Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀརྨ་ཀམ་ཚང་གི་ཀརྨ་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
collapse section
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཀརྨ་ཀམ་ཚང་གི་ཀརྨ་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུགས།next

ཀརྨ་ཀམ་ཚང་གི་ཀརྨ་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུགས།

ཀརྨ་ཀམ་ཚང་གི་ཀརྨ་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུགས་ལ།

འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དབུ་མ་རང་རྒྱུད་པས་ནི་དགག་སྒྲུབ་ཀྱི་ཚད་མ་འཇིག་རྟེན་ན་ཚད་མར་གྲགས་པ་དེ་ཉིད་ཐ་སྙད་དུ་ཚད་མས་གྲུབ་པར་ཁས་བླངས་པའི་སྒོ་ནས་མཐུན་པར་འཇུག་སྟེ་དངོས་པོའི་རང་བཞིན་འགོག་པར་བྱེད་ལ། ཐལ་འགྱུར་བས་ནི་དགག་སྒྲུབ་ཀྱི་ཚད་མ་འཇིག་རྟེན་ན་ཚད་མར་གྲགས་པ་དེ་ཉིད་ཐ་སྙད་དུའང་ཚད་མས་མ་གྲུབ་ཀྱང་འཇིག་རྟེན་ན་དེ་ལྟར་གྲགས་པའི་རྗེས་བརྗོད་ཙམ་གྱི་སྒོ་ནས་འཇིག་རྟེན་དང་རྩོད་སྐབས་ཕྱེ་བའི་མཐུན་འཇུག་ཏུ་སྨྲས་ནས་དངོས་པོའི་རང་བཞིན་འགོག་པར་བྱེད་པ་ཡིན་ནོ། །ཞེས་པ་འདི་ནི་བཀའ་བརྒྱུད་དྭགས་སྐོར་བའི་རྣམ་པར་བཤད་པ་ལ་འཁྲུལ་པ་དང་བྲལ་བའོ། །ཞེས་དང༌།དེས་ན་བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་ཀྱང༌། གཞན་གྱིས་བཏགས་པ་སེལ་བའི་ཆེད་ཀྱི་དགག་སྒྲུབ་འཇིག་རྟེན་དང་རྗེས་མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ་ཞེས་སྲོག་གནད་དུ་གདམས་སོ། །ཞེས་སོགས་དང༌། ཡང་དེ་ལས། དེས་ན་བོད་འདིར་མངོན་སུམ་དང་རྗེས་དཔག་ལྟར་སྣང་གི་ལོག་ཤེས་ཀྱིས་དྲངས་པའི་ཆེས་མུ་ཅོར་དུ་སྨྲ་བ་དག །དབུ་མ་པ་ལེགས་ལྡན་དང་ཟླ་གྲགས་སོགས་ལའང་ལྟ་བ་དང་རྟོགས་པ་མཐོ་དམན་དང་གྲུབ་མཐའ་བཟང་ངན་ཡོད་དོ་ཞེས་སྨྲ་བར་བྱེད་དོ། །དེ་ལྟར་ན་ནི་གང་དམན་པ་དེ་དབུ་མ་པ་མ་ཡིན་པར་འགྱུར་ཏེ། དབུ་མའི་དོན་མ་གྲུབ་བཞིན་དུ་དབུ་མ་དང་དབུ་མ་པར་མིང་གིས་འབོད་པ་ཙམ་དུ་ཟད་པའི་ཕྱིར་རྣམ་རྫུན་དབུ་མ་དང་དབུ་མ་པ་བཞིན་ནོ། །ཞེས་འདི་འདྲ་ཞིག་གསུངས་པ་ལ་བླུན་རྒན་བདག་ལ་ཡང་རྣམ་རྟོག་མང་མོད་དེང་སྐབས་དགག་བཞག་བསྟན་པའི་མཛེས་རྒྱན་དུ་འགྱུར་དཀའ་བས་སོ། །དེ་དག་གི་ལུགས་གཞིར་བཞག་ན་ཐལ་རང་གཉིས་ལ་ལྟ་བ་མཐོ་དམན་མེད་ཅེས་པ་འཇོག་པར་དཀའ་སྟེ། རང་རྒྱུད་པས་རང་མཚན་གྱིས་གྲུབ་པ་ཞལ་གྱིས་བཞེས་པས་རང་སྟོང་བར་གྱུར་བའི་ཐལ་འགྱུར་བས་གཞལ་ན་རང་མཚན་གྱིས་མ་གྲུབ་པར་མ་རྟོགས་པར་རང་བཞིན་གྱིས་མེད་པ་མ་རྟོགས་དགོས་པའི་ཕྱིར། རྟགས་གྲུབ་སྟེ། ཐལ་འགྱུར་བ་དེས་རང་མཚན་གྱིས་གྲུབ་པ་ཐ་སྙད་ཙམ་དུ་ཁས་མི་ལེན་པའི་རྒྱུ་མཚན་དང༌། དེའི་ལུགས་ལ་གལ་ཏེ་རང་མཚན་གྱིས་གྲུབ་པའི་གྲུབ་ཚད་ཡོད་པའི་ཕྱིར་རོ། །གཞན་ཡང་རང་སྟོང་བར་གྱུར་བའི་ཐལ་འགྱུར་བའི་ལུགས་གཞིར་བཞག་ན་བླ་མའི་མན་ངག་གིས་མ་བརྒྱན་པའི་དབུ་མ་ནི་དབུ་མ་འབྲིང་བོ་ཡིན་ཏེ། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེའི་དེ་ཉིད་བཅུ་བ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་དང༌། པདྨ་འབྱུང་གནས་ཀྱིས་མཛད་པའི་ལག་ན་རྡོ་རྗེའི་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པ་ལས། མཐའ་བྲལ་སྟོང་པར་སོང་བ་ནི། དབུ་མ་པའི་འདོད་པ་སྟེ། བླ་མའི་མན་ངག་གིས་རབ་བརྒྱན་པ་ཡི། །རྣམ་བཅད་ཡོངས་གཅོད་མེད་པ་ཡི། །བདེ་བ་སྟོང་པ་ཆེན་པོ་ནི། །རང་བཞིན་ཕྱག་རྒྱ་ཆེན་པོ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཟླ་བས་མན་ངག་གིས་མ་བརྒྱན་ན་དབུ་མ་འབྲིང་བོ་ཡིན་པར་རྗེ་ཙོང་ཁ་བའི་ནཱ་རོའི་ཆོས་དྲུག་གི་ཁྲིད་ཡིད་ཆེས་གསུམ་ལྡན་ལས་བཤད་ཡོད་དོ། །འོན་ཀྱང་ཇོ་ནང་རང་ལུགས་ལ་ཟླ་བ་གྲགས་པའི་རྗེས་སུ་འབྲང་བ་མ་ཡིན་པར་རྗེ་བཙུན་བྱམས་པ་དང་ཀླུ་ཐོགས་ཀྱི་རྗེས་སུ་འབྲང་བ་ཡིན་པས་ཟླ་བས་མན་ངག་གིས་མ་བརྒྱན་ན་ཡང་དབུ་མ་འབྲིང་བོ་འགྱུར་མི་དགོས་ལ། རང་སྟོང་བར་གྱུར་བའི་ཐལ་རང་ལ་ལྟ་བ་མཐོ་དམན་མེད་པར་འདོད་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་དོ། །ཇོ་ནང་བས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའོ། ། སྤྱིར་དབུ་མ་པ་ལ་ལྟ་བ་མཐོ་དམན་དང་ཁྱད་པར་ཡོད་དེ། རྗེ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་ལས། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །སྟོང་ཉིད་ཙམ་ཡིན་སྟོང་ཉིད་མཐར་ཐུག་མིན། །ངེས་དོན་ཡིན་ཡང་ངེས་དོན་མཐར་ཐུག་མིན། །རྒྱུ་མཚན་རང་སྟོང་སྨྲ་རྣམས་དབུ་མ་ཡང༌། །མཐར་ཐུག་ཁས་མི་ལེན་ཕྱིར་དབུ་མ་ཅི། །རང་སྟོང་གཞུང་ལ་དཔྱད་ཚེ་དབུ་མ་མེད། །གཞན་སྟོང་པ་ནི་དཔྱད་ཀྱང་དབུ་མར་འདོད། །རང་འདོད་མཐར་ཐུག་དབུ་མ་མི་འདོད་པའི། །དབུ་མ་ཆེན་པོ་དེ་འདྲ་མཚར་གྱི་མེད། །དེ་ཡང་ཡོད་ན་སེམས་ཙམ་མི་འདོད་པའི། །སེམས་ཙམ་པ་དང་ཐེག་དམན་མདོ་སྡེའི་ཚོགས། །མི་འདོད་མདོ་སྡེ་པ་དང་བྱེ་སྨྲ་ཡང༌། །བྱེ་བྲག་བཤད་པ་མི་ལེན་ཡོད་དམ་ཅི། །ཀུན་ཏུ་རྒྱུ་མཚན་མཚུངས་པ་མ་ཡིན་ནམ། །ཞེས་གསུངས་པས་སོ། ། རང་སྟོང་སྨྲ་བའི་དབུ་མ་པ་རྣམས་ཀྱིས་འཁོར་ལོ་ཐ་མ་དྲང་དོན་དང་བར་བ་ཕལ་ཆེར་ངེས་དོན་གྱི་མདོར་འདོད་དེ། གཞན་སྟོང་སྙིང་པོ་ལས། དབུ་མ་ཕལ་བ་འཛིན་པ་རྣམས་ནི།འཁོར་ལོ་ཐ་མའི་མདོ་ཐམས་ཅད་དྲང་དོན་ཡིན་ཞིང༌། འཁོར་ལོ་བར་བའི་ཤེར་ཕྱིན་གྱི་མདོ་རྣམས་ངེས་དོན་མཐར་ཐུག་གོ་ཞེས་སྨྲ། གྲུབ་མཐའ་བྱེད་པ་པོ་ཡིན་ངེས་ནི་སངས་རྒྱས་བསྐྱངས་སོགས་གོང་དུ་སྨོས་པ་དེ་རྣམས་སུ་ཟད་ལ། ཞེས་གསུངས་སོ། །དཔལ་ལྡན་ཟླ་བས་ཀུན་གཞི་ཁས་མི་ལེན་པར་བཤད་ཚུལ་ཡོད་དེ། སྟོང་བ་ཉིད་ཀུན་གཞི་བསྟན་པའི་མདོའི་དགོངས་གཞིར་བཞག་པའི་ཕྱིར་ཏེ། འཇུག་པ་རང་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་སོ། ། འཇུག་པ་རྩ་འགྲེལ་དུ་ཀུན་གཞི་མེད་པ་ལྟ་བུར་གསུངས་ཏེ། འཇུག་པ་ལས། གང་ཕྱིར་རང་བཞིན་གྱི་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ནས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་དང༌། འཇུག་འགྲེལ་ལས། དེའི་ཕྱིར་དེ་ལྟར་བདེན་པ་གཉིས་ཀར་ཡང་རང་བཞིན་མེད་པས་རྟག་པ་དང་ཆད་པར་ལྟ་བ་རྒྱང་རིང་དུ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ལས་རྣམས་འགགས་ནས་ཡུན་རིང་དུ་ལོན་ཡང་ལས་ཀྱི་འབྲས་བུ་དང་འབྲེལ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་དང་ཆུད་མི་ཟ་བ་དང་ཐོབ་པ་ལ་སོགས་པ་ཡོངས་སུ་རྟོག་པ་མེད་པར་ཡང་འཐད་པ་ཡིན་ནོ། །ཞེས་གསུངས་པས་སོ། །འོན་ཀྱང་གཞན་སྟོང་དབུ་མའི་རྒྱན་ལས། ཁྱད་པར་ཐལ་འགྱུར་སྨྲ་བ་མཆོག་ཡིན་ཀྱང༌། །ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི། །བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད། །ཅེས་གསུངས་པ་དང༌། དེའི་འོག་ཏུ་གཞན་སྟོང་དབུ་མའི་རྒྱན་ལས། ཀུན་གཞི་མེད་ཕྱིར་ས་བོན་འཇོག་གནས་མེད། །ཞེས་གསུངས་པ་གཉིས་འགལ་མེད་ཡིན་ཚུལ་དང༌། བདེ་མཆོག་བསྟོད་ཆེན་གྱི་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། ཟླ་བས་འཇུག་འགྲེལ་ལས་ནི། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པ་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམས་ཅད་དུ་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་དེ་ཅི། རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། ཞེས་གསུངས་པས་ཐལ་འགྱུར་བའི་ལུགས་ལ་ཀུན་གཞི་གཞི་མ་གྲུབ་པར་འདོད་པ་ཡང་བསལ་ལ། ཞེས་འཇུག་འགྲེལ་དྲངས་ནས་ཀུན་གཞི་འདོད་པར་གསུངས་མོད་རྗེ་བཙུན་གྱིས་སྐུ་ཚེ་སྟོད་དུ་མཛད་པའི་གཞུང་ན་བཀའ་བརྒྱུད་པའི་མཁས་པ་རེ་ཟུང་གི་བཤད་པ་མང་དུ་ཡོད་ལ། འཇུག་འགྲེལ་རང་གི་གཞུང་གོང་འོག་ལ་ཞིབ་པར་བལྟས་ན་མི་འདོད་པ་གསལ་བ་འདྲ་ཡང་མཁས་པ་ཆོས་སྤྱན་དང་ལྡན་པ་དག་གིས་དཔྱད་པར་བྱའོ། །


previousཀརྨ་ཀམ་ཚང་གི་ཀརྨ་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུགས།next