དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པའི་ལེའུ།
༼༧༦བ༽དེ་ནས་མཁའ་དབྱིངས་རྣམ་པར་དག་པའི་ཀློང་ཿ སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ཞེསཿ གླང་ཆེན་རབ་ཏུ་བརྟན་པའི་སྟེང་ན་བཞུགསཿ གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམསཿ གཡོན་པ་དངུལ་གྱི་དྲིལ་བུ་སྐུ་ལ་བརྟེནཿ དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པར་བརྒྱནཿ སྐུ་ལ་རྒྱན་ནི་ཐམས་ཅད་རྫོགས་པས་བཀླུབསཿ དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་རྒྱས་པས་བཀོདཿ ཤེལ་གྱི་ཁ་དོག་འདྲ་སྟེ་དཀར་ལ་འཚེརཿ བསྐྱེད་པ་མཧཱ་ཡོ་ག་ལ་མཁས་པཿ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་སྟོནཿ ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོར་སྟོནཿ སྒྲ་རུ་གྲག་པ་ཐམས་ཅད་སྔགས་སུ་སྟོནཿ ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་སྟོནཿ བསྐྱེད་པ་མཧཱ་ཡོ་གའི་རྒྱུད་སྡེ་ནིཿ རྒྱས་པར་དབྱེ་ན་རྒྱུད་སྡེ་འབུམ་ཚོ་ལྔཿ བསྡུ་ན་རྩ་བའི་ཏནྟ་སྡེ་བཅོ་བརྒྱདཿ སྐུ་ཡི་ཏནྟྲ་སངས་རྒྱས་མཉམ་སྦྱོར་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ གླང་པོ་རབ་འབོག་གླང་པོ་ཆུང་འཇུག་དང་ཿ རྩ་རྒྱུད་སངས་རྒྱས་མཉམ་སྦྱོར་རང་དང་གསུམཿ གསུང་གི་ཏནྟྲ་ཟླ་གསང་ཐིག་ལེ་ལཿ རྩེ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ གཅིག་ལས་འཕྲོས་དེང་པདྨ་དབང་ཆེན་རྒྱུདཿ རྩ་རྒྱུད་ཟླ་གསང་ཐིག་ལེ་རང་དང་གསུམཿ ཐུགས་ཀྱི་ཏནྟྲ་གསང་བ་འདུས་པ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ རྩེ་གསུམ་འདུས་དང་རི་བོ་བརྩེགས་
༼༧༧ན༽པའི་རྒྱུདཿ རྩ་རྒྱུད་གསང་བ་འདུས་པ་རང་དང་གསུམཿ ཡོན་ཏན་ཏནྟྲ་དཔལ་མཆོག་དང་པོ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ ནམ་མཁའ་མཛོད་ཀྱི་བྱིན་རླབས་ཏནྟྲ་དང་ཿ དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཏནྟྲ་དང་ཿ རྩ་རྒྱུད་དཔལ་མཆོག་དང་པོ་རང་དང་གསུམཿ འཕྲིན་ལས་ཏནྟྲ་ཀརྨ་མཱ་ལྱེ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ ཀཱ་ལ་བཞི་བཅུ་རྩ་གཉིས་ཏནྟྲ་དང་ཿ སྒྲོལ་མ་བརྩེགས་པ་ལས་ཀྱི་ཏནྟྲ་དང་ཿ རྩ་རྒྱུད་ཀརྨ་མཱ་ལྱེ་རང་དང་གསུམཿ མཚན་ཉིད་དང་ནི་རྒྱུད་རྣམས་ཐམས་ཅད་སྤྱིཿ གསང་བའི་སྙིང་པོ་དང་ནི་བཅུ་དྲུག་གོཿ དམ་ཚིག་སྡོམ་པ་ཀུན་གྱི་གཞི་མ་ནིཿ བཀོད་པ་རྒྱལ་པོའི་རྒྱུད་དང་བཅུ་བདུན་ཏེཿ ལས་བཞི་འཕྲིན་ལས་ཀུན་གྱི་ཁ་སྐོངས་སམཿ ཡོན་ཏན་ཐམས་ཅད་ཀྱི་ནི་མཇུག་བསྡུ་བཿ ཐབས་ཀྱིས་ཞགས་པའི་རྒྱུད་དང་བཅོ་བརྒྱད་གསུངསཿ ལྟ་བ་བདེན་པ་དབྱེར་མེད་གཅིག་ཏུ་བསྟནཿ སྒོམ་པ་བསྟན་འཛིན་རྣམ་གསུམ་སྒོམ་པར་བྱེདཿ སྤྱོད་པ་དམ་རྫས་ཐབས་ཀྱིས་ཟིན་པར་སྤྱོདཿ འབྲས་བུ་ཁྱད་པར་དགུ་ཡི་ས་འཐོབ་བོཿ གསང་མཚན་སྔར་བཞིན་རྡོ་རྗེ་འཆང་དུ་བཏགསཿ དེ་ནས་ཡུལ་གྱི་མིང་ནི་བལ་པོའི་ཡུལཿ དུར་ཁྲོད་མིང་ནི་ལྷུན་གྲུབ་བརྩེགས་པ་ཞེསཿ དཔག་ཚད་ཕྱེད་དང་ལྔ་ཡིས་བསྐོར་བ་ལཿ དབུས་ན་མཆོད་རྟེན་བྱ་རུང་ཁ་ཤོར་ནིཿ མ་མོ་ཆེན་མོ་ཀ་སྨ་རཱི་གནས་པཿ
༼༧༧བ༽ལྷོ་ན་ལྗོན་པ་དུར་ཤིང་སེར་པོ་ཞེསཿ དུར་བྱའི་རིགས་བྱེད་མང་པོ་ཤ་སྐད་སྒྲོགཿ ནུབ་ན་དུར་ཆུ་བུ་ར་མ་ཤིང་ལྡན་མཚོཿ དུར་གྱི་སེམས་ཅན་མང་པོ་གནས་པ་ཡོདཿ བྱང་ན་དུར་མེ་འུར་འུར་ཞེས་བྱ་བའིཿ མེ་དཔུང་ནང་ན་མི་ལུས་ར་མགོ་ཅནཿ ལུག་དང་ཁྱི་དང་བྱི་ལ་ཕག་པ་བྱཿ དཀར་དམར་སྣ་ཚོགས་ཀེང་རུས་ལ་བཟུང་བཿ ཤར་ན་དུར་རླུང་ཕྱོགས་འཚུབ་ཅེས་བྱ་བའིཿ རླུང་གསེབ་མཁའ་འགྲོ་མང་པོ་ཀེང་རུས་འཕྱརཿ བྱང་ཤར་དུར་རིའི་རྒྱལ་པོ་སྤོས་ངད་ལྡནཿ དུར་གྱི་སེམས་ཅན་མང་པོ་ཚང་བཅས་ཤིང་ཿ རཏྣ་ཡིད་བཞིན་ནོར་བུའི་གཏེར་སྦས་པཿ ལྷོ་ནུབ་བར་སྣང་ཁམས་ཀྱི་གློག་མ་སྤྲིནཿ འབྲུག་གི་མགོ་ལ་གློག་གི་ལུས་པོ་ཅནཿ ལག་པ་གཉིས་ཀྱི་མེ་དཔུང་མེ་དར་འཕྱརཿ རྩེ་ལ་ཀེང་རུས་པགས་པ་རྐེད་ཕུང་བཏགསཿ ཤར་ལྷོར་གནོད་སྦྱིན་རྒོད་མ་ཁ་ཞེས་པཿ མི་ལུས་བང་བུའི་མགོ་ལ་བྱ་གཤོག་ཅནཿ ཁ་ནས་སྟག་སྤྱད་ག་ཅན་གཟན་མང་པོ་སྤྱུགཿ ལག་པ་གཉིས་ཀྱིས་འོད་མའི་མདའ་གཞུ་བཀང་ཿ ཁམ་ནག་ལུས་ལ་བྱ་རྒོད་ཐུལ་པ་གྱོནཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོརཿ གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལཿ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནནཿ མཚན་ནི་སེང་གེ་སྒྲ་སྒྲོག་ཅེས་སུ་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་
༼༧༨ན༽རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པའི་ལེའུ་སྟེ་སོ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ