Nitartha Digital Library
Tibetan
 
previousགཉིས་པ་དངོས་པོ་བརྒྱད་མདོར་བསྡུས་ཏེ་བཤད་པ།next

གཉིས་པ་དངོས་པོ་བརྒྱད་མདོར་བསྡུས་ཏེ་བཤད་པ།

གཉིས་པ་དངོས་པོ་བརྒྱད་མདོར་བསྡུས་ཏེ་བཤད་པ་ལ།

མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་སོ། །ཇི་ལྟ་ཇི་སྙེད་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ། རྣམ་མཁྱེན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཉ་ཊཱིཀ་གི་རྣམ་མཁྱེན་གྱི་མཚན་ཉིད་བཞག་པ་ལྟར་ན་སངས་རྒྱས་ཡིན་ན་དེ་ཡིན་པས་ཁྱབ་པ་ཡོད་མེད་དཔྱད། ཡང་རྣམ་མཁྱེན་ལ་ཀུན་རྫོབ་ཀྱི་ཆོས་སྣང་བར་ཐལ། ཉ་ཊཱིཀ་ལས། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཀུན་རྫོབ་སྣང་ནས་མི་མཁྱེན་ལ་མི་སྣང་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་ཞེས་གསུང་ངོ༌། །འོན་ཀྱང་སོ་སོའི་སྐྱེ་བོ་ལ་ཇི་ལྟར་སྣང་བ་ལྟར་དུ་སྣང་ནས་མི་མཁྱེན་ཞིང་སོ་སྐྱེ་ལ་མི་སྣང་བ་ལྟར་སྣང་ནས་མཁྱེན་ཏེ་སོ་སྐྱེ་ལ་བདེན་བདེན་པོར་སྣང་ཞིང་སངས་རྒྱས་ལ་བདེན་མེད་སྒྱུ་མ་ལྟར་སྣང་ངོ་ཞེས་ཁས་བླང་ངོ༌། །རྒྱས་པར་ལོགས་སུ་སྟོན་པར་སྤྲོའོ། །ཞེས་དང༌། ཀུན་མཁྱེན་གྱི་སྟོན་པ་གྲུབ་བཟང་གི་དྲིས་ལན་དུ། ཇི་ལྟ་ཇི་སྙེད་ཆོས་ཀྱི་སྣང་བ་དང༌། །བདེ་སྟོང་ཡེ་ཤེས་གཉིས་མེད་སྣང་བ་རྒྱས། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཆོས་རྗེ་ཀུན་མཁྱེན་གྱི་བདེན་གཉིས་གསལ་བའི་ཉི་མ་དང༌། རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་རྣམ་མཁྱེན་ལ་ཀུན་རྫོབ་མི་སྣང་བར་ཡང་ཡང་བཀའ་བསྩལ་ལ། དེ་ཡང་སོ་སྐྱེ་ལ་སྣང་བ་ལྟར་མི་སྣང་བའི་དོན་ཡིན་ཟེར་ན། དེ་ལ་སྔོན་མེད་ལེགས་བཤད་ལས་གནོད་བྱེད་འདི་ལྟར་གསུངས་ཏེ། དེ་ལས། ཁ་ཅིག་སངས་རྒྱས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང༌། བདེན་འཛིན་མེད་པས་མ་འཁྲུལ་བ་ཡིན་ནོ་སྐད་ཟེར་བ་ནི། སྐྱེས་བུ་འདི་ནི་ཆོམ་པོས་བཟུང་བས་ཆོ་ངེས་འདེབས་མོད་ཀྱི། ནོར་འཕྲོག་རྒྱུ་མེད་པས་སྡུག་བསྔལ་མེད་དོ་ཞེས་ཟེར་བ་དང༌། སྒྱུ་མའི་ཆ་རྒྱུས་ཤེས་པའི་མི་འདིས་ནི། སྒྱུ་མ་སྤྲུལ་པའི་ཁང་པ་མཐོང་མོད་ཀྱི། སྒྱུ་མར་ཤེས་པའི་ཕྱིར་མ་འཁྲུལ་ལོ། །ཞེས་ཟེར་བ་དང་འདྲ་སྟེ། ཆོ་ངེས་འདེབས་པ་ཉིད་སྡུག་བསྔལ་ཐོབ་པའི་རྟགས་ཡིན་པ་དང༌། སྒྱུ་མའི་ཁང་བཟང་མཐོང་བ་ཉིད་དབང་པོ་བསླད་པའི་འཁྲུལ་བ་ཡིན་ན།འཁྲུལ་བའི་ངོས་འཛིན་བློས་བཅོས་མ་གཞན་ཞིག་གསར་དུ་རྣམ་པར་བཞག་ནས། དེ་མེད་པས་འཁྲུལ་བ་མེད་དོ་ཞེས་བརྗོད་ཀྱང་མི་མཛེས་པ་ལྟར། གང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། གཟུགས་སོགས་སུ་སྣང་བ་དེ་ཉིད་འཁྲུལ་བ་ཡིན་པས། དེ་ལ་བདེན་པར་མི་འཛིན་ཏོ་ཞེས་སྨྲས་པས་ཅི་ཞིག་བྱ། དེ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ནི། ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ཡིན་པས་ཤེས་རབ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཡང་སངས་རྒྱས་ཀྱི་སའི་རང་རིག་གིས་རྣམ་མཁྱེན་དངོས་སུ་མ་རྟོགས་ན་དེ་ལ་རང་རིག་གི་དོན་ཚང་ཚུལ་གང་ཡིན་དང༌། རྣམ་མཁྱེན་ལ་ཀུན་རྫོབ་ཀྱི་ཆོས་མ་སྣང་ན་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་རྣམ་འགྲེལ་ལས། ཡང་དག་ཡང་དག་མ་ཡིན་པའི། །གང་གང་ཤིན་ཏུ་གོམས་གྱུར་བ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་སོགས་ཀྱིས་ཞིབ་པར་དཔྱད་པར་བྱའོ། །ས་མཚམས་ལ། རྣམ་མཁྱེན་སངས་རྒྱས་ཀྱི་སས་བསྡུས་པ་ཁོ་ན་ཡིན་པར་ཐལ། ཉ་ཊཱིཀ་ལས། མཁྱེན་གསུམ་མཚན་ཉིད་པ་ངོ་བོ་གཅིག་ཅིང་རྣམ་མཁྱེན་མཚན་ཉིད་པ་ཉན་རང་བྱང་སེམས་ལའང་ཡོད་པར་བོད་སྔ་མ་ཕལ་ཆེར་བཞེད་པ་ནི་ཤིན་ཏུ་མི་འཐད་ཅིང༌། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །ཞེས་སོ། །མདོ་སྡེ་རྒྱན་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་དང༌། འདིར་ཡང༌། གང་དང་ཡང་དག་ལྡན་པས་ཐུབ་རྣམས་སྣ་ཚོགས་འདི་གསུང་ཞེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་སེམས་ཅན་གྱི་ས་ན་རྣམ་མཁྱེན་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཅན་གྱི་ས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གྱི་ངོ་བོ་དམིགས་རྣམ་ཅི་རིགས་ཕྱིན་ཅི་མ་ལོག་པར་སྒོམ་པའི་ཐེག་ཆེན་སློབ་ལམ་དེ། ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གསུམ་གྱི་ངོ་བོ་དམིགས་རྣམ་སོགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐེག་ཆེན་སློབ་ལམ་ཞེས་པའོ། །ཞེས་གསུངས་སོ། །ལམ་ཤེས་ཀྱི་ས་མཚམས་བྱང་སེམས་འཕགས་རྒྱུད་ལ་འཇོག་དགོས་པར་ཐལ། ཉ་ཊཱིཀ་ལས། འོན་ཀྱང་མཚན་ཉིད་ལ་མངོན་སུམ་གྱིས་རྟོགས་ཞེས་བསྣན་ནས་སྔ་རབས་ལྟར་མོས་ནའང་དེ་ལྟར་བྱའོ། །ཞེས་དང༌། ཡུམ་གསུམ་གནོད་འཇོམས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་འབྱུང་བས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་ནི་ལམ་ཤེས། ཞེས་དང༌། ཕར་ཕྱིན་བསྡུས་དོན་ལས། ལམ་ཤེས་དངོས་ཀྱི་མཚན་ཉིད། ལམ་གསུམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་ཤེས་ཤིང་སྨིན་རྫོགས་མ་སྦྱངས་པར་ཡང་དག་པའི་མཐའ་མཐར་ཐུག་མངོན་དུ་མི་བྱེད་པར་གཞན་དོན་བྱེད་པའི་སློབ་ལམ། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཉ་ཊཱིཀ་ལས། ཐེག་ཆེན་ཚོགས་སྦྱོར་གྱི་སྐབས་ཀྱི་དེ་འདྲའི་རྟོགས་པ་ཡང་ལམ་ཤེས་ཡིན་ནོ། །འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་ཅེས་ཨཱརྱས་བཤད་པ་དང་འགལ་ཞེ་ན། དེ་ཡི་དོན་ནི་ཉེར་ཞི་དངོས་སུ་ཐོབ་པ་སོགས་ཀྱི་དབང་དུ་མཛད་པས་འགལ་བ་མེད་དོ། །དེས་ན་མཁྱེན་གསུམ་གྱིས་ཉན་རང་གཉིས་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་ཀུན་བསྡུས་ཞེས་པའང་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་གྱི་དེ་མིན་དེར་བསྡུས་པ་མིན་ནོ། །ཞེས་དང༌། མདོ་ལུགས་མའི་སྐབས་གཉིས་པ་ལས། ལམ་ཤེས་དེའི་རང་བཞིན་ནམ། ངོ་བོ་ནི་ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་ཞེས་པ་ལ་སོགས་པའི་ངོ་བོ་ཉིད་དུ་བསྟན་པ་གང་ཡིན་ཏེ། སྐབས་འདི་ཉིད་དུ་ཡང་མོས་སྤྱོད་ཀྱི་ས་ནས་བཟུང་སྟེ་མཐོང་སྒོམ་གྱི་ལམ་རིམ་གྱིས་སྟོན་པར་འགྱུར་བ་དག་གོ །ཞེས་གསུངས་པའི་ཕྱིར་རོ། །

གཞི་གང་ཟག་གི་བདག་མེད་སོགས་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཅི་རིགས་སྒོམ་པའི་ཐེག་དམན་གྱི་ལམ་དེ། གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གཞི་གང་ཟག་གི་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་འཛིན་གྱི་བློའམ་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོཊ་ཇི་བཞིན་དུ་རྟོགས་པའི་མཚན་འཛིན་གྱི་བློ་གང་རུང་ཞེས་པ་ལ་རུང་མོད་ཀྱི་ད་ལྟ་གྲགས་པ་ལྟར་ན་མངོན་སུམ་གྱིས་རྟོགས་ཞེས་བསྣན་ནོ། །རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཞེས་སོགས་སྔར་དྲངས་པ་ལྟར་དང་གཞི་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་ཞེས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བྱང་སེམས་ཀྱི་རྒྱུད་ཀྱི་དེ་འདྲའི་མཚན་འཛིན་གྱི་བློ་ཆོས་ཅན། གཞི་ཤེས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། བྱང་སེམས་ཀྱི་རྒྱུད་ལ་དེ་འདྲ་བ་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། མིང་དང་མཚན་མ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེར་ཕྱིན་ལ་མཚན་མར་དམིགས་པའི་སྒོ་ནས་ཐབས་ལ་མཁས་པ་མ་ཡིན་པས། དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་དེ་རིང་དུ་སྤོང་བ་སྟེ། ཤེར་ཕྱིན་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། གཞུང་གི་དངོས་བསྟན་ལྟར་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་ཉན་རང་གི་དེ་གཙོ་མི་ཆེ་སྟེ། གཙོ་བོར་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་དམིགས་པའི་ལྟ་བ་ཅན་རྣམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉན་རང་གི་རྒྱུད་ཀྱི་ཡུལ་མ་རྟོགས་པའི་མོས་སྒོམ་གྱི་ལམ་རྣམས་ཉ་ཊཱིཀ་ལས་བཤད་པའི་གཞི་ཤེས་ཀྱི་མཚན་ཉིད་ཚང་བ་ཡིན་མིན་བརྟག་པར་བྱ། །གཞི་ཤེས་ཀྱི་ས་མཚམས་ཉན་རང་ཁོ་ན་ལ་འཇོག་པ་མི་འཐད་པར་ཐལ། གཉེན་པོའི་གཞི་ཤེས་མ་ཟད་ཤེར་ཕྱིན་ལ་རིང་བའི་གཞི་ཤེས་བྱང་སེམས་ཀྱི་རྒྱུད་ལ་བཞག་པའི་ཕྱིར་ཏེ། སྔོན་མེད་ལེགས་བཤད་ལས། གཉེན་པོའི་གཞི་ཤེས་ནི། མཁྱེན་གསུམ་གྱིས་ཟླས་ཕྱེ་བའི་གཞི་ཤེས་དངོས་སམ་བཏགས་པ་བ་གང་དུ་བཞག་ན་ལེགས་ཞེས་དཔྱོད་ལྡན་རྣམས་ཀྱིས་རྣམ་པར་དཔྱོད་ཅིག་དང༌། གཞི་ཤེས་ཀྱི་སྐབས་ཀྱི་མདོ་དང་བསྟན་བཅོས་ཀྱི། གཞུང་དངོས་བསྟན་གྱི་བརྗོད་བྱའི་༼གཙོ་བོ་༽གཞི་ཤེས་ནི་གཉེན་པོའི་གཞི་ཤེས་འདི་ཁོ་ན་ཡིན་ལ། གཞུང་གི་དངོས་བསྟན་ལྟར་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་ཉན་རང་གི་དེ་གཙོ་མི་ཆེ་སྟེ། གཙོ་བོར་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་དམིགས་པའི་ལྟ་བ་ཅན་རྣམས་ཡིན་ནོ། །ཞེས་དང༌། མདོ་ལུགས་མ་ལས། མིང་དང་མཚན་མ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་ཤེར་ཕྱིན་ལ་མཚ༷ན་མ༷ར་དམི༷གས་པའི་སྒོ༷་ན༷ས་ཐ༷བས་ལ་མཁས་པ་མ༷་ཡི༷ན་པ༷ས། དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་དེ་རི༷ང་དུ་སྤོང་བ༷་སྟེ༷། ཤེར་ཕྱིན་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཞི་ཤེས་ཉན་རང་ཁོ་ནའི་རྒྱུད་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། ཉ་ཊཱིཀ་ལས། སྔ་རབས་རྣམས་བྱང་སེམས་དང་སངས་རྒྱས་ཀྱི་རྒྱུད་ལའང་གཞི་ཤེས་མཚན་ཉིད་པ་ཡོད་པར་སྨྲ་བ་ནི་མི་འཐད་ཅིང་གཞི་ཤེས་མཚན་ཉིད་པ་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་དེ། མདོར། ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་རྒྱ་ཆེར་འབྱུང་ཞིང༌། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་ཅེས་དང༌། སངས་རྒྱས་ཡེ་ཤེས་ཀྱིས་ད་ནི་འདི་མན་ཆད་བྱང་ཆུབ་གཞན་ཤེས་ནས་སྤང་བར་བྱ་དགོས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་ཅེས་པ་དང༌། ཆོས་བཤེས་ཀྱིས་སྤང་བྱ་གཞི་ཐམས་ཅད་ཤེས་པ་མེད་པར་གཉེན་པོ་ལམ་ཤེས་པ་མེད་ཅེས་སོགས་དང༌། མདོར། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པས་ཡུམ་ལ་བསླབ་པ་བྱའོ། །ཞེས་སོགས་དུ་མ་ཡོད་དོ། །ཞེས་དང༌། དེས་ན་ཉན་རང་གི་ལམ་ལྔའམ་ཉན་རང་འཕགས་པ་ཁོ་ན་ལ་ཡོད་ཅིང་གཉེན་པོ་གཞི་ཤེས་ཞེས་པ་ནི་སྤང་བྱའི་མིང་གིས་བཏགས་པ་སྟེ་འདོད་ཁམས་ཀྱི་ལམ་བདེན་བཞིན་ནོ། །དེས་ན་མཁྱེན་གསུམ་ངོ་བོ་ཐ་དད་དུ་རད་ཀིར་དང་ལོ་ཆེན་གྱིས་བཤད་ཅིང་བུ་སྟོན་རིན་པོ་ཆེ་བཞེད་དེ་མདོ་བསྟན་བཅོས་ཀྱི་དགོངས་པར་ངེས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ལམ་ཐམས་ཅད་རྫས་སྤྱི་སོགས་བཅད་ན་མཁྱེན་པ་གསུམ་པོ་གང་རུང་ཡིན་པས་ཁྱབ་སྟེ། ཉ་ཊཱིཀ་ལས། གོ་རིམ་ཇི་ལྟ་བ་བཞིན་སྦྱར་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་གཞི་ཤེས་ཀྱིས་བསྡུས། བྱང་ཆུབ་སེམས་དཔའི་མངོན་རྟོགས་མཐའ་དག་ལམ་ཤེས་ཀྱིས་བསྡུས། བླ་ན་མེད་པའི་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་རྣམ་མཁྱེན་གྱིས་བསྡུས་པས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་འཕགས་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ནའོ་ཞེས་སྦྱར་རོ། །ཞེས་དང༌། དེས་ན་མཁྱེན་གསུམ་གྱིས་ཉན་རང་གཉིས་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་ཀུན་བསྡུས་ཞེས་པའང་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་གྱི་དེ་མིན་དེར་བསྡུས་པ་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྦྱོར་བཞི་དང་འབྲས་བུ་ཆོས་སྐུའི་མཚན་ཉིད་དབྱེ་བ་ས་མཚམས་ནི་སྐབས་རང་རང་དུ་འཆད་པར་འགྱུར་རོ། །


previousགཉིས་པ་དངོས་པོ་བརྒྱད་མདོར་བསྡུས་ཏེ་བཤད་པ།next