Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of དེའི་འོག་ཏུ་
[Clear Hits]


 expand section
collapse section
  
collapse section
  
collapse section
  
collapse section
 expand section
 expand section
collapse section
 
  
  
དེ་ཐོབ་དགེ་བ་བསྔོ་བ།
 
  
  
  


5 occurrences of དེའི་འོག་ཏུ་
[Clear Hits]

 
previousདེ་ཐོབ་དགེ་བ་བསྔོ་བ།no next

དེ་ཐོབ་དགེ་བ་བསྔོ་བ།


MLP007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་དེ་ཐོབ་དགེ་བ་བསྔོ་བ་ནི། རྒྱལ་བའི་རིག་པ་ནི་སྡེབ་སྦྱོར་གྱི་རིག་པའོ། །ཅིའི་ཕྱིར་དེ་དག་དམར་སེར་སོགས་ཀྱིས་དང་པོར་བྱས་ཟིན་པ་མ་ཡིན་ནམ་ཞེ་ན། དེས་བྱས་པའང་སངས་རྒྱས་ཀྱི་མཐུ་ཡིན་པས་མི་འགལ་ཏེ། འཇིག་རྟེན་གྱི་ཡོན་ཏན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་ཁོ་ནར་ངེས་པའི་ཕྱིར། རྣམ་པ་གཅིག་ཏུ་ན། གང་ཀུན་མཁྱེན་རྒྱལ་བའི་གོ་འཕང་ལ་བགྲོད་པར་བྱེད་པའི་ཐབས་སུ་གྱུར་པའི་ཕྱིར་རྒྱལ་བའི་རིག་པ་སྟེ། རྒྱལ་ཚབ་མ་ཕམ་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་སོ། །དེ་ཡང་འཕགས་ཡུལ་ན་གསུང་རབ་ཕལ་མོ་ཆེ་ཞིག་ལེགས་པར་སྦྱར་བའི་སྐད་དང་། ཁྱད་པར་ཚིགས་སུ་


MLP007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་རྣམས་སྡེབ་སྦྱོར་གྱིས་ཀྱང་འཆིང་དགོས་པས་ན། དེ་དག་དཔྱིས་ཕྱིན་པར་གོ་བ་འདི་ལ་ལྟོས་དགོས་པའི་ཕྱིར་ཏེ། མེ་ཏོག་ཆུན་པོ་ལས། དེ་འདྲའི་སྡེབ་སྦྱོར་ལེགས་རྟོགས་ནས། །ཚིགས་བཅད་རྣམས་ལ་འཇུག་པ་ཡིན། །འདི་ལ་རྒྱན་གཞན་སྦྱོར་ཤེས་ན། །མཁས་པ་རྣམས་ཀྱི་ཡིད་འཕྲོག་བྱེད། །ཅེས་དང་། སྙན་ངག་མེ་ལོང་ལས། རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ། །ཞེས་གསུངས་པའི་ཕྱིར། དེ་བས་ན་འདི་རྩོམ་པ་ལ་ཤཱནྟི་པ་བདག་ཤིན་ཏུ་དད་པའི་སྒོ་ནས། བསྟན་བཅོས་བརྩམས་པའི་བསོད་ནམས་གང་ཞིག་བདག་ལ་རབ་ཏུ་སྐྱེས་པའི་མཐུ་དེ་ཡིས། འགྲོ་བ་ཀུན་གྱིས་དོན་དམ་པའི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། གནས་སྐབས་སུའང་ཐུན་མོང་རིག་པའི་གནས་རྣམས་དང་། དེ་ལས་ཀྱང་མཆོག་ནང་རིག་པ་ལ་རབ་ཏུ་དད་པས་འཇུག་ཅིང་ཞུགས་ནས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་ཅིག་པའོ། །གསུམ་པ་མཇུག་གི་དོན་ལ། མཛད་པ་པོའི་སློབ་དཔོན་དང་། སྒྱུར་བྱེད་ལོ་ཙཱ་བའི་མཚན་སྨོས་པ་གཉིས་ལས། དང་པོ་ནི། བསྟན་བཅོས་འདི་ནི་མཁས་པ་སྒོ་དྲུག་ལས་ཤར་སྒོ་སྲུང་བ་པོ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རཏྣ་ཨཱ་ཀ་ར་ཤཱནྟི་སྟེ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པའོ། །གཉིས་པ་ནི། ཆོས་ལྡན་ར་ས་དང་། ཡར་ཀླུང་པ་གྲགས་པ་རྒྱལ་མཚན་གྱིས་རྩ་བ་རང་འགྲེལ་དང་བཅས་པ་བསྒྱུར་བ་ལ། སླད་ཀྱི་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་དང་། སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་པོ་གཉིས་ཀྱིས་འགྱུར་བཅོས་ལེགས་པར་མཛད་ཅིང་། སླར་ཡང་འགོས་ལོ་ཙཱ་བ་ཆེན་པོ་དྷརྨ་པ་ལ་བྷ་དྲས་རྩ་བ་ལས་འགྱུར་བཅོས་མཛད་པ་རྣམས་མཐོང་བ་ལས། འདིར་ནི་འགྱུར་ཕྱི་མ་ཉིད་ལ་གཙོ་བོར་བརྟེན་ཏེ་བཤད་པ་ཡིན་ནོ། །སྨྲས་པ། སློབ་དཔོན་ཉིད་ཀྱི་རང་འགྲེལ་ལ་བརྟེན་ནས། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་གཞུང་གི་དོན། །རབ་གསལ་འགྲེལ་པ་མེ་ལོང་ལྟ་བུ་འདི། །སྨྱོས་ཀྱི་བན་ཆུང་དྷརྨཱ་ཤྲཱིས་སྦྱར། །སྦྱངས་དང་རང་བཞིན་བློ་གྲོས་མཐུ་ཆུང་ཞིང་། །སྣ་ཚོགས་ཡི་གེར་མ་བལྟས་


MLP007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་ངག །སཾ་ཊར་བརྟེན་སོགས་ཉིས་བྲིས་མ་ཁོམ་པས། །འགལ་གྱུར་སྲིད་མོད་མཁས་ལ་བཟོད་པར་གསོལ། །བཤེས་གཉེན་མཁས་པའི་གསུང་དང་གཞུང་བཟང་ལ། །བརྟེན་ནས་ལེགས་བཤད་གང་མཆིས་དགེ་བ་དེས། །འགྲོ་ཀུན་རིག་པ་མཆོག་གི་ལམ་ཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཅེས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་དོན་གསལ་མེ་ལོང་ཞེས་བྱ་བ་འདི་ནི་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བ་བན་ཆུང་ངག་དབང་ཆོས་དཔལ་གྱིས་རང་གི་དྲན་གསོ་དང་། བློ་དམན་འགའ་ལ་ཕན་པའི་ཕྱིར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་བྲིས་སུ་སྦྱར་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། ༈ །།ལེགས་བཤད་ནོར་བུ་ཇི་སྙེད་འདྲེན་པའི་ཀླུང་། །སྙན་ངག་རྒྱ་མཚོའི་འཇིངས་ལས་བརྒལ་བའི་གྲུ། །སྡེབ་ལེགས་སྦྱོར་བའི་གཞུང་བཟང་རིན་པོ་ཆེའི། །འབྱུང་གནས་ཟླ་མེད་སློབ་དཔོན་ཞི་བའི་གསུང་། །གང་དེ་འགྲེལ་ལ་ཕུལ་བྱུང་རྣམ་དཔྱོད་ཀྱིས། །མཁས་རྣམས་དགྱེས་པའི་ངོ་མཚར་འཆར་བཟོད་པ། །བརྗོད་དོན་རབ་གསལ་མེ་ལོང་དག་པ་འདི། །ལྔ་རིག་སྨྲ་རྣམས་ཡིད་འོང་ལྟད་མོའི་ཡུལ། །བསྟན་པའི་ས་ཆེན་རིས་སུ་མི་བཅད་པས། །མཆོག་གི་གོ་འཕང་བརྙེས་པ་མཁྱེན་བརྩེའི་རྗེས། །ཆོས་རྒྱལ་སྡེ་དགེའི་ཆོས་མཛོད་ཆེན་མོ་རུ། །རིག་གཞུང་མཐའ་དག་རྫོགས་པའི་ཡན་ལག་ཏུ། །སྤར་དུ་དགོད་བཞེད་དགོངས་པའི་ཆ་འདི་ལྟའང་། །གུས་པས་བླངས་པའི་བསོད་ནམས་གང་སྐྱེས་པ། །དེས་ཀྱང་སྐྱེ་བར་རྗེས་སུ་འཛིན་པ་དང་། །ཡོངས་རྫོགས་བསྟན་པ་ཕྱོགས་མཐར་རྒྱས་གྱུར་ཅིག །མངྒ་ལཾ་བྷ་བནྟུ།། །།


previousདེ་ཐོབ་དགེ་བ་བསྔོ་བ།no next