རྡོ་རྗེ་གཙུག་ཏོར་གྱི་དབང་དང་བཏགས་གྲོལ་རྒྱུག་བྱང་དང་བཅས་པ་ཁྲིགས་སྡེབ་ནག་འགྲོས་སུ་བཀོད་པ།
རྡོ་རྗེ་གཙུག་ཏོར་གྱི་དབང་དང་བཏགས་གྲོལ་རྒྱུག་བྱང་དང་བཅས་པ་ཁྲིགས་སྡེབ་ནག་འགྲོས་སུ་བཀོད་པ་བཞུགས་སོ༔
ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ་ནས། འོ༔ ཁྱོད་རང་སྔོན་ཆད་བླ་མ་སྐུ་གསུམ་འདུས་པའི་དཀྱིལ་འཁོར་འདི་མ་མཐོང་བའམ་མཐོང་ཀྱང་བསྐྱར་ནས་འཇུག་པའི་བརྡར་རས་ཡུག་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད༔ ཙཀྵུ་བྷནྡྷ་མ་ན་ཝ་ར་ཡེ་སྭཱ་ཧཱ༔ ཞེས་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་རེ་བཟུང་པའི་མོས་པ་མཛོད༔ ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་དང་། མཎྜལ་ནི། ཕྱི་ནང་གསང་གསུམ་ཡེ་ནས་སྐུ་གསུམ་གྱི༔ གཞི་ལམ་འབྲས་བུའི་སྐུ་གསུང་ཐུགས་དང་ནི༔ བྱང་ཆུབ་སེམས་ཀྱི་མཎྜལ་རྒྱས་པར་རྫོགས༔ རྣམ་སྨིན་དྲི་བཅས་རྡོ་རྗེ་སེམས་དཔའ་ཡི༔ རང་བཞིན་འབྲས་བུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་མཉམ་པར་ཆེན་པོའི་ངང་དུ་འབུལ༔སྣང་ཞེན་ཆོས་ཉིད་དབྱིངས་སུ་དག་གྱུར་ནས༔ དོན་གྱི་རིག་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གུ་རུ་དེ་ཝ་ཊཱཀྐི་ནི་དྷརྨཱ་ཀ་ཡ་སམྦྷོ་ཀ་ཡ་ནིརྨ་ཀ་ཡ་པཱུ་ཙ་མཎྜ་ལ་ས་མུ་ཌ་སྥ་ར་ཎ་ས་མ་ཡ་ཨ་ཧཱུྃ༔ གསོལ་གདབས། ན་མོ༔སངས་རྒྱས་ཀུན་གྱི་རང་བཞིན་འཆང་༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ དབུ་སྐྲ་བུང་བ་ལྟ་བུའི་མཚན༔ ཐོབ་ཕྱིར་དབང་མཆོག་བསྐུར་དུ་གསོལ༔ དམ་བསྒྲགས། འོ༔ འདི་ནི་གསང་གསུམ་འདུས་པ་ཡི༔ རྟགས་དོན་རང་བཞིན་བྱིན་རླབས་ཆེ༔ ཐོབ་པ་ཙམ་ཞིག་མི་གཙོ་སྟེ༔ ལམ་བསྒྲུབ་དམ་ཚིག་བསྲུང་དགོས་པས༔ དེ་དག་ཁྱོད་ཀྱི་ནུས་སམ་སྟེ༔ དེ་བས་ཁེ་ཉེན་བརྟགས་པར་མཛོད༔ དེ་ནས་ལན་དུ་གསོལ་བ་ནི༔ ཀྱཻ༔ དོན་མེད་དཀའ་ཐུབ་བཙན་པོ་ཞིག༔ མུ་སྟེགས་ཅན་དང་སྐྱེ་བོ་ཡི༔ སྐྱོ་བ་མེད་པར་གྲངས་མེད་བཟོད༔ འདིར་ནི་དོན་ཆེན་སངས་རྒྱས་ཀྱི༔ འབྲས་བུ་བླ་མེད་ཡང་དག་པའི༔ དོན་དུ་བདག་ལྟ་སྨོས་ཅི་འཚལ༔ བླ་མས། ཧོ༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ ལྟ་བསྒོམ་སྤྱོད་པའི་དམ་ཚིག་ནི༔ མཐའ་དག་ཁྱོད་ཀྱིས་བསྲུང་ནུས་སམ༔ ནུས་ན་དབང་མཆོག་དམ་པ་སྦྱིན༔ བུས། ཀྱཻ༔ ཅི་གསུང་བཀའ་བཞིན་བསྒྲུབས་ལགས་ཀྱི༔ མགོན་པོའི་བདག་ལ་བཀའ་དྲིན་སྩོལ༔ བླ་མས། འོ༔ དེ་ལྟར་ན་ནི་བདག་གིས་སྦྱིན༔ སངས་རྒྱས་ཕྲིན་ལས་རྒྱུན་མ་བཅད༔ དམ་ཚིག་སྡོམ་ལ་རྟག་ཏུ་གནས༔ དེ་ཡང་གང་དང་གང་ཞེ་ན༔ ཕྱི་ལྟར་རྡོ་རྗེའི་བླ་མ་ལ༔ བཀུར་བསྟི་རིམ་གྲོ་རབ་ཏུ་བརྩོན༔ དེ་ཡིས་རྡོ་རྗེའི་གཙུག་ཏོར་ཐོབ༔ ནང་ལྟར་སྡོམ་གསུམ་དམ་ཚིག་རྣམས༔ ཤིན་ཏུ་ཞི་བའི་སྒོ་ནས་སྤྱོད༔ གསང་བ་སྐུ་གསུང་ཐུགས་གསུམ་ལས༔ ནམ་ཡང་མི་འདའ་ཕྱག་རྒྱ་བརྟེན༔ དེ་ཡིས་རྡོ་རྗེ་གཙུག་ཏོར་ཐོབ༔ སངས་རྒྱས་རྡོ་རྗེ་གཙུག་ཏོར་ཏེ༔ གཞི་རུ་སེམས་ཅན་ཀུན་ལ་ཡོད༔ ནམ་ཡང་བྲེགས་པར་མི་བྱ་སྟེ༔ དེ་འཆང་པ་ལ་སྨད་མི་བྱ༔ ལྕང་ལོ་ཐོད་བཞིན་གུས་པས་བརྟེན༔ ཞེས་བརྗོད་དེ་ནས་ལན་གསོལ་བ། ཀྱཻ༔ ཉིད་ཀྱི་གང་ལྟར་བསྒྲགས་པ་བཞིན༔ དེ་དག་ཐམས་ཅད་བདག་གིས་བསྲུང་༔ སྒོ་གསུམ་སྐུ་གསུང་ཐུགས་གསུམ་དུ༔ བྱིན་གྱིས་བརླབས་པའི་དམ་ཚིག་རྫས༔ ཁྲེལ་དང་ངོ་ཚའི་རྟེན་གྱུར་བ༔ རིགས་ཀྱི་བདག་པོའི་བཀའ་རྟགས་བཀོད༔ དཔའ་བོའི་བདག་ལ་བཀའ་དྲིན་སྩོལ༔ བསླབ་སྦྱིན། ཧོ༔ སོ་བྱང་སྔགས་ཀྱི་སྡོམ་དམ་ཚིག༔ མ་ལུས་རྡོ་རྗེའི་ཆོ་གས་སྦྱིན༔ ད་ལྟ་ཉིད་དུ་ཐོབ་པ་ཡིན༔ མ་ཉམས་བརྩོན་འགྲུས་དྲག་པོའི་བསྲུང་༔ ས་མ་ཡ་དྷ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གདོང་གཡོག་བསལ་ལ། མ་རིག་པའི་ལིང་ཐོག་ཡེ་ཤེས་ཀྱི་ཐུར་མས་བསལ་བས་ཇི་བཞིན་ཇི་སྙེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཐོང་པར་གྱུར༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མེ་ཏོག་དོར་བ། རྟེན་འབྲེས་རྫས་ཀྱི་མེ་ཏོག་འདི་ཉིད་སྔོན་བརྟེན་པའི་སྟོབས་ཀྱིས་ལས་འབྲེལ་མྱུར་དུ་སངས་རྒྱས་འགྱུར་གང་ལ་ཡོད་པའི་ལྷ་དེ་ལ་འབབས་པར་ཤོག་ཅིག༔ པུཥྤེ་པྲ་ཏི་ཙ་ཧོ༔ ཕྱོགས་བཞི་ཡེ་ཤེས་བཞིའི་སྒོ་ནས་རང་བཞིན་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བཞིན་དུ༔ ན་མོ་ན་མ་ཧཱུྃ༔ ཞེས་ལན་བཞི་བརྗོད་པས། ཡེ་ཤེས་ཀྱི་མཐོང་བ་ཡོངས་སུ་རྫོགས་པ་ཤིན་ཏུ་དག་པར་གྱུར་པར་བསམ་ལ། བཛྲ་པྲ་ཝན་ཙ་པྲ་ཝེ་ཤ་ཕཊ༔ མདུན་བསྐྱེད་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི། ཧཱུྃ༔ ཆོས་ཉིད་བསམ་བརྗོད་བྲལ་བ་ནི༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་པས༔ རང་བྱུང་ཡེ་ཤེས་ཕྱག་རྒྱ་ཆེ༔ མཚོན་བྱ་གཙུག་ཏོར་བལྟར་མི་མངོན༔ ཐོབ་བྱ་རྒྱུ་དང་སད་བྱེད་དབང་༔ ཐེག་པའི་མཆོག་འདིར་ཡེ་གནས་གཞི༔ མངོན་དུ་གྱུར་ལས་ལྷུན་གྲུབ་པས༔ དེ་ཕྱིར་སྐུ་ཡི་མཚན་མཆོག་གི༔ ས་བོན་རྒྱུད་གསུམ་འབྲེལ་བ་ཉིད༔ དཀྱིལ་འཁོར་འདི་ནི་བལྟ་བར་གྱིས༔ སྐུ་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ ཟབ་རྒྱས་ཆོས་སྐུ་མཐར་ཐུག་གི༔ རང་སྲིད་འབྱུང་བ་འདི་ལས་ཡིན༔ དེ་ལས་གཞན་གྱི་དོན་མཛད་པས༔ སྤྲུལ་པའི་རོལ་བ་འདི་ལས་བྱུང་༔ དེ་ཕྱིར་གུས་པས་བཅིང་བར་གྱིས༔ རྟགས་དོན་མཚོན་བྱེད་འདི་ཉིད་ཀྱི༔ འབྲས་བུ་མངོན་དུ་མ་གྱུར་བར༔ ཆ་ལུགས་ནམ་ཡང་མ་བཏང་ཞིག༔ སློབ་མ་ལྷར་བསྐྱེད། ཨོཾ་མ་ཧཱ་ཤུ་ནྱ་༴ སོགས། སློབ་མ་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་ཀུན་ཏུ་བཟང་པོ་ནི༔ མཉམ་བཞག་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ སྣང་སྟོང་གཉིས་མེད་སྐུ་མདོག་མཐིང་༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ ཡོངས་འདུས་དྲུག་པའི་བདག་ཉིད་གསལ༔ སློབ་མ་སྐད་ཅིག་གིས་རྡོ་རྗེ་ཀུན་ཏུ་བཟང་པོར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བརྒྱུད་གསུམ་རིག་འཛིན་གྱི་བླ་མ་རྣམས་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་སྐར་ཚོགས་བཀྲ་བ་བཞིན་དུ་བྱོན་པར་བསམ་ལ། གཞུང་འབྲིང་གི་བྱིན་འབེབས་ལ་ཁ་བསྒྱུར། རྩ་བརྒྱུད་རྡོ་རྗེའི་བྱིན་ཕོབ་ཅིག༔ སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ བསྟན་པའི་བཙས་གསུམ་བྱིན་ཕོབ་ཅིག༔ སྒོ་གསུམ་སྐུ་དང་ཡེ་ཤེས་ཀྱི༔ རང་བཞིནསོགས་ཀྱི་མཐར། སུ་པྲ་ཏིཥྛས་བརྟན་པར་བཞུགས། དེ་ནས་དབང་རྫས་བྱིན་རླབས་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏའི་སྟོང་བར་སྦྱངས། སྟོང་པའི་ངང་ལས་བསྟན་པའི་བཙས་གསུམ་རྡོ་རྗེའི་ཅོད་པཎ་དང་བཅས་པ་སྐད་ཅིག་གིས་ཡི་གེ་ཨོཾ་ཨཱཿཧཱུྃ༔ གསུམ་གྱི་མཚན་པ་ཕྱག་རྒྱ་ལྔའི་རྣམ་པར་གནས་སུ་གྱུར་བ་དང་༔ དེ་ཉིད་སླར་ཡང་ཞི་ཁྲོ་དམ་པ་རིགས་བརྒྱ་དང་མཁའ་འགྲོ་མ་བྱེ་བ་ས་ཡའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་མཚན་མ་མངོན་གྱུར་གཟུགས་སྐུའི་རྣམ་རོལ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན་དུ༔ ༼ རྩ་སྒྲུབ་ལ་བཏགས་ན་མཆན་ ༽ ཨཱ༔ ངོ་བོ་སོགས། རང་བཞིན་༴ཐུགས་རྗེ་༴ རྩ་བ༴ ཐོར་ཅོག་ཡོན་ཏན་གཞལ་ཡས་སུ་བསྟན་པའི་བཙས་གསུམ་གཟུགས་བརྙན་ནི༔ སྐུ་མཆོག་སྤྲུལ་སྐུའི་དཀྱིལ་འཁོར་ལྷའི༔ གསུང་གསང་ལོངས་སྐུའི་བཀོད་པ་ངོམ༔ སྣང་སྟོང་ཆོས་སྐུའི་ངོ་བོ་ཉིད༔ བླ་མ་ཡོངས་རྫོགས་འདུས་པའི་ཞལ༔ ཐིག་ལེ་ཉི་མ་སོགས་ནས། སྤྱན་དྲངས་གྱུར༔ གྱི་བར་དང་། འབྲིང་པོ་ལ་བཏགས་ན། ཧཱུྃ༔ ཆོས་རྣམས་ཡབ་ཡུམ་༴ ནས། རྡོ་རྗེ་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ལས་ཐོར་ཚུགས་ཡོན་ཏན་གྱི༔ གཞལ་ཡས་ཁང་གི་ནང་དབུས་སུ༔ སྐུ་མཆོག་སྤྲུལ་སྐུའི་༴ ནས་ཞལ༔ སྐུ་གསུང་ཐུགས་ལྡན་ངོ་བོར་དམིགས༔ ཧཱུྃ་མཱུཾ༔ དབུས་ཀྱི་ལྟེ་བར་༴ སོགས་དང་། དེ་ལྟ་བུའི་སྐུ་གསུང་ཐུགས་དང་བླ་མའི་གནས་གསུམ་ལས་འབོད་བསྐུལ་བསྐྱོད་པའི་ལྷ་མོ་བཞིའི་སྒྱུ་འཕྲུལ་ལས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ གངས་ཆེན་རིགས་ལྔའི་སྐུའི་བཀོད་པའི་ཁྱོན་ལ་བཞུགས་པའི་བྱིན་རླབས་བསྟན་པའི་བཙས་གསུམ་ཇི་སྙེད་པ་ཐམས་ཅད་མཚོ་ལ་ཁ་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་དབང་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། རྒྱས་བསྡུས་གང་ལྟར་ཡང་གཞུང་འབྲིང་པོའི་སྤྱན་འདྲེན་ལ་ཁ་བསྒྱུར། སྟོང་ཉིད་ཐེག་ལྡན་ཞི་ཁྲོ་རྒྱལ་བའི་ལྷ༔ སྲས་མཆོག་བསྟན་པའི་བཙས་གསུམ་རྣམ་རོལ་གྱི༔ འགྲོ་བའི་དོན་དུ་མྱུར་དུ་གཤེགས་ནས་སོགས། བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཅས་རྫོགས་མཐར། ནང་འཇུག་ལ་གསོལ་གདབ་ནི། ཀྱཻ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ ཕྱི་ལྟར་གཙུག་ཏོར་མཚན་གྱི་དབང་༔ ནང་དུ་ཅོད་པཎ་དབང་རྟགས་ཆས༔ གསང་བ་ཆོས་སྐུ་དམ་པའི་དབང་༔ མ་ལུས་བདག་ལ་སྩལ་དུ་གསོལ༔ དབང་རྫས་དཀྱིལ་འཁོར་གྱི་ལྷའི་རྣམ་པ་ཐམས་ཅད་བྱིན་ནས་སློབ་མའི་གནས་བཞིར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དམ་པར་གྱུར་བའི་དབང་བསྐུར་ཞིང་༔ སྤྱི་བོར་དབང་རྟགས་སྐུ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བརྟན་པོར་བཞུགས་ཤིང་བྱིན་གྱིས་རློབས་པ་དང་༔ འགལ་རྐྱེན་བར་ཆད་ཐམས་ཅད་བསལ་བ་དང་༔ སྐུ་གསུང་ཐུགས་དབྱེར་མེད་པའི་རྒྱས་གདབ་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་དེ་བཞིན་དུ་གྱུར་བར་མོས་ལ༔ སློབ་མའི་སྐུར་བསྟིམ་གྱི་གནས་དང་མཚུངས་ལྡན་གྱི་རྒྱུ་སོ་སོ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ ཞེས་དང་། ད་ནི་སྐུ་བུམ་པའི་རང་བཞིན་ཅན་གྱི་གཙུག་ཏོར་བལྟར་མི་མངོན་པའི་མཚོན་བྱེད་ལྕང་ལོ་རལ་ཅོད་པཎ་ཐོགས་ལ༔ ཧཱུྃ༔ ཁྱོད་ནི་གཞི་ཡི་ཀུན་ཏུ་བཟང་༔ འབྲས་བུ་བྲལ་སྨིན་མངོན་གྱུར་ཕྱིར༔ ལྕང་ལོ་རལ་པའི་ཅོད་པཎ་འདི༔ ཕྱི་ལྟར་གཙུག་ཏོར་དམ་པ་མཚོན༔ ནང་ལྟར་ཡི་དམ་དཀྱིལ་འཁོར་གྱི༔ རིགས་འདུས་རྡོ་རྗེ་བླ་མའི་སྐུ༔ འབྲས་བུ་ཀུན་ཏུ་བཟང་པོར་བཞུགས༔ རིགས་ཀྱི་བདག་པོའི་ཚུལ་དུ་སྦྱིན༔ ཞི་ཁྲོ་རྒྱལ་བའི་བུམ་པ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ནས༔ ལུས་ཀྱི་སྡིག་སྒྲིབ་ཀུན་དག་ཤོག༔ ཐོར་ཅོག་ཏོ་ཀེར་བྱས་པ་འདིས༔ འཁོར་བའི་སྐྱོན་གྱི་མ་གོས་ཤིང་༔ ཤེས་པས་སྲིད་ལ་མི་གནས་པར༔ རང་དོན་མཐར་ཕྱིན་དབང་ཐོབ་ཤོག༔ ཁ་ལོ་གྱེན་དུ་ཕྱོགས་པ་ཡི༔ འཁོར་བ་རུ་ནས་ལྡོག་པ་དང་༔ གནག་སྣུམ་འོད་ཟེར་འབར་བ་ཡི༔ བུང་བ་ལྟ་བུའི་དཔེ་བྱད་ཐོབ༔ ཟར་བུ་ཐུར་དུ་འཕྱང་བ་འདིའི༔ འགྲོ་ཁམས་རྗེས་སུ་བཟུང་བ་དང་༔ སྙིང་རྗེའི་ཞི་ལ་མི་གནས་པར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ བསྐུར་བ་སྤྱི་བོའི་གཙུག་ཏུ་བསྐུར༔ ཐིམ་པ་ལུས་ཀྱི་རྩ་ལ་བབས༔ བྱེད་ལས་རྡོ་རྗེའི་སྐུ་རུ་སྨིན༔ ཡེ་ཤེས་མཐར་ཕྱིན་དབང་ཐོབ་ཤོག༔ ཅེས་སློབ་མས་བླ་མ་དང་དབང་རྫས་ཀྱི་ལྷ་ལ་དབང་ཞུ་བ་ནི། སངས་རྒྱས་ཐམསཅད་ཀྱི་ཡབ་གཅིག་པོ་གདུལ་བྱའི་དོན་དུ་སྲས་ཀྱི་ཚུལ་བཟུང་བ་བསྟན་པའི་བཙས་གསུམ་དུ་སྣང་བ་ཉིད་ཀྱིས་འབྲས་བུ་ཡོན་ཏན་རྡོ་རྗེ་གཙུག་ཏོར་གྱི་བུམ་པར་བརྟེན་ནས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ རྟོགས་པ་སྤར་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཆེར་འཕེལ་ཞིང་རྒྱས་པ་དང་༔ མཆོག་གི་དངོས་གྲུབ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཚེ་འདི་ཉིད་ལ་འགྲུབ་པར་མཛད་དུ་གསོལ༔ ཕྱི་མ་གསུམ་ལ། ངག་ཡིད་སྒོ་གསུམ་ཆ་མཉམ་ལས་དང་བཅས་པ་ཞེས་དང་། གསུང་རྡོ་རྗེ་ལོངས་སྐུ་ཐུགས་རྡོ་རྗེ་ཆོས་སྐུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུར་ཚེ་འདི་ཉིད་ཅེས་ཁ་བསྒྱུར་བྱ་བླ་མས། ཧོ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་རྡོ་རྗེའི་རང་བཞིན་བལྟར་མི་མངོན་པ་ཡེ་ཤེས་ཀྱི་འཁོར་ལོའི་བུམ་པ་འདིའི་དབང་བསྐུར་བས་གནས་སྐབས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་དང་༔གནས་གསུམ་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ཐམས་ཅད་རིགས་དང་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་ནས་སྒོ་གསུམ་བྱ་བ་དང་བཅས་པ་དང་༔ འབྲས་བུའི་ཆོས་ཁམས་རིང་བུ་སོ་སོར་འཛིན་པའི་སྒྲིབ་པ་རྣམ་པར་དག་པའི་རྒྱས་གདབས་སུ་གྱུར་ཏེ་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་བྱིན་གྱིས་བརླབ་ཏུ་གསོལ༔ མ་དག་པའི་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་མས་༼ ཡས་དཔྱད ༽ བསྟན་དུ་ལྡོག་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་དཀར་པོ་ཡིད་ནང་དུ་ཆུད་ནས་ངོ་བོ་དབྱེར་མེད་ཆེན་པོར་སངས་རྒྱས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ གང་གིས་མཐོང་བ་ཐམས་ཅད་འབྲེལ་ཚད་དོན་དང་ལྡན་པར་གྱུར་ནས་ཕྲིན་ལས་རྩོལ་བ་མེད་པར་འཇུག་པར་ཤོག་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་གྷ་ཛ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ཀ་ཡ་གྷ་ཛ་སམྦྷོ་ཀ་ཡ་ཨ་བྷི་ཥིཉྩ༔ རྟེན་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབང་རྟགས་སུ་སྤྱི་བོར་རིན་པོ་ཆེའི་ཁང་སྒྲོམ་གཙུག་ཏོར་བལྟར་མི་མངོན་པའི་ཡེ་དབྱིངས་སུ་འཁྱིལ་ནས་བརྟན་པར་བསམ། གསུང་གི་དབང་ལས་ཐོད་ཆང་ཐོགས་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གསང་མཐའ་ཡས་རབ་འབྱམས་ཀུན༔ མཐར་ཐུག་འདི་ལ་འབབས་པ་ཡིན༔ གནས་སྐབས་འདི་ཡི་ཉག་ཕྲན་རེ༔ གདུལ་བྱ་སོ་སོའི་ངོ་སྐལ་དུ༔ གང་ལ་གང་འདུལ་ཚུལ་དུ་སྣང་༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་ཀྱི་བཀོད་པ་ཀུན༔ འདི་ཉིད་གཅིག་པུའི་རིང་བསྲེལ་ཡིན༔ བཅིང་དང་ཀློག་དང་ཐོས་པ་དང་༔ བསྒོམ་དང་བསམ་པས་དེ་མ་ཐག༔ སྲིད་པ་ཐ་མའི་སངས་རྒྱས་ཡིན༔ གསུང་ཀུན་ཞུ་བའི་མ་དཱ་ན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་ཀུན་དག་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ སློབ་མས། སངས་རྒྱས་ཐམས་ཅད་ཀྱི་ཡབ་༴ སོགས་གསུང་གི་རྒྱུག་བྱང་གི་གསོལ་བ་བཏབས་ནས། བླ་མས་བསྐུལ་ཚིག །ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ཝཀྐ་གྷ་ཛ་སམྦྷོ་ཀ་ཡ་ཨ་བྷི་ཥིཉྩ༔ བཏགས་གྲོལ་གྱི་དབང་བསྐུར་ལ། ཨཱ༔ སྒྲ་ཉིད་གྲགས་སྟོང་ཆེན་པོར་ལྡན༔ཡི་གེ་ལོངས་སྐུའི་གཟུགས་བརྙན་ནི༔ རྟོག་པ་མེད་པའི་ཕྱེད་སྤྲུལ་གྱི༔ སྐུ་ཡི་ཆོས་རྣམས་མཇལ་བར་སྟོན༔ མཁྱེན་པའི་ཕ་རོལ་ཕྱིན་པ་ཡི༔ ཆོས་སྐུ་དམ་པའི་རིང་བསྲེལ་འདིས༔ སྙན་སྨྲའི་མཆོག་གི་དབང་བསྐུར་ནི༔ མ་བསྒོམ་སངས་རྒྱས་རང་ཐོབ་ཡིན༔ མི་འཇིགས་སྦྱིན་པའི་སྒྲ་དབྱངས་ཀྱིས༔ དབུགས་དབྱུང་དམ་པ་འདི་ཡི་མཐུས༔ གསུང་མཆོག་མཚུངས་པ་མེད་པ་ནི༔ ཆོས་ཀྱི་དུང་གི་དབང་ཐོབ་ཤོག༔ བསྐུར་བ་མགྲིན་པའི་འཁོར་ལོ་ལ༔ ཐིམ་པ་ངག་གི་རྩ་བ་རླུང་༔ བྱེད་ལས་གཉུག་མའི་གསུང་དུ་སྨིན༔ ཆོས་ཉིད་མཐར་ཕྱིན་དབང་ཐོབ་ཤོག༔ སློབ་མས་གསུང་གི་རྒྱུག་བྱང་གིས་ཞུས་ལ། བླ་མས། ཧོ༔ དབྱིངས་རང་བཞིན་དང་འབྲས་བུ་མངོན་གྱུར་གྱི་ཆོས་ཀྱི་སྐུའི་གཟུགས་བརྙན་ཆེན་པོ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་ཐུགས་གསང་སྔགས་རྡོ་རྗེའི་རིང་བསྲེལ་གསུང་གསང་མི་ཤིགས་པའི་ན་དཱ་སྒྲར་སྣང་བ་ལས༔ སྒྲ་གྲགས་པ་དང་བརྡར་གྱུར་བ་དངོས་ཀྱི་བསྟན་པ་བུ་གཅིག་པུ་གཟུགས་བརྙན་སྔ་ཕྱིའི་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་འདིའི་དབང་བསྐུར་བས༔ རིགས་ཀྱི་བུ་མཆོག་གི་ལུས་རྒྱས་པར་གྱུར་ཅིག༔ ངག་འཕེལ་པར་གྱུར་ཅིག༔ སེམས་གང་བར་གྱུར་ཅིག༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སེམས་ལ་རྫོགས་ཤིང་༔ གསུང་ཐོས་པ་ཙམ་གྱིས་འབྲེལ་ཚད་དོན་དང་ལྡན་པའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་ཨ་གྷ་ཛ་ཡ་མ་ནུ་མནྡྲ་ཡ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་དང་༔ དེ་ལྟ་བུའི་གསུང་རྡོ་རྗེའི་ལྷ་རྣམས་འོད་དམར་གྱི་རྣམ་པར་ཞུ་ནས་སློབ་མའི་རླུང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་དབང་རྟགས་སུ་རྡོ་རྗེ་གཙུག་ཏོར་གྱི་བུམ་པར་གཞལ་ཡས་ཁང་གི་ནང་དུ་བཞུགས་པར་བསམ་མོ༔ ཐུགས་རྡོ་རྗེའི་དབང་ནི། ཧཱུྃ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་༔ལོངས་སྐུ་རྒྱལ་བ་ཞི་ཁྲོའི་ཚོགས༔ སྤྲུལ་སྐུ་སྟོན་པ་བཅུ་གཉིས་སོགས༔ རྒྱལ་ཀུན་སྣང་སྟོང་གཉིས་མེད་ཐུགས༔ རྣམ་རྟོག་མི་ཕྱེད་རྡོ་རྗེ་ནི༔ མཚན་མ་རྫས་ཀྱི་སྐུར་བཞེངས་པ༔ ཐུགས་རྟགས་རྡོ་རྗེ་རྩེ་ལྔ་འདི༔ ཡར་རྩེ་ཡེ་ཤེས་ལྔ་དང་ལྡན༔ ཐུགས་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ མར་རྩེ་སྐུ་ལྔའི་མཚན་དཔེར་འབར༔ སྐུ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཁ་སྦྱོར་མ་ཆགས་པདྨ་འབར༔ གསུང་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ སྦུབས་གསུམ་བརྒྱུད་གསུམ་འབྲས་བུར་རྫོགས༔ སྲ་མཁྲེགས་ཐོགས་མེད་དངོས་ཀུན་འཇོམས༔ ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས༔ མཐིང་ནག་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཕྲིན་ལས་ལྔ་ཡི་དཀྱིལ་འཁོར་རྫོགས༔ རིག་སྟོང་ཡབ་ཡུམ་ཟུང་འཇུག་གི༔ ཐུགས་ཀྱི་སྙིང་པོའི་དབང་བསྐུར་བས༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ༔ སྒྲིབ་གཉིས་ཕྲ་རགས་དབྱིངས་སུ་འཇོམས༔ རྒྱལ་ཀུན་ཐུགས་དང་དབྱེར་མེད་གྱུར༔ ཆོས་སྐུ་དམ་པ་མངོན་བརྙེས་ནས༔ འཇའ་ལུས་ཟང་ཐལ་གྲུབ་པར་ཤོག༔ སློབ་མས་ཐུགས་ཀྱི་རྒྱུག་བྱང་དང་། བླ་མས། ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ཙིཏྟ་གྷ་ཛ་དྷརྨཱ་ཀ་ཡ་ཨ་བྷི་ཥིཉྩ་ཧོ༔ སྟོང་སྒྲོན་དང་མན་ཤེལ་ཐོགས་ལ། ཧཱུྃ༔ རིག་སྟོང་མི་ཕྱེད་རྡོ་རྗེ་ནི༔ གྲྭ་ཟུར་མེད་པའི་ཐིག་ལེར་འཁྱིལ༔ ཡོན་ཏན་མཚུངས་པ་གསལ་བྱེད་པ༔ དཔལ་གྱི་བེའུའི་མཚན་ཐོབ་ཤོག༔ བསྐུར་བ་སྙིང་གི་འཁོར་ལོ་ལ༔ ཐིམ་པ་དོན་དམ་ཐིག་ལེ་རུ༔ བྱེད་ལས་གཉུག་མའི་ཐུགས་སུ་སྨིན༔ ཤེས་རབ་མཐར་ཕྱིན་དབང་ཐོབ་ཤོག༔ སློབ་མས་ཐུགས་ཀྱི་རྒྱུག་བྱང་དང་། བླ་མས། ཧོ༔ ཐུགས་ཕྱི་ནང་གསང་བའི་ཡེ་ཤེས་བཅོ་ལྔ་ཟང་ཐལ་བདུན་གྱི་ཁྱད་པར་དུ་ཕྱེས་ཤིང་མ་ཆགས་མ་ཐོགས་པའི་གཟིགས་པ་བླ་ན་མེད་པ་དང་ལྡན་པ་ཕྱག་རྒྱའི་གར་དུ་བསྒྱུར་བ༔ དཔལ་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས་རང་བྱོན་པ༔ ལྷོ་ཕྱོགས་གཡོ་ལྡང་གྱི་ཞིང་ཁམས་སུ་བསྐྱོད་མ་རག་པའི་ཞབས་ཟིན་པ༔ ཐལ་པའི་ཞིང་དང་མགོན་པོའི་སྐུ་གདུང་ཐམས་ཅད་ཀྱི་མཐའ་རྒྱས་པར་བྱེད་པ༔ དོན་དེ་དཔེ་ལ་འབྲེལ་པའི་ཕྱི་ནང་གི་གསལ་གསུམ་མཚོན་དུ་ཡོད་པའི་ཐབས་ཀྱི་གསང་སྒོར་སེམས་ཅན་སྤྱི་མཐུན་གྱི་ཁ་རྗེར་ཤར་བ༔ ཐུགས་ཡེ་ཤེས་སྒྲིབ་བྲལ་གྱི་བུམ་པའི་དབང་བསྐུར་བས༔ སྐལ་ལྡན་རིག་པ་འཛིན་པ་འདིའི་སེམས་དག་པར་གྱུར་ཅིག༔ ཡེ་ཤེས་རྒྱས་པར་གྱུར་ཅིག༔ ཡོན་ཏན་སྨིན་པར་གྱུར་ཅིག༔ ཚེ་འཕེལ་བར་གྱུར་ཅིག༔ གང་གིས་དྲན་པ་ཙམ་གྱིས་ཁམས་གསུམ་ཡོངས་སུ་སྒྲོལ་བའི་འབྲེལ་ཚད་དོན་ལྡན་དུ་གྱུར་ཅིག༔ ཨོཾ་སརྦ་ཙིཏྟ་བཛྲ་ཨ་གྷ་ཛ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཅེས་པས༔ ཐུགས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབང་རྟགས་སུ་སྤྱི་བོར་སྐུ་དང་རང་འོད་ཀྱི་རྣམ་པར་བརྟན་པར་བསམ༔ ཡང་ཡོན་ཏན་གྱི་དབང་ནི། སློབ་མས་ཡེ་ཤེས་རྡོ་རྗེའི་རྒྱུག་བྱང་གི་ཞུས། བླ་མས། ཕྱི་ལྟར་ན་རོ་རྐྱང་གི་རྩ་ཁམས་རྣམ་པར་དག་པའི་གནས་ཚུལ༔ ནང་ལྟར་ན་ཐབས་ཤེས་ཟུང་དུ་འཇུག་པའི་ངོ་བོ༔ གསང་བ་ཡོངས་སུ་རྫོགས་པ་ཆེན་པོ་རྩེ་མོ་སྤྱི་བཅིང་གི་རྒྱ་རྟགས་འདིའི་ནི་སྦུབས་གསུམ་གཅིག་དུ་བསྒྲིལ་ནས་རིན་པོ་ཆེ་གསང་བ་རྨད་དུ་བྱུང་བའི་ཤེས་རབ་མཁའ་ལ་བསྐྱོད་ཅིང་༔ ཡེ་ཤེས་དབྱིངས་སུ་འཁྱིལ་པའི་ངང་དུ་བརྟེན་ནས༔ རང་བྱུང་གི་ཆོས་གསུམ་ལྷུན་གྱིས་གྲུབ་པའི་གཞོན་ནུ་བུམ་པ་སྐུའི་འབྲས་བུ་འགྱུར་བ་མེད་པས་རང་དབང་༔ དཔའ་བོ་འབྲུ་ལྔའི་དབང་གི་ཆུ་བོ་རྡོ་རྗེ་བཀོད་པའི་ཡེ་དབྱིངས་སུ་སོན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ ཨོཾ་སརྦ་གུ་ཎ་ཀརྨ་ཨ་གྷ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་འོད་དུ་ཞུ་ནས་རྩ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་ཞིང་རྩ་ཡི་འགྲོས་ཐིམ་ནས་གཙུག་ཏོར་རྩེ་མོའི་དབྱིངས་སུ་བརྟན་པར་བསམ་མོ་། གཏོར་དབང་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྲས་ཆེན་པོ༔ ཁམས་གསུམ་འགྲོ་བ་འདྲེན་པའི་དཔལ༔ བསྟན་པའི་བཙས་གསུམ་ཚུལ་དུ་བྱོན༔ བསྐུར་བ་ལྟེ་བའི་འཁོར་ལོ་ལ༔ ཐིམ་པ་ཆོས་ཉིད་ཐིག་ལེ་ལ༔ བྱེད་ལས་ཡེ་ཤེས་རྡོ་རྗེ་སྨིན༔ ཀློང་རྫོགས་མཐར་ཕྱིན་དབང་ཐོབ་ཤོག༔ ཡེ་ཤེས་རྡོ་རྗེའི་རྒྱུག་བྱང་དང་། བླ་མས་ གུ་རུ་དེ་ཝ་ཊཱཀྐི་ནི་གྷ་ཛ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་བསམ་ལ༔ དེ་ནས་སློབ་མས་རྒྱུག་བྱང་མཐར། རྟེན་འདི་བཏགས་པའི་བྱིན་རླབས་ཀྱིས༔ བདག་ནི་མཐོང་ཐོས་དྲན་རེག་ཀུན༔ དེ་མ་ཐག་ཏུ་གྲོལ་གྱུར་ནས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ རྫས་རྟགས་གཏད་ཅིང་དམ་ཚིག་ཁས་བླང་ནི། གཙོ་བོ་འཇིག་རྟེན་མགོན་པོ་དགོངས༔ བདག་ནི་དེང་ནས་ཡང་དག་པར༔ སྐུ་གསུམ་ཡེ་ཤེས་མཐར་ཕྱིན་པའི༔ དམ་ཚིག་ཕྱག་རྒྱ་བཅིང་ནས་ཀྱང་༔ ཁྲེལ་དང་ངོ་ཚའི་གོས་བགོ་ཞིང་༔ སྐུ་གསུམ་བླ་མའི་དྲན་རྟེན་བགྱིད༔ གཞན་ཡང་ཡོངས་ལ་མི་བསྒྲགས་ཤིང་༔ སོ་བྱང་སྔགས་ཀྱི་དམ་ཚིག་ཀུན༔ རྡོ་རྗེའི་ཆོ་གའི་བསྡམས་བྱས་ཏེ༔ བསྒྲགས་པ་བཞིན་དུ་བདག་གིས་བགྱིད༔ ཧོ༔ མ་བཅོས་བཞི་ལྡན་དགོངས་པའི་མཐིལ༔ ཇི་ལྟ་བ་བཞིན་རིག་པར་བགྱི༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་དང་༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་འདིར༔ ནམ་ཡང་བརྙས་པར་མི་བྱ་ཞིང་༔ སྨྱུང་པར་གནས་པའང་དེ་བཞིན་དུ༔ དམ་ཚིག་ཆེན་པོ་མངོན་འགྱུར་ཕྱིར༔ གཙོ་བོའི་ཇི་ལྟར་བཀའ་སྩལ་བ༔ དེ་དག་ཐམས་ཅད་བདག་གིས་བསྒྲུབ༔ ཅེས་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ཡང་རང་གཞན་ལ་འཇུག་པ་བདེ་བའི་སླད་དུ་ག་གཱ་ཨ་བྷྱེས་ནག་འགྲོས་སུ་སྡེབ་པར་བཀོད་པའོ། །