ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་རོལ་མཆོག་གི་སྡེའི་རྣམ་ཐར་དོན་བསྡུས་ཨ་རཱ་གས་མཛད་པ།
ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་རོལ་མཆོག་གི་སྡེའི་རྣམ་ཐར་དོན་བསྡུས་ཨ་རཱ་གས་མཛད་པ་བཞུགས་སོ། །
ན་མོ་གུ་རུ་མངྒ་ཤྲཱི་སིདྡྷི་ཡེ། གཤིན་རྗེ་རོལ་པའི་རྩ་བའི་རྒྱུད་ཆེན་ལས། །བཅོམ་ལྡན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་དུ། །ལུང་བསྟན་བརྙེས་པའི་ས་བརྒྱད་སེམས་དཔའི་མཆོག །གནུབས་སྟོན་སངས་རྒྱས་ཡེ་ཤེས་དེ་ཉིད་ཀྱི། །རྣམ་འཕྲུལ་ཆོས་སྐུ་ཨོ་རྒྱན་མགོན་པོ་དང་། དེ་ཡི་སྐྱེས་མཐའ་བར་ལེ་རྣམ་རྒྱལ་ཞབས། །སྟག་ལུང་ཧོར་ཁང་ཡང་རྩེར་བྱོན་སྐབས་སུ། །གཙུག་ལག་ཁང་ལ་གཟིགས་ནས་འདི་སྐད་གསུངས། །སྨོན་ལམ་དབང་གིས་ཡ་ཀིའི་ཁྲི་རྒོག་སྟེང་། །སླེབས་པར་འདུག་སྟེ་དུས་ངན་མི་རྣམས་དང་། །དཀའ་ཚེགས་ཆེན་པོ་འོང་བར་གདའ་ཞེས་
གསུངས། །འདས་ཁར་ཧོར་ཟླ་གསུམ་པའི་ཚེས་གཅིག་ལ། །ལྷུན་གྲུབ་རྫོང་ནས་སྤྱན་འདྲེན་བཏང་བའི་ཚེ། །ཚེས་བརྒྱད་རང་ལ་སླེབས་པར་བྱེད་གསུངས་ཤིང་། །སྤྲུག་བཙན་རྟེན་རྫས་གཟིམ་ཁྱི་འདྲ་བ་ཞིག །མི་དེའི་རྗེས་སུ་ལྷུན་གྲུབ་རྫོང་དུ་བྱུང་། །ལྟོ་སྟེར་བསམ་ཙ་འཇའ་ལྟར་མི་སྣང་གྱུར། །ལྕགས་ཁེབ་བསྐུར་ནས་ཡུམ་ལ་གཏོད་ཅེས་གསུངས། །འཁྲུངས་དུས་ཅང་ཅིག་ཟླ་གཅིག་ཟད་མེད་འཕེལ། །འཁྲུགས་ན་ནད་སྒོམ་ངུ་སོགས་མི་མཛད་བཞུགས། །དབུས་གཙང་ལྷ་དང་ཆོས་སྐྱོང་བབ་པ་རྣམས། །ལྷུན་གྲུབ་རྫོང་གི་བུ་འདི་བལ་བེ་བའི། །སྐུ་སྐྱེ་ཡིན་ཞེས་ཡང་
ཡང་སྨྲ་བར་བྱས། །དེ་ཕྱིར་ཨ་ཕྱིས་དཔལ་བཟང་བཏགས། །བསྲུང་ཁ་བ་ཡིས་འཁྲུངས་མ་ཐག་པ་ནས། །གུ་རུ་བསྟན་འཛིན་ནོར་བུ་ཞེས་སུ་བཏགས། །ངག་དབང་རྣམ་རྒྱལ་དྲུང་ནས་འཕྲལ་ཉིད་དུ། །དོན་ཡོན་རྣམ་རྒྱལ་རྡོ་རྗེ་ཞེས་སུ་བཏགས། །དགུང་ལོ་བཞི་པ་ཡུམ་རྒན་འདའ་ཁ་ལ། །ནམ་མཁར་ཕྱག་མཛུབ་གཏད་ནས་འདི་སྐད་གསུངས། །རྣམ་སྣང་བདུད་འཇོམས་རྡོ་རྗེ་ཡར་ཀིར་སྣང་། །གསུངས་པས་ཡུམ་གྱི་དེ་རིང་ཡ་ཀིར་མདོ། །སང་ཙམ་ཡོངས་བར་བྱེད་གསུངས་ཕྱིར་ཉིན་འདས། །དེ་སྐོར་ཕུག་རོན་ཤི་ལ་འཕོ་འདེབས་བྱེད། །གསུངས་ནས་རྣམ་སྣང་ཆོས་བདུན་མཛད་དེ་བཞུགས། །བར་ལེའི་གཅུང་པོ་མང་ཐོས་པ་དེ་ཡིས། །བར་ལེའི་སྐུ་སྐྱེ་ཡིན་པར་ཐག་བཅད་ནས། །གོང་མའི་སྐུ་ཆས་ཐང་ལྷའི་དུང་སོགས་ཕུལ། །དེ་དུས་གོང་མའི་དབུས་དོན་ཤུབ་ངོས་བཟུང་། །དབོན་པོ་རྗེས་སུ་འབྲང་ཞིང་བཤུམས། །སྟག་ལུང་གོང་མ་རྣམ་རྒྱལ་རིན་ཆེན་བཟང་པོ་ཡི། །སྤྲུལ་སྐུ་ཡིན་ཞེས་ཅལ་སྒྲོག་གླེང་བའང་བྱུང་། །དབང་གསལ་སྐྱོ་ཤས་སྙིང་རྗེ་ཆེ་བ་དང་། །རབ་བྱུང་ལ་དགྱེས་བཙུན་པའི་བག་ཆགས་གསལ། །དགུང་ལོ་ལྔ་ན་རྔ་བརྡུང་འདོན་པའང་མཛད། །སྐྱ་
ཆོས་སེར་ཆས་བསྡམ་བཅུག་སེར་ཆས་བསྡམས། །བར་ལེ་དབོན་པོ་འདས་པའི་བསྔོ་རྟེན་བྱུང་། །དེ་ལ་ཐུགས་ནད་མྱ་ངན་ཆེན་པོ་བྱུང་། །བླ་མ་འོལ་བ་མཇལ་བྱུང་ཕྱི་དྲོ་ནས། །སྐུ་དངོས་འདུག་པས་ཕྱག་རྟེན་རྟ་འབུལ་ཟེར། །ཁོང་ལ་གཟིགས་སྣང་ཁྱད་པར་ཅན་བྱུང་སྣང་། །དགུང་ལོ་བདུན་པར་ཡི་གེ་བསླབ་པ་ལ། །མགོན་པོའི་ལས་བྱང་བཟུང་བ་ཚེགས་ཆུང་ཟིན། །ཕག་མོ་ཡོངས་རྫོགས་གཏེར་མགོན་ལོ་དེར་ཟིན། །དགུང་ལོ་བརྒྱད་པར་ཐར་རྒྱན་ཕལ་ཆེར་ཟིན། །དགུང་ལོ་བདུན་པར་ལས་བྱང་མ་ཆག་གསུངས། །རྨི་ལམ་བྱ་རོག་འཇུ་སོགས་ལྟས་བཟང་བྱུང་། །དགུང་ལོ་དགུ་པར་ཤྭ་བ་ཁྱིས་དེད་སར། །དགོངས་པ་གཏད་པས་ཁྱི་དེས་བདའ་འཕྲོ་བསྐྱུར། །དེ་ཕྱིན་ཁྱི་དེས་རི་དྭགས་མི་འདོད་འགྱུར་། །ཀ་ཡེ་མི་ལུས་རིན་ཆེན་ཐོབ་གྱུར་ཀྱང་། །ཁུ་ཡེ་དོན་དུ་མི་ཚེ་སྟོང་ཟད་བྱེད། །ག་ལ་བསྡད་ཀྱང་སྡིག་པའི་གྲོགས་པོར་གྱུར། །ང་ཡིས་དེ་འདྲའི་སེམས་ཅན་འདྲེན་པར་ཤོག ཅེས་སོགས་དགོང་ལོ་བརྒྱད་དགུ་ནས་བཟུང་སྟེ། །མ་བསླབས་པར་ཡང་རྩོམ་ནི་མང་དུ་མཁྱེན། །བར་ལེ་བ་ཡི་དད་པ་ཆེ་ས་ནི། །དཔའ་བོ་ཡིན་ཞེས་ཟེར་ནས་དད་པ་
སྐྱེས། །དཔའ་བོའི་གསོལ་འདེབས་བློ་ལ་བཟུང་བྱས་ནས། །ནུབ་རེ་ཚར་གྲངས་བཅུ་གསུམ་རྒྱུན་དུ་གསུངས། །ལྷོ་བྲག་ཕྱོགས་སུ་ཁ་བལྟས་ཕྱག་མང་འཚལ། །ཡུམ་དང་སྐུ་རྫི་གཉིས་ཀྱིས་བཀྱོན་པའི་དུས། །དཔའ་བོའི་དྲུང་དུ་འབྲོས་བསམ་ཡང་ཡང་དྲན། །དེ་སྐབས་དཔའ་བོས་ཙནྡན་ཚེ་དཔག་སྐུ། །བརྟན་བཞུགས་བསྐུར་བ་ཕེབས་པས་འདི་སྐད་སྣང་། །བསྟན་འཛིན་སྐྱེས་བུ་མཁས་གྲུབ་བླ་མ་མཆོག །ཆོས་ཀྱི་རྒྱལ་པོ་མོས་གུས་སྒྲུབ་པ་ནི། །སླར་ཡང་བསམ་བཞིན་སྐྱེ་བ་བཞེས་པ་གང་། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་སོགས་དང་། བར་ལེ་བ་ཆོས་རྒྱས་མོས་གུས་གྲུབ་པའི་སྐུ་སྐྱེ། སྐུ་ཚེ་བརྟན་པའི་སྨོན་ལམ་ཤིས་བརྗོད་དུ་གཙུག་ལག་རྒྱ་མཚོས་བྲིས། ཞེས་སོ། །དུད་འགྲོ་གསོད་ཚེ་ལྟ་བར་མི་བཟོད་དང་། །སྙིང་རྗེ་སྐྱོ་ཤས་ཇེ་ཆེར་འཕེལ་གྱུར་ཅིང་། །དཔའ་བོ་ལ་སོགས་མགུར་དང་རྣམ་ཐར་སོགས། །ལ་ལ་བློར་བཟུང་འདོན་དུས་མཆི་མ་འཁྲུགས། །མི་རྟག་ལས་འབྲས་འཁོར་བའི་ཉེས་དམིགས་དང་། །ཆོས་ཀུན་སྟོང་པ་དེ་ཡང་སེམས་བང་འཇོག །ཆོས་སྤྱིའི་གོ་བ་དགོང་ལོ་དགུ་ནས་འཁྲུངས། །ལེགས་ཉེས་གསུངས་པས་མང་ཞིག་
ཐོག་ཏུ་བབ། །བར་སྐབས་གྲིབ་ཀྱིས་རྟགས་མཚན་ཅུང་ཞིག་འགགས། །བཅུ་གཉིས་ལོན་ནས་བཀའ་ཆོས་འཆད་པར་མཛད། །རྩེ་སྡོང་ཁྲི་པར་ཚེ་རྟ་འབྱུང་འདུལ་ཞུས། །ད་ཡན་མངོན་རྟོགས་རྒྱན་དང་བརྟག་གཉིས་དང་། །ནང་དོན་དམ་ཚིག་རྒྱ་མཚོའི་རྒྱུད་སྡེ་བཤད། །རྡོ་རྗེའི་ཚིག་རྐང་སྙན་བརྒྱུད་དཀར་ཆབ་དང་། །སྟག་ལུང་ཐུགས་དམ་ཟབ་ཆོས་དཀར་ཆབ་དང་། །དཀོན་མཆོག་འབངས་ཀྱི་རྒྱུད་སྡེའི་སྤྱི་རྣམ་དང་། །དཔའ་བོས་མཛད་པའི་རྡོར་དྲིལ་རྣམ་བཞག་དང་། །བླ་མའི་སྡོམ་གསུམ་རྩ་ཚིག་ལ་སོགས་ཟིན། །བཅུ་གསུམ་པ་ལ་ངག་དབང་རྣམ་རྒྱལ་པས། །སྟག་ལུང་སྤྱན་དྲངས་ཁྲི་འདོན་དབུ་སྐྲ་བསིལ། །རབ་བྱུང་བྱང་སྡོམ་སྔགས་སྡོམ་དབང་ལུང་གནང་། །ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམས་གྲོལ་མཆོག་གི་སྡེ་ཞེས་གསོལ། བཅུ་གསུམ་ལོན་ནས་དབང་དང་རབ་གནས་མཛད། །བཅུ་བཞི་ལོན་ནས་སྒོམ་དང་བརྩོན་འགྲུས་བྱས། །ཁྲིད་རྣམས་ཞུས་པའི་དམིགས་རིམ་བརྗེད་ཐོ་བྲིས། །གོ་བ་ཆེར་སྐྱེས་ཉམས་རྟོགས་ཆེར་མ་སྐྱེས། །བཅུ་བཞིའི་ལོ་ནས་འཚོགས་ལ་ལུང་གནང་ཞིང་། །བླ་མ་མཆོག་ལ་བརྟན་བཞུགས་བརྩམས་
ནས་ཕུལ། །བླ་མས་དྲིས་པའི་ལན་དང་བརྩོམ་རྒྱུགས་ཕུལ། །ཤེས་བྱར་གོ་བ་ཆེ་བས་གྲགས་པས་ཁྱབ། །ཞི་ལྷག་གཉིས་ཀའི་ཉམས་མྱོང་ཅུང་ཟད་སྐྱེས། །མཚུངས་མེད་ངག་དབང་རྣམ་རྒྱལ་དེ་ཉིད་ཀྱིས། །ཡོངས་འཛིན་དགེ་བའི་བཤེས་དེར་སླར་བྱོན་པ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་སྤྱི་ཡི་བཟུང་། །ཞེས་དང་། སྔོན་དུས་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས། །དེང་འདིར་ཆོས་རྒྱུན་བཞེས་པའི་ཡུལ་གྱུར་པ། །རྒན་པོ་ཡུལ་དུས་རྐྱེན་གྱི་དུབ་པ་བདག །ཅེས་སོགས་སྤྲུལ་སྐུ་ཡིན་པར་ཐག་ཆོད་མཛད། །སྔོན་གྱི་ལུགས་ལྟར་གདན་ས་རྩིས་སྤྲོད་གནང་། །ཁྲི་དམར་སྟེང་ཕེབས་ཉི་མ་དྲོ་བ་དང་། །མེ་ཏོག་ཆར་པར་སྣང་ཟེར་གཞན་དག་གླིང་། །ངག་དབང་རྣམ་རྒྱལ་ཕྱག་གཉིས་ཐལ་སྦྱར་ནས། །ཨོ་རྒྱན་མགོན་པོའི་སྐུ་ཚེའི་ཚད་ཙམ་ལ། །བཞུགས་པའི་ཁས་ལེན་དགོས་གསུངས་དབང་མེད་ཀྱང་། །རྟེན་འབྲེལ་ཙམ་དུ་དེ་ཀ་བྱེད་ཅེས་ཞུས། །དེ་ནས་འཆི་ལྟས་རྨི་ལམ་ཉམས་ཀུན་ཞི། །གཙོ་ཆེར་བདེ་མཆོག་མཚམས་དང་བསྙེན་པར་འབུང་། །མཚན་ཉིད་བསྡུས་གྲྭ་སྒྲ་སོགས་ཕྱོགས་མེད་བསླབ། །ས་རིས་མང་པོ་ནག་རྩིས་རི་མོའང་བསླབ། །གཅོད་ཁྲིད་ཉམས་བླངས་ཚད་
སློང་འགྲིགས་པ་བྱུང་། །ཁུ་དབོན་གཉིས་ཀས་གཙང་སོག་བར་མཛད་ནས། །སེ་འབྲས་རང་གནས་འདུག་ཏུ་ཆོག་པ་བྱུང་། །སོག་པོ་ལོག་ཅིང་བོད་ཁམས་བདེ་བ་བྱུང་། །སྡེ་སྲད་ཕུན་ཚོགས་རྣམ་རྒྱལ་དབང་མང་ཞུས། །ཨ་ཙ་ར་གཅིག་པཎ་ཆེན་ཉེར་ལྔ་དང་། །རྡོ་རྗེ་གདན་གྱི་དཀོར་གཉེར་གྱིས་བཏང་ཟེར། །ཞུ་ཡིག་བྱུང་བ་དགོངས་པས་བརྫུན་དུ་གཟིགས། །གཙུག་ལག་རྙིང་པ་གསར་བཞེངས་མང་དུ་མཛད། །གནམ་མཚོར་ཕེབས་དུས་དེ་ནུབ་འཁྱགས་པས་ཁེབ། །ཧོར་ཟླ་གསུམ་པ། ཕྱིར་ནངས་སྔོ་སེར་སོང་བས་ཡ་མཚན་གྱུར། །ཧོར་སྨད་ཐར་བའི་སྐྲ་བྲེག་མིང་བཏགས་པས། །ལོ་གྲངས་བཅུ་གསུམ་ཇུས་རྗེ་ཇེ་ལེགས་སོང་། །དུས་ཀུན་སྐྱོ་ཤས་སྙིང་རྗེ་ངང་གིས་འཕེལ། །ཕྱིས་ནས་ཅུང་ཞིག་དྲེད་ཉམས་འདུག་པ་གསུངས། །ཉམས་མགུར་མཛད་པས་དཔག་མེད་སུས་ཁྱེར་མེད། །མི་རྣམས་སྤྱོད་གཤིས་ལོག་ལ་རྗེས་དཔག་ནས། །ཐུ་མེད་ཚང་ན་དུས་ལོག་འབྱུང་བར་མཁྱེན་།ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཁྲིད། །བླ་མའི་བཀའ་ལྟར་རྒྱས་པར་བརྩམས་པར་བྱས། །བླ་མས་མར་ཐང་བསྟན་པར་ཐུགས་ཁུར་ཆེ། །རང་ཡང་ལས་ཀྱི་བསྐོས་པ་
འདྲ་ཞིག་གིས། །མར་ཐང་ཉིད་ལ་སྔར་ནས་ཞེན་ཆེ་གསུངས། །བསྙེན་པར་རྫོགས་ནས་མར་ཐང་འབྱོན་རྩིས་མཛད། །རེ་ཞིག་བར་དུ་རྡོ་དཀར་གདན་གཅིག་མཛད། །གཟིམ་གུར་དྲུང་ནས་སོག་པོ་བཤར་བའི་དུས། །བཀའ་སྲུང་ཕྲག་དོག་རྟ་བཞི་གློ་བུར་ཤི། །སྡེ་སྲིད་གཙང་པས་ཚེ་དབང་བརྒྱ་རྩ་ཞུས། །ཚེ་རིང་མ་ཡི་རྗེས་གནང་བྱས་པའི་དུས། །སྲིད་འཕེལ་རྟེན་དུ་གསེར་རྡོར་ཆུང་ངུ་ཞིག །གཙང་པར་གཏད་པས་དེ་དུས་ཟླ་གྲངས་དང་། །ངེས་པར་འགྲིགས་པས་རྒྱལ་བུ་འཁྲུངས་པར་གྱུར། །ལྷ་ཡི་རྒྱལ་སྲིད་ལྟ་བུའི་རྣལ་འབྱོར་ལ། །ཞེན་པར་རང་ལོག་ངེས་འབྱུང་འཕེལ་བར་བྱུང་། །རྟག་བརྟེན་དུ་ཕེབས་རྗེ་བཙུན་དམ་པ་ལ། །དབང་ལུང་མང་ཞུས་དེ་དུས་རྨི་ལམ་ན། །གཞི་བདག་མོ་རིགས་གཅིག་གིས་གུས་པར་བཏུད། །སྒོམ་དེར་བན་རྒན་བསྙེན་པ་མང་ཐེམ་གཅིག །རྨི་ལམ་ལ་བསྟན་ལུང་བསྟན་ཤོག་དྲིལ་ཕུལ། །ལེགས་ཉེས་ཐམས་ཅད་དེ་ཉིད་བདེན་པར་གྱུར། །དེ་ནི་ལོ་གྲངས་བཅའ་བཅུ་ལས་མི་འདུག །སྣར་ཐང་སྟག་གདན་རྒྱལ་བྱེད་ཚལ་སོགས་ཀྱི། །བསུ་བ་སེར་ཕྲེང་བསྙེན་བཀུར་གུས་ཞབས་བྱས། །བསམ་འགྲུབ་རྩེ་སོགས་ཆེ་ཕྲ་མང་པོ་ལ། །རྒྱལ་བསེན་
འདྲེ་ཤིག་བཀའ་ཤོག་གནང་བས་ཕན། །ཤ་མེད་གངས་དཀར་མ་ཡི་གསོལ་ཁ་བརྩམས། །གཙང་སོག་བར་ལ་བྱང་དུ་ཕེབས་དགོས་བྱུང་། །ཉམས་རྨིས་དངོས་སུ་རྟགས་མཚན་ངན་པ་གཟིགས། །སོག་པོ་ཧོར་དང་ནོར་ནས་ཕྱིས་བཞིན་བརྒྱབ། །བུ་ཚ་བཅུ་དང་བརྗེ་གཅིག་བསད་འདུག །སོག་པོས་གནོང་འགྱོད་ཧོར་ཡང་མ་བརྒྱབ་ལོག །དེ་རྣམས་སྙིང་རྗེ་སྒྲིབ་སྦྱངས་མཛད་པའི་ཚེ། །རྨི་ལམ་ངག་དབང་རྣམ་རྒྱལ་ཞལ་མཇལ་ནས། །བགེགས་སྦྱངས་སྐབས་སུ་དམིགས་པ་ནན་གྱིས་གསུངས། །དེ་དུས་ཤི་བ་ད་ལྟ་ངོས་འཛིན་དུ། །འདི་དང་འདི་ཡོད་དྲུང་འཁོར་ཚོ་ཡིས་གླེང་། །སོག་དམག་ཧོར་ལ་འགྲོ་བཤོལ་བརྩོན་དགའ་བསླུས། །ཁར་ཁ་ལ་ཆིང་གཉིས་ལ་དབང་སོགས་གནང་། །ཁར་ཁ་འདི་ལ་ལེགས་པོ་མི་འོང་ཞེས། །ཆོ་ཁུར་ལ་གསུངས་ཐོག་བབ་མངོན་པར་བསྟོད། །བདག་ལ་མངོན་ཤེས་ཡོད་པའང་མ་ལགས་ཏེ། །ཡབ་ཡུམ་ཨ་ཙ་མ་རྣམས་ཀྱང་མི་རིགས། །ཅི་སྨྲས་ཐོག་ཏུ་བབ་པ་མང་ཡོད་པ། །རྩ་ཁམས་དངོས་སམ་ཁ་ཡི་ལ་ཉེའི་དཔེ། །ཡིན་གསུངས་མངོན་ཤེས་ཡོད་པ་ཞལ་མི་བཞེས། །ནམ་འཆི་ཀརྨ་ཡེར་ལྡེང་བཀའ་དབང་གནང་། །
གྲགས་པའི་དྲུང་ནས་མར་ཐང་ཕྱག་བཞི་གསན། །ཇོ་ནང་སྤྲུལ་སྐུ་བྱོན་ན་ལེགས་གསུངས་པས། །མར་ཐང་དོན་ལ་ཁམས་སུ་སྔོན་ལ་ཕེབས། །བར་ཧོར་ནང་དུ་ཕེབས་དུས་རྨི་ལམ་ན། །རི་བོ་ཆེ་ནས་ཡིན་ཟེར་བུད་མེད་འགའ། །སོག་གོས་ངན་པ་གྱོན་ནས་བསུ་བ་བྱུང་། །ངེད་རྣམས་ཉམས་ཐག་འབྱོན་པའང་སྔའམ་འཕྱི། །ཟེར་སྙམ་རྟ་རྣར་ཐུགས་དམ་བརྟག་པའང་མཛད། །རི་བོ་ཆེར་ཕེབས་དད་པས་བ་སྤུ་གཡོས། །ཀརྨའི་ཉེ་ལོགས་མགོན་པོའི་སྔགས་རྒྱུན་བཙུགས། །སྒམ་པོ་པ་དང་རྒྱལ་བ་ལྷ་ནང་པ། །ཞལ་སྤྱོད་སྐུ་འདྲ་མཇལ་ལ་གསོལ་བཏབ་པས། །དངོས་སུ་གྱུར་ནས་དྭག་པོས་ཕྱག་ཆེན་དང་། །ལྷ་ནང་པ་ཡི་ཆོས་སྐྱོང་གདམས་སྐོར་རྣམས། །དེ་རིང་ག་ལེ་སང་ཉིན་གནང་གསུངས་དང་། །སྤྲུག་བཙན་རྣམ་པ་འདྲ་བ་གཅིག་གིས་ཀྱང་། །སང་ཉིན་ངོས་འཕྲད་ཞིབ་ཞིབ་བྱའོ་སོགས། །ཕུགས་སུ་བཟང་བའི་རྨིང་ལྟས་མང་དུ་བྱུང་། །བེ་རི་མི་རྟག་སྙམ་ཤིང་སྐྱོ་བ་ལས། །མི་དགའ་བ་དང་སྡང་སེམས་ཆེར་མ་སྐྱེས། །འོན་ཀྱང་ཐུན་ཁ་སོག་པོས་བཤིགས་ཐོས་པས། །གུར་དང་ཌོཀིར་གསོལ་འདེབས་གྱུར་ཅིག་ཤོར། །བརྟག་པ་བྱས་ནས་སངས་རྒྱས་ཚེམས་ལ་སོགས། །
ནང་རྟེན་ལག་མེད་གསང་ལྟབ་སྤྱན་འདྲེན་བྱས། །དབོན་གྱི་ཐུགས་དམ་གྲི་གུག་ཏྲག་ཤད་ཀྱི། །ཕྱིར་སྔ་ཕེབས་དུས་ཆོ་འཕྲུལ་ལྟས་བཅས་བྱུང་། ་།སྡེ་ཕ་བཞག་ནས་ཞལ་ད་གནང་བའི་ཚེ། །རྟེན་འབྲེལ་ལེགས་པའི་ལྟས་མཐོང་སྤྲོ་བ་འཕེལ། །སྤྱང་ཀུ་གཅིག་གིས་ཁྱུང་པོའི་བར་དུ་བསྐྱལ། །སྟག་ལུང་དུ་ཕེབས་ཡུམ་འདས་དགེ་རྩའང་བསྒྲུབས། །གྲགས་པའི་དྲུང་ནས་དགྱེས་རྡོར་རྒྱལ་རྒྱ་མཚོ། །ཛྷཱ་ན་ལུགས་དང་རྔོག་ལུགས་གཉིས་པོ་གསན། །ལོ་ཙཱ་བླ་མ་བཀྲ་ཤིས་དཔལ་བཟང་ལས། །སྒྲ་ཡི་རིགས་ནི་གསན་ཅིང་མང་དུ་བསླབ་། །རྨི་ལམ་སྤྲུག་བཙན་སོག་པོའི་རྒྱལ་པོའི་ཚུལ། །ཤར་བཙོ་རྨིས་པས་ཧོར་གྱི་སྡེ་དུམ་བཅད། །ར་མདའ་བྱས་པས་རང་རྒྱལ་ཧོར་བཅུ་ཤི། །རྩེ་ཕ་གདན་སར་བསྐོས་ནས་ཡང་རི་མཛད། །འོད་འཇོའི་རི་ཁྲོད་འོག་མིན་ཆོས་མཛོད་བཏབ། །སྔོན་ཆད་མཚམས་རྣམས་ཚེ་འདིའི་དོན་དུ་སོང་། །དཀོར་དང་སྡིག་ལྟུང་སྦྱོང་རྒྱུ་ཡོད་གསུངས་ནས། །མཚམས་བསྡམས་སྔོན་འགྲོ་བཞི་སྦྱོར་གཙོ་བོར་མཛད། །རྨི་ལམ་སྡིག་མ་དག་རྟོགས་ཅུང་ཟད་དང་། །དངོས་སུ་མངོན་ཤེས་ཕྲ་མོ་ཤར་བར་གྱུར། །འཇང་ནས་བཀའ་འགྱུར་པར་མ་སྤྱན་དྲངས་
སླེབས་། །རྨི་ལམ་བུད་མེད་མང་དུ་རྨིས་པ་ཡིས། །རྟ་ན་བླ་མར་བླ་མས་ལྷ་མོའི་གཏེར་ཆེན་བཙུགས། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་ངོ་མཚར་བྱུང་། །ཁམས་སུ་འབྱོན་པའི་རྐྱེན་སེལ་སྐུ་མཚམས་མཛད། །མཁའ་ལ་སྒྲ་ཆེན་གྲག་པའི་ལྟས་བརྟགས་པོས། །དབུས་གཙང་དུ་མའི་བདེ་བ་ཐུགས་ཀྱིས་མཁྱེན། །ཕྱིར་ལོར་ཨོ་རོད་རྒྱལ་པོའི་དཔུང་ཆེན་སླེབས། །མགོན་པོའི་གཏོར་ཆེན་དགུ་བརྒྱ་ཙམ་ཕུལ་བས། །སོག་ལམ་ཡིན་ཀྱང་བདེ་ལེགས་ལྡན་པར་གྱུར། །དེ་ནས་ངག་དབང་བཀྲ་ཤིས་དཔལ་བཟང་སོགས། །གདུགས་དཀར་གཏོར་ཆོག་མགོན་པོའི་བསྐང་གསོ་སོགས། །བསྟན་དང་བླ་མའི་སྐུ་རིམ་གཙོར་ཆེན་རྩོམ། །ལས་རྣམས་དྲང་པོར་སྤྱོད་ཅིང་དྲང་པོར་སྨྲ། །ཕྱོགས་སུ་ལྷུང་པ་འདྲ་ཡང་དོན་ལ་བསྟན། །དགགས་དགོས་མཐུན་པའི་ཚུལ་ཁྲིམས་གཙང་། །སེམས་ཁོ་ན་བསྲུང་བའི་བསོད་ནམས་ཅན། །ཚུལ་དེ་འདྲ་ཞིག་ལ་ཡིད་སེམས་ཤོར། །ཞེས་སོགས་ཉམས་མགུར་དཔག་ཏུ་མེད་པ་དང་། །སོ་ཐར་བཤད་པ་སྡོམ་གསུམ་གཅོད་ཁྲིམས་སོགས། །བརྩམས་ཆོས་ཆེ་ཕྲ་དཔག་ཏུ་མེད་པ་བཞུགས། །ཚེར་ལུང་གོང་མ་ཀརྨ་བསྟན་འཕེལ་དང་། །ཡོངས་འཛིན་སྤྲུལ་སྐུ་དུང་དཀར་
རས་ཆེན་པ། །བོ་དོང་འཆི་མེད་པ་དང་འབའ་རོམ་པ། །བྱ་བཏང་བསྟན་པ་རྣམ་རྒྱལ་རྗེ་དྲུང་དང་། །ཁ་རག་སྐུ་སྐྱེས་དབང་ལུང་གདམས་པ་ཞུས། །ཨོ་རྒྱན་ཆེན་པོའི་མ་འོངས་ལུང་བསྟན་ལས། །དཔལ་གྱི་མིང་ཅན་བློ་གྲོས་སྟོབས་ལྡན་པ། །ཁམས་ཀྱི་སྟོད་ཕྱོགས་རི་བོ་ཞེས་བྱར་འབྱུང་། །སྒོ་གསུམ་བླ་མའི་ཞབས་ཏོག་ཉེ་བར་སྒྲུབ། །ཅེས་གསུངས་ལུང་བསྟན་བཞིན་དུ་རི་བོ་ཆེར། །སངས་རྒྱས་དབོན་པོའི་བསྟན་པའི་ཞབས་ཏོག་བསྒྲུབ། །ཕྱག་རྡོར་སྤྲུལ་པ་ལྷོ་བྲག་ཕྱག་རྡོར་པས། །སྟག་ལུང་བདུན་རྒྱུད་ལུང་དང་བསྟན་པ་ལས། །གཅིག་ནི་སྐུ་དང་གསུང་རྟེན་བཞེངས། །འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཏེ། །ཏིང་འཛིན་སྤྲུལ་པ་སྣ་ཚོགས་བསྟན། །མཐའ་དམག་བོད་དུ་འོང་བ་ཟློག །དེ་ཡིས་ཆེད་དུ་འདས་ཚུལ་སྟོན། །བླ་མ་གོང་མ་ཉིད་ཡིན་པས། །ཁོ་རང་སྔར་ནས་ལུང་བསྟན་ཡོད། །ལོ་ཡང་བྱེད་པ་འདས་ཀྱང་དེར། །འདས་ཚུལ་སྟོན་ཅིང་སྣང་བ་བསྒྱུར། །མཐོང་ཐོས་རེག་འཆང་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །འདི་ནི་ཉིད་ཀྱིས་མཛད་པའི་རྣམ་ཐར་རྒྱས་པའི་དོན་བསྡུས་ལུང་བསྟན་གྱིས་བརྒྱན་ཏེ། ཨ་རཱ་གས་དད་རྟེན་དུ་བཀོད་པ་མངྒ་
བཀྲ་ཤིས་པར་ཤོག། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།