Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
ལེའུ་བདུན་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བདུན་པའི་རྣམ་པར་བཤད་པ།next

ལེའུ་བདུན་པའི་རྣམ་པར་བཤད་པ།

༈ དོན་གཉིས་པ་དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གསུང་སྔགས་ཀྱི་དཀྱིལ་འཁོར་དང་། སྐུ་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། གསུང་གི་དཀྱིལ་འཁོར་འབྱུང་བའི་རྒྱུ་བརྗོད། གསང་སྔགས་ཀྱི་དཀྱིལ་འཁོར་དངོས་བསྟན། རང་བཞིན་གཏན་ལ་དབབ་པའོ། །

དང་པོ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ༵་ནས༵་དེའི༵་ཡ༵ན་ལ༵ག་སྔགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ༵་བཞིན༵་གཤེ༵གས་པ༵་བཙུ༵ན་མོའི༵་ཚོག༵ས་ད༵ང་བ༵ཅས་པ༵་ཐ༵མས་ཅ༵ད་ཀྱི༵་སྐུ༵་དང༵་གསུ༵ང་དང༵་ཐུག༵ས་རྡོ༵་རྗེ༵་ལ༵ས་གསང་སྔགས་འདི༵་དག༵་ཕྱུང༵་ངོ༵་། །

གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། དབང་བསྐུར་བའི་སྔགས་སོ། །དང་པོ་ལ་བཞི་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་དང་། བརྟེན་པ་ལྷ་བསྐྱེད་པའི་སྔགས་དང་། འཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས་དང་། ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ལོ། །

དང་པོ་ནི། བྷྲུྃ་བི༵་ཤྭ༵་བི༵་ཤུ༵དྡྷེ༵་ཞེས་པས་ཏེ། བྷྲུྃ་ནི་རྣམ་སྣང་དང་། བུམ་པ་དང་། གཞལ་ཡས་ཁང་དང་། འཁོར་ལོ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བའི་ས་བོན་དུ་གྱུར་པ་ལས། འདིར་ནི་གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་དང་། གཞལ་ཡས་ཁང་པ་ཡང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པ་དང་། བུམ་པ་ཡང་གཞལ་ཡས་ཁང་པ་ཡིན་པས་ན་བྷྲུྃ་ལས་བསྐྱེད་པའོ། །སྔོན་སངས་རྒྱས་གཙུག་ཏོར་འཁོར་ལོས་སྒྱུར་བས་སངས་རྒྱས་དང་སེམས་ཅན་གྱི་དོན་དུ་གཞལ་ཡས་ཁང་པའི་སྨོན་ལམ་བཏབ་པས་ན་དེ་ཉིད་མཚོན་པའོ། །དེའང་འགྲེལ་ཆུང་ལས། གཙུག་ཏོར་འཁོར་ལོས་སྨོན་ལམ་རང་གི་སྔགས། །ཞེས་སོ། །འོད་རིམ་ལས། དཀྱིལ་འཁོར་སྣ་ཚོགས་བྷྲུྃ་དུ་འཕྲོ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། །ཞེས་པའི་དོན་ཏོ། །དེའང་ཕྱི་ལྷའི་ཁང་པ། ནང་ལྷའི་ས་བོན། གསང་བ་ཡུམ་གྱི་བྷ་ག་སྟེ། ཐལ་བའི་རྒྱུད་ལས། བྷྲུྃ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད་། །སངས་རྒྱས་རིན་ཅེན་ཟ་མ་ཏོག །ཅེས་སོ། །བི་ཤྭ་ནི་སྣ་ཚོགས་ཏེ་འཁོར་འདས་ཀྱི་ཆོས་སུ་སྣང་བ་ཐམས་ཅད། བི་ཤུདྡྷེ་རང་བཞིན་གྱིས་དག་པ་སྟེ། ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དེ་ཉིད་སངས་རྒྱས་ཀྱི་བཞུགས་གནས་སུ་བསྟན་པས། འདིར་དེ་མཚོན་པར་བྱེད་པས་གཞལ་ཡས་ཁང་པའོ། །

གཉིས་པ་ལྷ་བསྐྱེད་པའི་སྔགས་ལ་དྲུག་ལས། དང་པོ་(༡༣༩)རིགས་ལྔ་ཡབ་ཡུམ་གྱི་སྔགས་ནི་ཧཱུྃ་བཛྲ་དྷྲིཀ྄་ལ་སོགས་པ་ལྔ་ཚན་གཉིས་ཏེ། དེ་ཡང་ཡབ་ཀྱི་སྔགས་སོ་སོའི་དང་པོ་ཧཱུ༵ྃ་ཨཱོ༵ཾ་སྭཱ་ཨཱ༵ཾ་ཧཱ༵་ལྔ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་སྐྱེད་པར་བྱེད་པའི་ས་བོན་ནོ། །དེ་ཉིད་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་ཡིན་ཏེ། གསང་འདུས་ལས། རྡོ་རྗེ་འཛིན་དང་རྒྱལ་བའི་རྒྱལ། །རིན་ཅེན་འཛིན་དང་ཆགས་ཆེན་མཚོན། །ཤེས་རབ་འཛིན་པ་ཞེས་བྱ་སྟེ། །ཞེས་པ་དང་། དགོངས་འདུས་ལས། སྐུ་མཚོན་པར་བྱེད་པ་ལ་ནི་ཞེས་ཐ་སྙད་དུ་བྱས་སོ། །ཞེས་པ་ལ་སོགས་པའོ། །བ༵ཛྲ༵་དྷྲི༵ཀ྄་ལ་སོགས་པ་ནི་དེ་དག་གི་རང་བཞིན་མཚོན་པ་ངོ་བོའི་སྔགས་སོ། །བཛྲ་ནི་སྣང་སྟོང་གཉིས་སུ་མེད་པས་རྡོ་རྗེ་སྟེ་དྷྲིཀ྄་ནི་དེ་ཉིད་འཛིན་པར་བྱེད་པས་ན་མི་བསྐྱོད་པའོ། །ཛི༵་ན༵་ཛིཀྲ་དེ་བཞིན་དུ། ར༵ཏྣ༵་རིན་པོ་ཆེ། དྷྲི༵ཀ྄་ནི་འཛིན་པ་སྟེ་འགྲོ་བ་ལ་འདོད་དགུ་སྦྱིན་པས་རིན་ཅེན་འབྱུང་ལྡན་ནོ། །ཨ༵་རོ༵་ལི༵ཀ྄་ནི་གདུལ་བྱ་ལ་རྗེས་སུ་ཆགས་པས་འོད་དཔག་མེད་དོ། །པྲ༵ཛྙ༵་དྷྲི༵ཀ྄་ནི་གདུལ་བྱའི་དོན་དུ་ཤེས་རབ་སྣ་ཚོགས་འཆང་བས་དོན་ཡོད་གྲུབ་པའོ། །ཡུམ་གྱི་སྔགས་སོ་སོའི་དང་པོ་མཱུ༵ྃ་ལཱ༵ྃ་མཱ༵ྃ་པྱཱ༵ྃ་ཏཱ༵ྃ་ལྔ་ནི་ཡུམ་ལྔའི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་བསྐྱེད་པའི་ས་བོན་ནོ། །དེའི་རང་བཞིན་གྱི་ངོ་བོ་ནི་མཱུ༵ྃ་དྷཱ༵་ཏུ༵་ཤྭ༵་རི༵་ནི་རང་བཞིན་གྱིས་དག་པ་དབྱིངས་ཀྱི་དབང་ཕྱུག་མའོ། །ལཱ༵ྃ་ཏེ༵་ཥ་ར༵་ཏི༵་སངས་རྒྱས་ཐམས་ཅད་ཀྱི་བློན་མོ་སྟེ་སངས་རྒྱས་སྤྱན་ནོ། །མཱ༵ྃ་མོ༵་ཧ༵་ར༵་ཏེ་སེམས་ཅན་བདག་གིར་བྱེད་པས་མཱ་མ་ཀཱིའོ། །པྱཱ༵ྃ་རཱ༵་ག༵་ར༵་ཏི༵་ཉེས་པའི་དྲི་མས་མ་གོས་པས་གོས་དཀར་མོའོ། །ཏཱ༵ྃ་བཛྲ༵་ར༵་ཏི༵་སེམས་ཅན་འཁོར་བ་ལས་སྒྲོལ་བས་སྒྲོལ་མའོ། །

གཉིས་པ་ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྔགས་ལའང་གཉིས་ལས། ཡབ་ཀྱི་ཀྵི༵་ཏྲ༵ཾ་ཧྲི༵་ཛྲི༵ཾ་བཞི་ནི་རྩ་བའི་སྔགས་དང་བསྐྱེད་པའི་ས་བོན་ཡིན་ལ། ཧི༵་རཱ༵་ཛ༵་ཡཿས་དང་མིག་ལྟར་སེམས་ཅན་གྱི་དོན་བྱེད་པས་རྒྱལ་པོའོ། །ཨཱ༵་ག༵རྦྷ༵་ཡ༵ཿདགོས་འདོད་ཐམས་ཅད་འབྱུང་བའི་སྙིང་པོར་གྱུར་པའོ། །ཧ༵་ཧཱུ༵ྃ་པ༵དྨ༵་བ་ད་མ་ཆགས་པ་མེད་ཅིང་གདུལ་བྱའི་ཡིད་འཕྲོག་པས་པདྨ་ལྟ་བུའི་ཞལ་མངའ་བའོ། །ཀུ༵་རུ༵་པ་ན་ཧྲི་རྡོ་རྗེ་ལྟ་བུས་སེམས་ཅན་གྱི་དོན་མཛད་པའོ། །ཡུམ་བཞིའི་ཧཱུ༵ྃ་ཏྲཱ༵ྃ་ཧྲཱི༵་ཨཱ༵ཿརྩ་སྔགས་དང་ས་བོན་ནོ། །ལཱ༵་སྱེ༵་ས༵་མ༵་ཡ༵་སྟཱ༵ཾ་ནི་སྒེག་པའི་ཉམས་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་ནོས་ཤིག་པའོ། །མཱ༵་ལེ༵་ས༵་མ༵་ཡ༵་ཧོ༵་ནི་གཟུངས་དང་ཏིང་ངེ་འཛིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པར་བྱའོ་ཞེས་སོ། །གཱི༵རྟི༵་རཱ༵་གོ༵་ཧ༵ཾ་ནི་གླུ་དབྱངས་སྙན་པོ་ལྟ་བུས་སེམས་ཅན་ལ་རྗེས་སུ་ཆགས་པ་ནི་ང་ཡིན་ནོ་ཞེས་པའོ། །ནི༵རྟི༵་རཱ༵་ག༵་ཡཱ༵་མི༵་ནི་གར་སྒྱུར་བ་ལྟ་བུའི་འཕྲིན་ལས་ཀྱིས་སེམས་ཅན་ལ་རྗེས་སུ་ཆགས་པར་བྱའོ། །ཞེས་པའོ། །(༡༤༠)

གསུམ་པ་གསུང་གི་སེམས་དཔའ་ཡབ་ཡུམ་གྱི་སྔགས་ལ་གཉིས་ལས། ཡབ་ཀྱི་མཻ༵་ཐླྷིཾ་ཧཱུ༵ྃ་མུ༵ྃ་ནི་རྩ་སྔགས་དང་ས་བོན་ནོ། །དྷ༵་ར༵་ཎི༵་བྱམས་པས་སེམས་ཅན་རྗེས་སུ་འཛིན་པ་སྟེ། སྭཱ༵་ཧཱ༵་ནི་གཞི་ཚུགས་ཤིག་པའོ། །ནི༵སྶ༵་ར༵ྃ་བྷ༵་རེ༵་ཡ༵་སྭཱ༵་ཧཱ་ནི་འཐུག་པའམ་སྦྱང་དཀའ་བའི་སྒྲིབ་པ་སེལ་བའོ། །སྭ༵་ར༵་ཛ༵་ཡ་སྭཱ༵་ཧཱ༵་ནི་འཁོར་འདས་གཉིས་ལ་མི་གནས་པའི་རང་བཞིན་ཀུན་ཏུ་བཟང་པོའི་རྒྱལ་པོའོ། །ཤྲཱི༵་ཨཱ༵ཾ་རཱ༵་ག༵་ཡ༵་སྭཱ༵་ཧཱ༵་ནི་གཉིས་སུ་མི་གནས་པའི་དཔལ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །ཡུམ་བཞིའི་ཛ༵ཿཧཱུ༵ྃ་བ༵ྃ་ཧོ༵ཿནི་རྩ་སྔགས་དང་ས་བོན་ནོ། །དྷུ༵་པེ༵་པྲ༵་བེ༵་ཤ༵་ནི་ཚུལ་ཁྲིམས་ཀྱི་བདུག་སྤོས་གདུལ་བྱའི་རྒྱུད་ལ་འཇུག་པའོ། །པུ༵ཥྤེ༵་ཨཱ༵་བེ༵་ཤ༵་ནི་བྱང་ཆུབ་སེམས་ཀྱི་མེ་ཏོག་རྒྱས་པའི་ཆར་གདུལ་བྱའི་རྒྱུད་ལ་འབེབས་པའོ། །དཱི༵་པ༵་སུ༵་ཁི༵་ནི༵་ཡེ་ཤེས་ཀྱིས་སྒྲོན་མེས་མ་རིག་པའི་མུན་པ་སེལ་བའོ། །ག༵ནྡྷེ༵་ཙི༵ཏྟ༵་ཧོ༵ཿནི་བདུད་རྩིའི་ཆུ་རྒྱུན་གྱིས་གདུལ་བྱའི་རྒྱུད་ཚིམ་པར་བྱེད་པའོ། །

བཞི་པ་སྒོ་བ་ཡབ་ཡུམ་གྱི་སྔགས་ལ་གཉིས་ལས། ཡབ་ཀྱི་ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་བཞི་ས་བོན་ཏེ། དེའི་སྒྲས་སཾ་ཧ་ར་ཎ་སྡུད་པར་བྱེད་པ་སྟེ་གདུག་པ་ཅན་དབང་དུ་སྡུད་པའམ་གདུལ་བྱའི་རྒྱུད་ལ་ཆེ་བའི་ཡོན་ཏན་འཇོག་པའོ། །མཇུག་གི་ཕཊ༵་རྣམས་ཀྱི་སྒྲས་ཨ་སྥ་ར་ཎ་སྤྲོ་བའམ་གཏོར་བ་སྟེ། གདུག་པ་ཅན་འཐོར་བའོ། །ཡ༵་མཱ༵ན་ཏ༵་ཀྲ༵྇ཏ་ནི་འཆི་བདག་གཤིན་རྗེའི་གཟུགས་འཛིན་པའོ། །བི༵ག་ནཱ༵ནྟ༵་ཀྲ༵྇ཏ༵་ནི་བགེགས་མཐར་བྱེད་པའོ། །པ༵དྨ༵་ན༵་ཏ་ཀྲ༵྇ཏ༵་ནི་འཁོར་བའི་འདམ་གྱིས་མ་གོས་པའོ། །པྲ༵ཛྙཱ༵ན༵་ཏ༵་ཀྲ༵྇ཏ་ནི་ཉོན་མོངས་པའི་བདུད་འཇོམས་པའོ། །ཡུམ་གྱི་ཨཱོ༵ཾ་དང་ཕཊ༵་ནི་སྔར་དང་འདྲའོ། །མ༵ཧཱ༵་བ༵ཛྲ༵་དྷ༵་རོ་མ༵ཧཱ༵་ཀྲོ༵་དྷེ་ཤྭ༵་རཱི༵་ཛྭ༵་ལ༵་ནི༵་ཧཱུ༵ྃ་ཞེས་པ། རྡོ་རྗེའི་གཟུངས་མ་ཆེན་མོ་ཁྲོ་མོ་དབང་ཕྱུག་འབར་མ་ཆེན་མོ་ཞེས་པའོ། །དེ་བཞིན་དུ་ར༵ཏྣ༵་རིན་པོ་ཆེ། པ༵དྨ༵་ནི་སྐད་སོར་བཞག་སྟེ་པདྨ། ཀ༵རྨ༵་ནི་འཕྲིན་ལས་ཀྱི་ཁྲོ་མོའོ། །

ལྔ་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཡབ་ཀྱི་སྔགས་ལ་ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་གསུམ་ནི་ཁམས་གསུམ་གྱི་སེམས་རྒྱུད་དག་པ་ཡེ་ཤེས་གསུམ་མོ། །བ༵ཛྲ༵་ཙི༵ཏྟ༵་ཧཱུ༵ྃ་༼ༀ་ཡིན་སྙམ་༽ནི་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཅན་ནོ། །ཡུམ་གྱི་ཨ༵་ཨ༵་ཨ༵་གསུམ་ནི་སྒོ་གསུམ་དུས་གསུམ་དབྱིངས་གསུམ་སྐྱེ་བ་མེད་པའོ། །བ༵ཛྲི་བྷ༵་དྲ༵་ས༵་མ༵ནྟ༵་ཨ༵་ནི་དེ་ཉིད་ཀུན་ཏུ་བཟང་མོའི་རང་བཞིན་དུ་དག་པའོ། །

དྲུག་པ་ཐུབ་པ་དྲུག་གི་སྔགས་ནི། ཨཱོ༵ཾ་ནི་སྔགས་ཀྱི་ཚོགས་བྱིན་གྱིས་རློབ་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །མུ༵་ནེ༵་ནི་ཐུབ་པའོ། །ཀྲེཾ་ནི་སྲིན་པོ་ལ་སོགས་པ་རྣམ་པར་མ་ཞི་བ་སྟེ་འདིར་ལྷ་མ་ཡིན་ནོ། །སྭཱ༵་ཧཱ༵་གཞི་ཚུགས་ཤིག་པའོ། །དེ་བཞིན་དུ་སྦྱར་ཏེ། ཏྲཱུ༵ྃ་ནི་སྲེད་པས་བཅིངས་པས་ཏེ་མིའི་སྙིང་པོའོ། །སྲུ༵ྃ་ནི་བློ་གྲོས་རྟུལ་བ་སྟེ་དུད་འགྲོའོ། །(༡༤༡)བྲཾ་ནི་བཀྲེས་སྐོམ་གྱིས་གདུངས་པ་སྟེ་ཡི་དྭགས་སོ། །ཀྵ༵ྃ་ནི་བཟོད་ལྡན་ཏེ་ལྷའི་སྙིང་པོའོ། །ཡེ༵་ནི་ཐུར་དུ་ལྷུང་བ་སྟེ་དམྱལ་བའི་སྙིང་པོའོ། །

གསུམ་པ་འཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས་ལ་གསུམ་ལས། དང་པོ་སྤྱན་དྲང་ཞིང་བསྟིམ་པའི་སྔགས་ནི། ཨོ༵ཾ་ཨེ༵་ཧྱེ༵་ཧི༵་བྷ༵་ག༵་ཝཱན༵་མ༵ཧཱ༵་ཀཱ་རུ༵་ཎི༵་ཀཱ༵་དྲ༵྇་ཤྱ༵་ཧོ༵་ས༵་མ༵་ཡ༵་སྟྭ༵ཾཿཞེས་པ་ནི་ཚུར་བྱོན་ཚུར་བྱོན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐུགས་རྗེས་གཟིགས་ལ་དམ་ཚིག་ལ་ནོས་ཤིག་པའོ། །ཛ༵ཿཧཱུ༵ྃ་བ༵ྃ་ཧོ༵ཿནི་ལྕགས་ཀྱུས་དགུག་ཞགས་པས་བཅིངས་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་དབང་དུ་བྱེད་པའོ། །

གཉིས་པ་རིག་པའི་མེ་ཏོག་གཏོར་བའི་སྔགས་ནི་ཨོ༵ཾ་ཨཱྃཿཧཱུྃ་སྭཱཿཧཱ་ནི་རིགས་ལྔ་དང་ཡེ་ཤེས་ལྔའོ། །བ་དང་ཛྲ་དང་ས་དང་མ་དང་ཡ་རྣམས་སོ་སོར་སྦྲེངས་པ་ནི་ཡི་གེ་བཀྲམ་པ་སྟེ་གོང་འོག་གི་ཡི་གེ་ལྔ་དང་སྦྱར་ལ་ཡི་གེ་བཏུ་བར་བྱ་སྟེ། ༀ་བ༵ཛྲ༵་ས༵་མ༵་ཡ༵་ཨོ༵ཾ་ནི་སྐུའི་དམ་ཚིག་གིས་སྐུར་བསྒྲུབ་པའོ། །ཨཱཿབ༵ཛྲ༵་ས༵་མ༵་ཡ༵་ཨཱ༵ཿགསུང་གི་དམ་ཚིག་གིས་གསུང་དུ་བསྒྲུབ་པའོ། །ཧཱུྃ་བ༵ཛྲ༵་ས༵་མ༵་ཡ༵་ཧཱུ༵ྃ་ཐུགས་ཀྱི་དམ་ཚིག་གིས་ཐུགས་སུ་བསྒྲུབ་པའོ། །སྭཱ་བ༵ཛྲ༵་ས༵་མ༵་ཡ༵་སྭཱ༵་ཡོན་ཏན་གྱི་དམ་ཚིག་གིས་ཡོན་ཏན་དུ་བསྒྲུབ་པའོ། །ཧཱ་བ༵ཛྲ༵་ས༵་མ༵་ཡ༵་ཧཱ༵་འཕྲིན་ལས་ཀྱི་དམ་ཚིག་གིས་འཕྲིན་ལས་སུ་བསྒྲུབ་པའོ། །

གསུམ་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ཨོ༵ཾ། ཡེ༵་ཤེ༵ས་རྒྱལ༵་པོ༵་ཞེས་བཅོམ་ལྡན་འདས་ལ་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ༵་གསུ༵ང་ཐུག༵ས་ཡོ༵ན་ཏན༵་འཕྲི༵ན་ལ༵ས་རྨ༵ད་དུ༵་བྱུང༵་བ༵་ཆེན་པོའི་དངོས་གྲུབ་ལ་ད༵་ལྟ༵་ཉིད༵་དུ༵་མཉ༵མ་པར་སྦྱོར༵་བ༵འི་བདག་པོ༵ས། ལྷའི་སྐུ་གསུང་ཐུགས་ཕྱག༵་རྒྱ༵་ཆེ༵ན་པོ༵ར་ད་ལྟ་ཉིད་དུ་བད༵ག་སྦྱོར༵་ཅི༵ག་ཅེས་པ་དང་། ཨོ༵ཾ་བ༵ཛྲ་ས༵་མ༵་ཡ༵་ཧཱུ༵ྃ་གིས་སྐུའི་དམ་ཚིག་དུས་ལ་བབས་པར་བསྐུལ་བའོ། །ཨོ༵ཾ་བ༵ཛྲ་ས༵་མ༵་ཡ༵་སྟྭ༵ཾཿགྱིས་གསུང་གི༵་བ༵ཛྲ་ས༵་མ༵་ཡ༵་ཧོ༵ཿཞེས་པས་ཐུགས་ཀྱི་དམ་ཚིག་ལ་བསྐུལ་བའོ། །ཛ༵ཿཧཱུ༵ྃ་བ༵ྃ་ཧོ༵ཿཡིས་གཉིས་སུ་མེད་པར་བསྲེ་ཞིང་བརྟན་པར་བྱེད་པའོ། །

བཞི་པ་ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ནི་དེ་སྐད་ཅེས༵་བརྗོ༵ད་པ༵ས་གསུ༵ང་གསང་སྔགས་ཀྱི༵་དཀྱི༵ལ་འཁོ༵ར་དེ༵་དག༵་གི༵ས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་སྔགས་ཀྱི་སྒྲ་ཆེན་པོས་ཁྱབ་པར་གྲགས་སོ། །དེས་སེམས་ཅན་གྱི་རྒྱུད་ཀུན་སྨིན་པར་བྱས་པས་ར༵བ་ཏུ༵་གྲག༵ས་སོ༵། །གྲོལ་བར་བྱས་པས་ཀུན༵་ཏུ༵་གྲག༵ས་སོ༵། །ཡང་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཀྱི་སྒྲ་དང་སྒྲ་ལས་ཐོན་པའི་ཟེར་དང་ཟེར་ཀུན་ཏུ་འཕྲོས་པའི་སྣང་བ་ཆེན་པོ་ལ་ཡང་ཤེས་པར་བྱའོ། །

གཉིས་པ་དབང་བསྐུར་བའི་སྔགས་ལ་གཉིས་ལས། ཇི་ལྟར་གསུངས་པའི་ཚུལ་ནི་བསྐྱེད་པའི་སྔགས་བསྟན་པ་དེ༵་ན༵ས་བཅོ༵མ་ལྡ༵ན་འད༵ས་ཡིད་བྱེད༵་པ༵་པོ༵་རྡོ༵་རྗེ༵་ཀུན་ཏུ་བཟང་པོ་དང༵་ཆོས་བྱ༵་བ༵་མོ༵་རྡོ༵་རྗེ༵་ཀུན་ཏུ་བཟང་མོ་(༡༤༢)གཉིས༵་སུ༵་མེ༵ད་པ༵འི་གསུང་གི་དཀྱི༵ལ་འཁོ༵ར་ལ༵་ཐི༵མ་པ༵ར་མཛ༵ད་དོ༵། །ཐིམ་པར་མཛད་པ་དེ༵་ན༵ས་ཕྱོག༵ས་བཅུ༵་དུས༵་བཞི༵འི་དེ༵་བཞི༵ན་གཤེ༵གས་པ༵་ཐམས་ཅད་ཀྱི་བད༵ག་ཉིད༵་ཆེན༵་པོ༵་ཀུན་ཏུ་བཟང་པོས༵། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཆེན་པོའི་བད༵ག་ཉིད༵་ཀྱི་དངོས་གྲུབ་ཆེ༵ན་པོའི༵་ཡེ༵་ཤེ༵ས་དང༵་གཟི་བྱིན༵་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུ༵་བ༵་ཞེས༵་བྱ༵་བ༵འི་གསང་སྔགས་འདི༵་ཉིད། སྟོན་པ་ཡབ་ཡུམ་གྱི་སྐུ༵་དང༵་གསུང༵་ཐུག༵ས་གཉིས་སུ་མེད་པ་རྡོ༵་རྗེ༵འི་རང་བཞིན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒྱུ༵་འཕྲུ༵ལ་དྲྭ༵་བ༵་ལ༵ས་བྱིན་གྱི་རླབས་ཀྱིས་རང་ཤར་དུ་བྱུང༵་ངོ་། །

གཉིས་པ་སྔགས་དངོས་ལ་གསུམ་ལས། དང་པོ་དྲི་མ་འཁྲུད་པ་ཡེ་ཤེས་ལྔས་དབང་བསྐུར་བ་ནི། ཨོ༵ཾ་མ༵ཧཱ༵་ཤཱུ༵་ནྱ༵་ཏཱ༵་ཛྙཱ༵་ན༵་བཛྲ༵་སྭ༵་བྷཱ༵་ཝཱ༵་ཨཱ༵ཏྨ༵་ཀོ༵྅ཧ༵ཾ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་རྡོ་རྗེའི་ངོ་བོ་ཉིད་ཀྱི་བདག་ཉིད་ནི་ངའོ་ཞེས་པའོ། །དེ་བཞིན་དུ་སྦྱར་ཏེ། ཨཱ༵་ད༵ར་ཤ༵་མེ་ལོང་ལྟ་བུ། པྲ༵ཏྱ༵་བེ༵ཀྵ༵་ཎཱ༵་སོ་སོར་རྟོག་པ། ས༵་མ༵་ཏཱ༵་མཉམ་པ་ཉིད། ཀྲ༵྇་ཏྱཱ༵་ནུཥྛཱ༵ན་བྱ་བ་ནན་ཏན། ཛྙཱ༵་ན༵་བ༵ཛྲ་སྭ༵་བྷཱ༵་ཝ༵་ཨཱ༵ཏྨ༵་ཀོ༵྅ཧ༵ཾ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་པའོ། །དེ་ལྟར་དབང་བསྐུར་བའི་དོན་ནི་སྐབས་འདིར་རང་རང་གི་རིགས་བདག་གང་ཡིན་པ་ཚོན་གང་བ་རེས་དབུ་བརྒྱན་པ་སྟེ། ཐལ་བ་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་བསྟན། །བྱམས་པ་ས་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱ་སྟེ། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བས་དཔའ་བོ་ཆེ། །ཞེས་གསུངས་པ་བཞིན་ནོ། །འོ་ན་འདིར་གཙོ་བོ་ལ་རྣམ་སྣང་གིས་བརྒྱན་པར་རིགས་སོ་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་སུ་མཚོན་པས་མི་བསྐྱོད་པ་ཉིད་རིགས་སོ། །མི་བསྐྱོད་པ་ལ་ནི་རྣམ་སྣང་སྟེ་སྐབས་འདིར་སྐུ་མཚོན་པའི་ཕྱིར་རོ། །འདིར་ལྷ་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པའོ། །

གཉིས་པ་ནུས་པ་འཇུག་པ་རིགས་ལྔས་བྱིན་གྱིས་བརླབ་པའི་སྔགས་ནི། ཨོ༵ཾ་ས༵རྦ༵་ཏ༵་ཐཱ༵་ག༵་ཏ༵་མ༵ཧཱ༵་ཀཱ༵་ཡ༵་བཛྲ༵་སྭཱ༵་བྷཱ༵་ཝ་ཨཱ༵ཏྨ༵་ཀོ༵྅ཧ༵ཾ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཆེན་པོ་ང་ཡིན་ནོ་ཞེས་པའོ། །དེ་བཞིན་དུ། ཝཱ༵་ཀ༵་བ༵ཛྲ༵་གསུང་རྡོ་རྗེ། ཙི༵ཏྟ༵་བ༵ཛྲ༵་ཐུགས་རྡོ་རྗེའོ། །ཨ༵་ནུ༵་རཱ༵་ག༵་བ༵ཛྲ༵་ཡོན་ཏན་རྡོ་རྗེ། པཱུ༵་ཛ༵་བ༵ཛྲ༵་འཕྲིན་ལས་རྡོ་རྗེའོ། །དེ་དག་གིས་ལྷ་ཐམས་ཅད་ཀྱི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་བསྐྱེད་དོ། །དེ་ལྟར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་སངས་རྒྱས་ཉི་ཁྲི་ཆིག་སྟོང་བས་ཀྱང་ལྷག་པར་གནས་ཏེ། གནས་ལྔར་གསལ་བཏབ་པའི་ཕྱིར་རོ། །ཉི་ཁྲི་ཆིག་སྟོང་ནི་སྐུ་གསུང་ཐུགས་གསུམ་བྱིན་གྱིས་རློབ་པའི་དབང་དུ་བྱས་ཏེ། ཐལ་བ་(༡༤༣)ལས། གནས་གསུམ་ཁྱབ་པའི་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་བརླབས་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེའི་གནས་གསུམ་ལ། །རྒྱུ་གཉིས་ཚུལ་དུ་རང་སྣང་བའོ། །ཞེས་སོ། །དེའི་སྟེང་དུ་ལྟེ་བ་དང་གསང་བར་སྭཱ་དང་ཧཱ་ལས་ཡོན་ཏན་དང་འཕྲིན་ལས་གཉིས་ནི། དེ་ལས། ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་མཐུན་འོད་ཟེར་འཕྲོ་འདུ་ལས། །ཡོན་ཏན་རྫོགས་པའི་གཟི་བརྗིད་ལྡན། །ཞེས་སོ། །དེ་ལྟར་ན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རིགས་ལྔས་བརྒྱན་པའོ། །གསུམ་པ་དེ་ལས་བྱུང་བའི་བྱིན་རླབས་ཀྱི་སྣང་ཚུལ་ནི། དབང་བསྐུར་བ་དང་བྱིན་གྱིས་བརླབ་པའི་སྔགས་དེ་སྐད་ཅེ༵ས་བརྗོ༵ད་པ༵ས་ལྷ་དེ་དག་གི་དབང་གིས་བྱིན་རླབས་གདུལ་བྱའི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ༵་པར༵་གྱུར༵། དེས་ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གས༵ལ་བ༵ར་གྱུར༵། དེས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འོད་འབ༵ར་བ༵ར་གྱུར༵་ཏོ༵། །

གསུམ་པ་རང་བཞིན་གཏན་ལ་དབབ་པ་ལ་ལྔ་སྟེ། གསུང་གི་ངོ་བོ་བརྗོད་དུ་མེད་པ། རང་བཞིན་བསམ་གྱིས་མི་ཁྱབ་པ། གནས་ལུགས་གདོད་ནས་དག་པ། སྣང་ལུགས་མཆོག་ཏུ་གྱུར་པ། ཡིན་ལུགས་དབྱིངས་ལས་མ་གཡོས་པའོ། །

དང་པོ་ནི། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་ནི་ཁྱད་པར་དུ་འཕགས་པའི་ཕྱིར། ཨེ༵་མ༵་ཧོ༵་ངོ༵་མཚ༵ར་ཏེ་ཡ་མཚན་རྨ༵ད་དུ་བྱུང་བ་ཉིད་ཀྱི༵་ཆོས༵་ནི་ཡང་དག་པར་རྫོ༵གས་པ༵འི་སང༵ས་རྒྱས༵་ཀུན༵་གྱི༵་གསུ༵ང་མི་ཟད་པ་རྒྱན་གྱི་འཁོར་ལོ་དམ་པའོ། །ཇི་ལྟར་ངོ་མཚར་ན་གསུང་གི་ངོ་བོ་དེ་ཉིད་བརྗོད་པའི་སྒྲ༵་ད༵ང་ཆོས་ཀྱི་མི༵ང་ཚི༵ག་ཀུན༵་ལ༵ས་འད༵ས་བཞིན་དུ་འགྲོ་བའི་སྣང་བ་དང་མཐུན་པར་གསུང་དབྱངས་ཕུན་སུམ་ཚོགས་པ་སྣ༵་ཚོ༵གས་པའི་སྒྲ༵་སྐད་ཚད་མེད་པ་རྣམ༵ས་གས༵ལ་བ༵ར་འབྱུ༵ང་བས་ངོ་མཚར་བའོ། །

གཉིས་པ་ནི། སངས་རྒྱས་ཀྱི་གསུང༵་གཅི༵ག་དབྱངས་ཀྱི་ཡན་ལག་དྲུག་ཅུས་བརྒྱན་པས་ན་དཀྱི༵ལ་འཁོ༵ར་དམ་པའོ། །དེའི་ཡ༵ན་ལ༵ག་དྲུག་ཅུ་ནི༵། ཚངས་པའི་དབྱངས་དང་། སིལ་སྙན་དང་། གླུ་གར་དང་། ཀ་ལ་པིང་ཀ་དང་། འབྲུག་སྒྲ་དང་། སྒྲ་བརྙན་ཏེ་རྣམ་གྲངས་དྲུག་པོ་དེ་དག་རེ་རེ་ལའང་། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་ཀྱང་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ་བཅུ་བཅུར་འགྱུར་བས་དྲུག་ཅུའོ། །ཡང་ན་གདངས་ཆེ་བ། ཡོངས་སུ་ཁྱབ་པ། (༡༤༤)གོ་བར་མྱུར་བ། ཐེ་ཚོམ་གཅོད་པ། གཅིག་ལ་གཟིགས་པ་སྙམ་བྱེད་པ། ཉི་ཚེར་སྟོན་པ། ཀུན་ནས་འཇུག་པ། འདུན་པ་བསྐྱེད་པ། ཁྱད་དུ་ཞུགས་པ། ཐམས་ཅད་འདུལ་བ་སྟེ། རང་བཞིན་བཅུ་ལ་གནས་སྐབས་དྲུག་ཏུ་འགྱུར་བས་དྲུག་ཅུའོ། །དེ་ལྟར་བསྒྲེས་པས་དབྱངས་ཀྱི་ཡན་ལག་དྲུག་བརྒྱར་འགྱུར་ཞིང་། ཕྱོགས་བཅུ་དུས་བཞིས་ཕྱེ་བས་དྲུག་སྟོང་དང་། ཉི་ཁྲི་བཞི་སྟོང་དུ་འགྱུར་རོ། །དེའང་འཇིག་རྟེན་དྲུག་གིས་ཕྱེ་བས་རྣམ་གྲངས་བསམ༵་གྱི༵ས་མི༵་ཁྱབ༵་པས་ཞིང་ཁམས་ཀུན༵་ཏུ༵་ཁྱབ༵་ཅིང་། སེམས་ཅན་སོ་སོའི་སྒྲ༵་སྐད་དང༵་མི༵ང་ཚི༵ག་སོ༵་སོ༵ར་སྣང་བ་དང་མཐུན་པར་གྲ༵གས་ཤིང་གོ་བར་མཛད་དེ། སྒྲ་སྐད་དེ་དག་ཐ༵མས་ཅ༵ད་ཀྱང་གསུ༵ང་གི༵་ཕྱག༵་རྒྱའི༵་མཆོ༵ག་བརྗོད་དུ་མེད་པའི་རང་བཞིན་དུ་འདུས་པར་བསྟན་ཏོ། །

གསུམ་པ་ནི་རྒྱུད༵་ཐམས་ཅད་ཀྱི་མཆོ༵ག་སྒྱུ༵་འཕྲུ༵ལ་དྲྭ༵་བ༵་ལེའུ་སྟོང་ཕྲག་བརྒྱ་པ་ལ༵ས། འགྲོ་བ་ལ་ཕན་བདེ༵་དཔག་ཏུ་མེད་པ་དང་ལྡན༵་པའི་རྒྱུ་ཆོས་ཀྱི་སྒྲ་དབྱངས་ཡིན་པས་གསུ༵ང་གི༵་དོ༵ན་འབྱུང༵་བ་དེ་ཡ༵ང་། ཆོས་ཐམ༵ས་ཅད༵་གདོད་ནས་དྲི་མས་མ་གོས་པའི་ཆོས་ཉིད་པ༵དྨ༵་ལྟ་བུའི༵་ང༵ང་དུ་ཡེ་ནས་གྱུར༵་པས་ན༵། སྒྲ་སྐད་ཀྱི་ངོ་བོ་ཡང་རང་བཞིན་གྱིས་དག་པའི་ཆོས་ཉིད་སྟོང་པའི་ངོ་བོར་བསྟན་ཏོ། །དེའི་ཕྱིར་རྣམ་པར་གྲོལ༵་བ་ཐ༵ར་པའི་ལ༵མ་སྟོན་པ་ཐེག་པའི་སྒྲ་སྐད་དང༵་། འདོད་ཆགས་ལ་སོགས་པ་སྲིད་པར་སྦྱོར་བ་འཁོ༵ར་བའི༵་སྒྲ༵་སྐད་སྣ་ཚོགས་པ་ཇི༵་སྐད༵་བརྗོད༵་པ་ཐམས་ཅད་ཀྱང༵་དོན་ལ་གྲགས་སྟོང་སྐྱེ་བ་མེད་པའི་ཆོས་ཉིད་ལས་མ་འདས་པས། གསུང༵་གི་མཆོ༵ག་བརྗོད་དུ་མེད་པའི་རང་བཞིན་ཏེ༵་ཡེ་ནས་དག་པའི་ངོ་བོ་ཉིད་དོ། །དེའང་ཐར་ལམ་ཐེག༵་པ༵་མཐོ༵་དམ༵ན་གྱི་སྒྲ་སྐད་ཐམ༵ས་ཅ༵ད་ད༵ང་ཕྱིན་ཅི་ལོག༵་ངན་འགྲོ༵་གསུམ་ལ་སོགས་པ་སེམས་ཅན་མ༵་ལུ༵ས་པ་ཐ༵མས་ཅ༵ད་ཀྱི་སྒྲ་སྐ༵ད་ཀྱང་། དོན་ལ་གྲགས་སྟོང་སྐྱེ་བ་མེད་པའི་ངོ་བོ་ཡེ་ནས་བྱང༵་ཆུབ༵་པའི་གནས་ལུགས་བཟང་ངན་གཉིས་སུ་མེད་པའི་རྡོ༵་རྗེ༵་སྟེ་སངས་རྒྱས་ཀྱི་གསུ༵ང་བརྗོ༵ད་དུ་མེད་པར་བསྡུས༵་པའོ། །

བཞི་པ་ནི། གསུང་གི་ངོ་བོ་བརྗོད་དུ་མེད་པར་བསྡུས༵་པ་དེ༵་ཉི༵ད་ཀྱི་ངང་ལས་ཕྱོག༵ས་བཅུ༵ར་སྤྲུལ་པ་དུ་མས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་ཚོགས་རྣམ༵་པ༵ར་གྲག༵ས་ཤིང་གོ་བར་མཛད་དོ། །ཆོས་ཀྱི་སྒྲ༵་གྲགས་པ་དེ་ཉིད༵་ཡེ་ནས་མ༵་ཆ༵གས་པའི་ངང༵་དུ༵་གདུ༵ལ་བྱའི་སྣང་བ་དང་མཐུན་པར་གསུངས་ཀྱང་གསུ༵ངས་པའི་དུས་དེ་ཉིད༵་ན༵་གསུང་གི་ངོ་བོ་བརྗོ༵ད་དུ༵་མེ༵ད་པར་གནས་སོ། །བརྗོད༵་དུ་མེད༵་པའི་གནས་ལུགས་དེ༵་ཉིད༵་བརྗོད་པ་སྣ༵་ཚོག༵ས་པའི་སྒྲ༵་ཡི་འབྱུང་གནས་སུ་གྱུར་པས། གདུལ་བྱ་ཀུན༵་ལ་ཚིག་གཅིག་ཏུ་མཐུན་པར་གྲག༵ས་ཤི༵ང་དོན་སོ༵་སོ༵ར་མཇ༵ལ་བ་ཉིད་དཔེ༵ར་ན༵་སྒྲའི་དབྱིངས་ཉིད་(༡༤༥)རྗོད་བྱེད་གཅིག་གི་དེ༵་བཞི༵ན་ཉིད་སྦྲིད༵་སང༵ས་ཞེས་པ་ལས། ལ་ལས་དུག་གིས་སྦྲིད་པ་སངས་པར་གོ། །ལ་ལས་འདུག་སྟངས་ཉེས་པས་སྦྲིད་པ་སངས་པར་གོ། ལ་ལས་རིགས་སྔགས་ཀྱིས་སྦྲིད་པ་ལས་སངས་པར་གོ་བ་ལ་སོགས་པ་བཞི༵ན་དུ་དེ་བཞིན་གཤེགས་པའི་ཡང་གསུ༵ང་གཅི༵ག་གི་སྒྲ༵་ཡི༵ས་སེམས་ཅན་སོ༵་སོ༵འི་བསམ་པ་དང་མཐུན་པའི་ཆོས་ཐམས་ཅད་སོ༵་སོ༵ར་གོ༵་བའི་སྣང་བ་དེ༵་ནི༵་གསུ༵ང་མཆོ༵ག་དམ་པའི་རང་བཞིན་སྒྲ་སྐད་དུ་སྣང་བ་ཐམས་ཅད་ཀྱི་རྒྱལ༵་པོ༵་ཡི༵ན་ནོ། །དེ་སྐད་དུའང་དཀོན་ཅོག་བརྩེགས་པ་ལས། འགྲོ་བའི་བསོད་ནམས་ལས་དག་ལས། །རྒྱལ་བའི་གསུང་དབྱངས་གཅིག་སྣང་བ། །མོས་པའི་དབང་གིས་སོ་སོར་ཐོས། །འདི་ཡང་གསུང་གི་གསང་བའོ། །ཞེས་སོ། །སངས་རྒྱས་ཀྱིས་མ་གསུངས་ཀྱང་ཐུགས་རྗེའི་དབང་གིས་དེ་ལྟར་སྣང་བ་ནི་རང་བཞིན་གྱི་བྱིན་གྱིས་རླབས་ཀྱི་རྟེན་འབྲེལ་ཟབ་མོའོ། །གཞུང་འདི་ལ་ཁ་ཅིག་དེ་བཞིན་གཤེགས་པས་གྲོང་ཁྱེར་གྱི་སྒོར་སྦྲིད་པ་སངས་པ་གཅིག་བཏོན་པས། ནད་པ་ནད་གཡོག་སྨན་པ་གསུམ་གྱིས་སོ་སོར་གོ་བ་ལ་སྦྱོར་བ་དེ་དག་གིས་སྒྲའི་བྱིངས་དང་དོན་ལ་འཇལ་མ་ཤེས་པར་ཟད་དོ། །

ལྔ་པ་ལ་གསུམ་ལས། དང་པོ་ཐེག་པ་སོ་སོར་སྣང་ཡང་ངོ་བོ་གསུངས་པ་མེད་པར་བསྟན་པ་ནི། ཐེག༵་པ༵་མཐོ༵་དམ༵ན་བས༵མ་ཡ༵ས་གསུངས་པར་སྣང་བ་དེ་དག་ཀྱང་ཆོས་ཉིད་དེ༵་བཞི༵ན་ཉིད༵་ལས་གཞན་ཞིག་མ༵་གསུང༵ས་ཏེ༵། དཀོན་བརྩེགས་ལས། ང་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དེ་སྲིད་དུ་ཆོས་གང་ཡང་བསྟན་པ་མེད་ཀྱང་། དེ་བཞིན་ཉིད་ལས་འགྲོ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སོ་སོར་སྣང་བ་འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་པ་དང་མཐུན་ནོ། །དོན་ལ་མ་གསུངས་ཀྱང་གདུལ༵་བྱའི༵་སྣང་ངོར་འདུལ་བའི་ཐ༵བས་ལ་མཁས་པས་ཆོས་ཀྱི་རྣམ་གྲངས་སུ༵་སེམས་ཅན་གྱིས་སོ༵་སོ༵ར་ཐོ༵ས་པ་དེ་ཡང་། སྔར་ཐེག་པ་ལྔའི་སྒྲོན་མ་བཀོད་པ་ཇི༵་ལྟ༵་བ༵ར་དེ་བཞིན་གཤེགས་པའི་གསུང༵་རབ༵་ཡན་ལག་བཅུ་གཉིས་ལ་སོགས་པ་ཀུན༵་བརྗོ༵ད་པ་ལྟར་སྣང་ཀྱ༵ང་ཆོས་ཉིད་དེ༵་བཞི༵ན་ཉིད༵་ཀྱི༵་གནས་ལུགས་ཀྱིས་གཞལ་ན། སངས་རྒྱས་མཐར་ཐུག་ཆོས་སྐུ་ཡིན་ལ་དེས་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཀྱང་གསུང༵ས་པ༵་མེ༵ད་དེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པ་ལྟར་རོ། །

གཉིས་པ་(༡༤༦)ཐུགས་རྗེའི་ངང་ལས་གསུང་གི་རྡོ་རྗེ་འགྲོ་བ་ལ་སྣང་ཚུལ་ནི་བརྗོད་བྱའི་དོན་ཡི༵་གེ༵་མེ༵ད་པའི་གནས་ལུགས་ད༵ང་རྗོད་བྱེད་ཀྱི་ཚིག་གསུང་དུ་སྣང་བ་བདེ་བར་གཤེགས་པའི་རིག༵་པ༵འི་གསུ༵ང་འགྲོ་བས་ཐོས་པ་དེ་ཡང་ཐོས་དུས་ཉིད་ནས་སངས་རྒྱས་ཀྱི་ལྗག༵ས་ཀྱི༵་རྩེ༵་མོ༵ར་སྒྲ་ཚིག་རང་མཚན་པ་མ༵་བྱུང༵་ཡ༵ང་། རྒྱལ་བའི་ཐུག༵ས་རྗེའི༵་གསུང༵་རང་བྱུང་ཡེ་ཤེས་ཀྱི༵་བྱིན༵་རླབ༵ས་ཀྱི༵ས་གདུལ་བའི་འགྲོ༵་བ་ལ་ཚིག་དོན༵་སྣ༵་ཚོ༵གས་མོས་པ་དང་མཐུན་པར་སོ༵་སོ༵ར་གས༵ལ་ཞིང་ཐོས་པ་ནི་གསུང་གི་རྡོ་རྗེའོ། །

གསུམ་པ་གསུངས་པ་མེད་ཀྱི་གསུངས་པར་སྣང་བའི་དཔེ་ནི་དེ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་མོས་པ་ལས་སྣང་བའི་ཆོས་ཀྱི་ཚིག་དོན་གདུལ་བྱའི་རྣ་བ་ལ་གས༵ལ་བ་དེ་ཉིད༵་གདོད་ནས་མ་སྐྱེས་པས་གསུ༵ང་གི༵་རྡོ༵་རྗེ༵་མཆོ༵ག་དམ་པའོ། །བརྗོད་པ་མེད་པ་ལ་གདུལ་བྱ་ལ་སྣང་བའི་ཆོས་ཀྱི་དེ༵་བཞི༵ན་ཉིད་གསུང༵་གི༵་འགྲོ༵་བའི་དོན༵་འབྱུང་བ་རྣམ༵ས་ནི་དབྱིངས་དེ༵་བཞི༵ན་ཉིད་ཀྱི་ང༵ང་ལས༵་མ༵་གཡོ༵ས་ཀྱ༵ང་རང་སྣང་བ་སྟེ། དཔེ༵ར་ན༵་བྲག༵་ཅ༵འི་སྒྲ༵་དེ་ཉིད་སྐྱེས་བུ་དང་། བྲག་དང་། དེ་དག་གི་བར་གང་ནའང་མེད་བཞི༵ན་དུ་རྐྱེན་གྱིས་ཇི་སྐད་བརྗོད་པའི་རྣམ་པ་འབྱུང་བ་བཞིན་གདུལ་བྱ་ལས་དག་པའི་རྐྱེན་དང་། སངས་རྒྱས་ཀྱི་ཐུགས་རྗེའི་རྒྱུས་ཆོས་སུ་སྣང་བ་ཡིན་ནོ༵། །དེ་སྐད་དུའང་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་ལྟར་རོ། །གསུང་གས༵ང་བ༵འི་སྙིང༵་པོ༵་བརྗོད་དུ་མེད་པ་ལས་མོས་པ་དང་མཐུན་པར་སྣང་བ་འབྱུང་བའི་དེ་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། གསུང་གི་དཀྱི༵ལ་འཁོ༵ར་བསྡུས༵་པ་དང༵་ལྷ་སོ་སོའི་གས༵ང་སྔག༵ས་ཀྱི༵་རང་བཞིན་བསྟན་པའི་ལེ༵འུ༵་སྟེ༵་བདུ༵ན་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བདུན་པའི་རྣམ་པར་བཤད་པ།next