནི། དེ་ལས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་པས་དེ་ཡང་ཆོས་ཉིད་བདེ་གཤེགས་སྙིང་པོ་དེས་སེམས་ཅན་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་ཁྱབ་ཡོད་པ་དེ་ཉིད་སོ་སོ་རང་རིག་ཡེ་ཤེས་ཀྱིས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གཟིགས་པ་དེ་ནི་རྒྱལ་སྲས་འཕགས་པའི་ཆོས་ཅན་ཇི་སྙེད་གཟིགས་པའི་ཡེ་ཤེས་ཡིན་ནོ། །གསུམ་པ་སོ་སོ་རང་རིག་པའི་ཡོན་ཏན་ནི། དེ་ལས། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་དེ་ལྟ་བུའི་ཡེ་ཤེས་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་ནི་གཞན་དང་ཐུན་མོང་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་སྟེ་རིག་པའི་ཡོན་ཏན་གསུམ་དང་། དེ་བཞིན་གྲོལ་བའི་ཡོན་ཏན་གསུམ་ནི། དེ་ལས། དྲི་མེད་དབྱིངས་ལ་ཆགས་པ་མེད། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཞེས་པས་ཆགས་ཐོགས་དམན་སྒྲིབ་གསུམ་མམ་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་ཅི་རིགས་པ་ལས་གྲོལ་བས་ན་རྒྱལ་སྲས་འཕགས་པ་དེའང་གྲོལ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་ཐལ་འགྱུར་ཐུན་མོང་མ་ཡིན་པའི་ལུགས་ལ་ས་དང་པོ་ནས་བདུན་པའི་བར་དུ་ཤེས་སྒྲིབ་སྤང་བ་མི་འཇོག་པའི་ལུགས་ལྟར་ན་ཐེག་ཆེན་རྒྱལ་སྲས་འཕགས་པ་ཡིན་ན་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དུ་འཇོག་དགོས་པས་ས་བརྒྱད་པ་མ་ཐོབ་བར་དུ་འཇོག་དཀའ་བ་ལྟ་བུ་ཡིན་ལ། འོན་ཀྱང་རང་ལུགས་ལ་ས་དང་པོའི་མཐོང་སྤང་ནི་ཉོན་ཤེས་ཀུན་བཏགས་ཀྱི་ཆ་དང་། ས་གཉིས་པ་ཡན་ཆད་དུ་ཉོན་ཤེས་ལྷན་སྐྱེས་ཀྱི་ཆ་རྣམས་སྤང་ཚུལ་སོགས་ཐེག་པ་ཆེན་པོའི་ཤིང་རྟ་རྣམས་དགོངས་པ་འགལ་མེད་གཅིག་ཏུ་གསུངས་ཡོད་པ་དེའི་ཆ་ནས་གྲོལ་བའི་ཡོན་ཏན་ཅི་རིགས་འཇོག་ཐུབ་པ་སྟེ་དགེ་འདུན་དཀོན་མཆོག་ནི་དེ་ལྟར་རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཡིན་ནོ། །དེ་ལྟ་བུའི་དཀོན་མཆོག་དེ་ཉིད་རྣམ་པ་གསུམ་དུ་བཞག་དགོས་པའི་དོན་ཡང་། རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པས་དེ་ཡང་སྟོན་པ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ཞིང་ཐོབ་པར་འདོད་པ་རྣམས་དང་། སྟོན་པ་སངས་རྒྱས་ལ་ཆེད་དུ་གཉེར་ཏེ་བསོད་ནམས་བསགས་པར་འདོད་པ་རྣམས་དང་། སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྟོན་པ་སངས་རྒྱས་དེ་ཉིད་སྐྱབས་གནས་སུ་བཞག་པ་དང་། ཡང་གང་ཟག་རང་རྒྱལ་གྱི་རིགས་ཅན་འགའ་ཞིག་གིས་རྟེན་འབྲེལ་ཟབ་མོས་ཆོས་ཉིད་ཁོང་དུ་ཆུད་པར་འདོད་པ་དང་། དམ་པའི་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དམ་པའི་ཆོས་སྐྱབས་གནས་སུ་བཞག་པ་དང་། ཡང་གང་ཟག་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ཟུང་བཞི་ཡ་བརྒྱད་ཀྱི་ངོ་བོར་ཐོབ་པར་འདོད་པ་དང་། དགེ་འདུན་དཀོན་མཆོག་ལ་བརྟེན་ནས་བསོད་ནམས་བསགས་པར་འདོད་པ་རྣམས་དང་། དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་གནས་སུ་བཞག་པ་ཡིན་ནོ། །དེ་ལ་མཐར་ཐུག་གི་སྐྱབས་ནི། དེ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་གོང་དུ་དོན་གཉིས་ཡོན་ཏན་བརྒྱད་ལྡན་གྱི་སངས་རྒྱས་དཀོན་མཆོག་གམ་ངོ་བོ་ཉིད་སྐུ་དེ་ཉིད་སྐྱབས་གནས་མཐར་ཐུག་པ་ཡིན་པ་ནི། དེ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པས་སྐྱབས་གནས་གསུམ་ཀ་མཐར་ཐུག་གི་སྐྱབས་ཡིན་ནམ་ཞེ་ན་མ་ཡིན་སྟེ་ཆོས་ལ་ལམ་བདེན་དང་འགོག་བདེན་གཉིས་ལས། །ལམ་བདེན་དེ་ལའང་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ་དེ་ནི་མིང་ཚིག་ཡི་གེ་འདུས་པའི་བདག་ཉིད་ཅན་ཡིན་པས་ན་ཆུ་བརྒལ་ཟིན་ན་གཟིངས་དོར་ནས་འགྲོ་བ་ལྟར་ཕ་རོལ་སངས་རྒྱས་ཀྱི་ས་ཐོབ་ཟིན་ན་དེ་ལྟ་བུའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚོགས་ལ་སྐྱབས་སུ་འགྲོ་མི་དགོས་པས་ན་སྤང་བའི་ཕྱིར་དང་། རྟོགས་པའི་ཆོས་ནི་ཐེག་པ་གསུམ་གྱི་སློབ་པའི་ལམ་བདེན་རྣམས་ཀྱང་རྟོགས་པ་གོང་ནས་གོང་དུ་བསྒྲོད་པ་སྔ་མ་ལས་ཕྱི་མ་ཁྱད་པར་དུ་གྱུར་པ་ཡིན་པས་ན་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། ཉན་རང་འཕགས་པ་ལ་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་འཕགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་སོ་སོའི་སྐྱེ་བོ་རྣམས་ནི་ད་དུང་ངན་སོང་གི་འཇིགས་པ་དང་བཅས་པའི་ཕྱིར་ན་དེ་གཉིས་གཏན་གྱི་སྐྱབས་གནས་མཆོག་ཏུ་འགྱུར་བ་མ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་། ལམ་གྱི་བདེན་པ་དེ་ནི་འདུས་བྱས་ཡིན། འདུས་བྱས་གང་ཡིན་པ་དེ་རྫུན་པ་བསླུ་བ་ཡིན། རྫུན་པ་བསླུ་བ་དེ་ནི་མི་བདེན་པ་ཡིན། མི་བདེན་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན། མི་རྟག་པ་གང་ཡིན་པ་དེ་ནི་སྐྱབས་མ་ཡིན་ཞེས་གསུངས་པ་ལྟར་རོ། །དེ་ལ་འགའ་ཞིག་གིས་ལམ་བདེན་འདི་ལ་འཕགས་པའི་མཉམ་བཞག་ནི་སྤྲོས་བྲལ་འབའ་ཞིག་གི་ཆ་ཡིན་པས་ན་དེ་འཕོ་འགྱུར་སོགས་མེད་ལ་ལམ་བདེན་རྗེས་ཐོབ་ཀྱི་ཆ་དེ་ཉིད་བསླུ་བའི་ཆ་ལ་བཞག་དགོས་ཞེས་གསུངས་པ་ལྟ་བུ་ཡོད་ནའང་ལྕང་མ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་ཀྱིས་གསུངས་ཚུལ་ནི་དཔེར་ན་འདི་ནས་ཡར་བལྟས་ན་ཉི་མའི་དཀྱིལ་འཁོར་ཇི་བཞིན་པར་མཐོང་ནའང་ཡར་ཇེ་ཉེར་སོང་ན་གསལ་སྣང་ཁྱད་པར་ཅན་དུ་འགྱུར་རྒྱུ་ཡོད་པ་བཞིན་དུ་སློབ་པ་འཕགས་པའི་མཉམ་བཞག་དེ་ཡང་ཆོས་ཉིད་ཇི་ལྟ་བ་བཞིན་མཐོང་བ་ཡིན་ནའང་ས་དང་པོ་ནས་བཅུ་པའི་བར་གྱི་དྲི་མའི་ཚོགས་རིམ་བཞིན་སྦྱོང་བའི་སྟོབས་ཀྱིས་སྔར་ལས་ཆོས་ཉིད་གསལ་སྣང་ཁྱད་པར་ཅན་ཐོབ་རྒྱུ་ཡོད་པ་ཡིན་གསུངས་པས་ན་ལམ་བདེན་མཉམ་རྗེས་གཉིས་ཀྱི་ཆ་ཡང་འདུས་བྱས་སུ་འགྱུར་བ་ཡིན་པ་དེ་ལ་དགོངས་ནས་འཕགས་པ་ཐོགས་མེད་ཀྱིས་ལམ་བདེན་ནི་འདུས་བྱས་མི་རྟག་པ་ཡིན་པས་ན་སྐྱབས་གནས་མཐར་ཐུག་ཉིད་དུ་མི་བཞག་ཅེས་གསུངས་སོ། །འོ་ན་མཐར་ཐུག་སྐྱབས་གསུམ་མི་ཚང་བར་འགྱུར་སྙམ་ན་དེའང་མིན་ཏེ། དེ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པས་ཐུབ་པ་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ་ཆོས་ནི་རྟོགས་པ་ཆོས་སྐུ་དང་བསྟན་པ་ཆོས་སྐུ་གཉིས་ཡིན་པས་དེ་ལ་ཚང་བ་དང་། ཚོགས་མཐར་ཐུག་གམ་རིག་གྲོལ་མཐར་ཐུག་པའང་ཐུགས་རྒྱུད་ཡོན་ཏན་གྱི་ཆོས་དང་མི་འབྱེད་པ་ནི་དགེ་འདུན་ཏེ་དེའང་དེ་ལ་མངའ་བས་ན་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ་དཀོན་མཆོག་གསུམ་ཡང་དེར་འདུས་པས་སོ། །ཀུན་གཟིགས་མཁན་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་གསུང་སྒྲ་ཕབ་འཁོར་ལོ་ལས་བཤུས།


previousསྐྱབས་འགྲོའི་ཟིན་བྲིས་དད་པའི་སྒོ་འབྱེད།next