ལེའུ་སོ་གཉིས་པ། ཏིང་འཛིན་རྩལ་རྫོགས་སྤྲོས་པར་མི་དགའ་ན། །དྲིལ་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ཡོད། །
༼ཁི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་གསར་རྙིང་ཡི་དམ་ཌཱ་ཀི་སྤྱི་ཡི་དྲིལ་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ། ཡི་དམ་ཌཱ་ཀི་ཚོགས་ལ་ཕྱག་འཚལ་ནས། །དེ་དག་སྤྱི་དྲིལ་སྒྲུབ་པ་འདིར་འགོད་བྱ། །བཀའ་ཡིས་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དཀྱིལ་འཁོར་མཆོད་གཏོར་ལ་སོགས་སྟ་གོན་རྣམས། །ནང་སྒྲུབ་ཉིད་དང་ཁྱད་པར་མེད་པ་ལ། །གསར་མ་ཡིན་ན་སྔ་དྲོ་བདག་བསྐྱེད་དང་། །ཉིན་ཕྱེད་མདུན་བསྐྱེད་དགོང་མོ་ཚོགས་གཏོར་བསྔོས། །རྙིང་མ་ཡིན་ཅིང་ལས་བྱང་ཉུང་ན་ནི། །ཉིན་པར་དུས་གསུམ་མཚན་དང་ཐུན་བཞི་འདོན། །ཆོ་ག་མང་ན་ལས་བྱང་རྒྱས་པ་དེ། །སྔ་དྲོ་འདོན་ཅིང་ཕྱི་དྲོ་ཚོགས་གཏོར་འབུལ། །མཚན་ཐུན་མངོན་རྟོགས་ཉུང་བསྡུས་ཙམ་ཞིག་བྱ། །དམིགས་པའི་སྒོམ་ཚུལ་སྔ་དྲོའི་དུས་ཀྱི་ཚེ། །ཕྱི་སྒྲུབ་ནང་ལྟར་བསྙེན་པའི་དམིགས་པ་བྱ། །ཉིན་གུང་ནང་སྒྲུབ་ནང་གི་དམིགས་པ་བྱ། །དགོང་མོ་གསང་སྒྲུབ་དམིགས་པ་ཅི་ལྕོགས་བྱ། །སྲོད་ལ་ཡང་གསང་སྒྲུབ་པའི་དམིགས་པ་དང་། །
འཁྲུལ་འཁོར་ཚར་གཅིག་ཀྱང་ནི་བརྒྱབ་པར་བྱ། །ཉལ་ཁ་དེ་བཞིན་ཉིད་ཀྱི་སྒྲུབ་པ་ནི། །དམིགས་པ་གསལ་གདབ་ཉམས་ལེན་ངང་ལ་བཞག །བདུན་དང་བཅུ་བཞི་ཉེར་གཅིག་ཞག་གི་ཚད། །ཆིག་འབུམ་བཞི་འབུམ་བདུན་འབུམ་གྲངས་ཀྱི་ཚད། །རྟགས་ཡིག་བཞིན་དུ་བྱུང་ན་རྟགས་ཀྱི་ཚད། །དེ་ལྟར་ཕྱི་ནང་གསང་བ་ཡང་གསང་དང་། །དེ་བཞིན་ཉིད་ཀྱི་སྒྲུབ་པ་གཅིག་ཏུ་དྲིལ། །དེ་ཕྱིར་དྲིལ་སྒྲུབ་ཅེས་ནི་བྱ་བ་སྟེ། །འདི་ནི་ཡི་དམ་མཆོག་གི་དྲིལ་སྒྲུབ་ཡིན། །ཆོས་སྐྱོང་དྲིལ་སྒྲུབ་ཉིད་དང་དོན་མི་གཅིག །སྒྲུབ་པ་སྣ་མང་སྤྲོས་པ་མི་ལྕོགས་ཤིང་། །ཕྱི་ནང་གསང་གསུམ་སྒྲུབ་པར་འབྲེལ་འཇོག་འདོད། །སྒྲུབ་རྫས་མཆོད་གཏོར་ཡང་ཡང་མི་འཛོམ་ན། །འདི་ཉིད་བསྒྲུབས་པས་སྒྲུབ་པ་ཐམས་ཅད་ཚང་། །ཕྱི་ནང་གསང་བ་ཡང་གསང་དམིགས་རིམ་ཚོགས། །འཕྲོ་འདུ་མང་པོའི་དམིགས་པ་ཟིན་དཀའ་ན། །རྩ་བའི་དམིགས་པ་རེ་རེ་རེས་མོས་ཆོག །དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། །བླ་མེད་གསར་རྙིང་རྒྱུད་སྡེ་དུ་མ་དང་། །རྒྱ་གཞུང་སྒྲུབ་ཐབས་ཟབ་མོ་དུ་མའི་
བཅུད་། །མཁས་མཆོག་སློབ་དཔོན་མང་པོའི་ཞལ་ཁྲིད་དང་། །རང་གིས་ཡང་ཡང་ཉམས་བླངས་མྱོང་བས་སྦྱར། །ཕྱི་རབས་སྔགས་འཆང་གཞན་ལ་ཕན་པའི་ཕྱིར། །མཁའ་འགྲོའི་སྙིང་ཁྲག་ཡིན་ཀྱང་གསལ་བར་བཀོད། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་པས། །ཆོས་བདག་ཌཱ་ཀིས་ཀོ་ལོང་མི་མཛད་ཞུ། །དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ་བ་ཡི། །དམར་པོའི་ཚེས་དགུ་ལྷ་མོ་རྒྱུ་བའི་ཉིན། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་སྨྲས། །རྡོ་རྗེ་འཛིན་པ་བརྩོན་འགྲུས་རྒྱ་མཚོ་ཡིས། །མྱུར་མགྱོགས་རྫུ་འཕྲུལ་མིག་འཕྲུལ་འདྲ་བར་བྲིས། །ཕྱི་རབས་སྔགས་འཆང་སྒྲུབ་པ་འདོད་རྣམས་ལ། །བཞག་པ་ཆེན་པོ་ཡིན་ནོ་མངྒ་ལཾ། །ལེའུ་སོ་གཉིས་པའོ།། །།