Nitartha Digital Library
Tibetan
 
previousདགེ་འདུན་དཀོན་མཆོག་ལ་གདམས་པ། next

དགེ་འདུན་དཀོན་མཆོག་ལ་གདམས་པ།


DTG082_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་འདི་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དང༌། སངས་རྒྱས་ཀྱི་ཞིང་འདི་ཉིད་ནས་ཤི་འཕོས་ནས་འདིར་སྐྱེས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བརྒྱད་པའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས་མི་དང་སྐལ་པ་མཉམ་པ་


DTG082_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་པོ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་གཞོག་པར་མ་ཡིན་ཏེ། དེ་ལ་གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། །ཤཱ་རིའི་བུ་གང་ཁྱོད་ཀྱིས་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་སྨྲས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། ན་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ། འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང་དེས་མྱུར་དུ་རྣལ་འབྱོར་འདི་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་རོ། །སྐྱེ་བ་བརྗེས་ཀྱང་དེ་ལ་ཆོས་ཟབ་མོ་ཟབ་མོ་དག་མངོན་དུ་ཕྱོགས་པར་འགྱུར་ཏེ། དེས་ཕྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ཡང་དབང་པོ་ཤིན་ཏུ་རྣོ་བར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་པ་མེད་པ་དང༌། གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་


DTG082_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་རྗེས་སུ་འབྲང་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱོར་བ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མི་མཁས་པའི་སྟོབས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཀྱང་དེས་ང་རྒྱལ་དུ་མི་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའོ།། །།བམ་པོ་ལྔ་པ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་སུ་སྐྱེ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་འགྱུར་བ་ནི། དེ་དག་གི་དབང་པོ་རྣམས་རྟུལ་པོར་འགྱུར་ཞིང་རྣོན་པོར་འགྱུར་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས་བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ཡང་ཡོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་པ་ཡིན་ཏེ་དབང་པོ་རྣོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་རྣམས་སྐྱེད་དེ། ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལས་རྣམས་ལ་ཡང་སྙོམས་པར་འཇུག་ཅིང༌། བསམ་གཏན་གྱི་དབང་པོ་དང༌།


DTG082_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པའི་དབང་པོ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བར་སྙིང་རྗེ་ཆེན་པོ་ཅན་ཐབས་མཁས་པས་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་སྐྱེ་བ་ཡང་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་མཐོང་བས་ཐོབ་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་ཐབས་མཁས་པས་བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སྒོམ་པར་བྱེད། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་ཅིང༌། དེ་དག་གི་དབང་དུ་མི་འགྲོ་བར་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་མཉེས་པར་བྱས་ནས་དེས་ཚངས་པར་སྤྱོད་པ་སྤྱད་དེ། སླར་ཡང་དགའ་ལྡན་གྱི་ལྷ་དང་སྐལ་པ་མཉམ་པར་སྐྱེས་ཏེ། དེ་དག་དེར་ཚེ་ཇི་སྲིད་དུ་གནས་ནས་དབང་པོ་མཉམ་པ་དང་དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ། མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་པོ་རྣམས་ཐོབ་པ་གང་དག་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་ཡང་མི་


DTG082_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ། །འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་དག་ན་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག་མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་དག་ན་ཚེ་དཔག་ཏུ་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་གང་ཡིན་པ་དེ་དག་དེར་སོང་ནས། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང༌། ཆོས་ཀྱི་སྒྲ་མི་གྲག་པ་དང༌། དགེ་འདུན་གྱི་སྒྲ་མི་གྲག་པ་དེར་འདུག་ནས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་རྣམས་སྒྲོག་པར་བྱེད་ཅིང་དཀོན་མཆོག་གསུམ་པོ་རྣམས་ཀྱི་བསྔགས་པ་བརྗོད་དེ། སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དེས་དེ་དག་སེམས་དང་བར་གྱུར་ཏེ། དེ་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས། ཡང་དེ་དག་ཐབས་མཁས་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་


DTG082_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བ་ཡང་ཡོད་དོ་ཞེས་བྱ་བ་ནི་མིའི་རིགས་ནས་རིགས་སུ་སྐྱེ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ལ་ཡང་སྙོམས་པར་འཇུག་པ་ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་ཀྱང་ཐབས་མཁས་པའི་སྟོབས་ཀྱིས་བསམ་གཏན་དང༌། ཚད་མེད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བར་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་ཀྱང་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས་འཕོས་པར་འགྱུར་བ་དེ་དག་ཐབས་མཁས་པས་ཚངས་པའི་འཇིག་རྟེན་ནས་འོག་མིན་གྱི་བར་དུ་སྐྱེའོ། །དེ་དག་དེ་ན་ཡང་ཚངས་པའི་ཚངས་པ་ཆེན་པོར་འགྱུར་ཏེ། ཚངས་པའི་གནས་དེ་དག་ཏུ་གནས་པར་འགྱུར་རོ། །དེ་དག་དེར་གནས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ཡིན་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་འདེབས་པར་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ཐོབ་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཐོབ་པ་དང༌། དེ་དག་རྗེས་སུ་རྟོགས་པར་བྱེད་པའི་ཕྱིར་སྤྱོད་པ་


DTG082_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་པ་ཡིན་ཡང་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་བར་ཆད་གཅིག་པ་ཡིན་ནོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་བཞི་ཐོབ་པར་གྱུར་པ་དང༌། ཚད་མེད་པ་བཞི་ཐོབ་པར་གྱུར་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་སྒོམ་པར་བྱེད་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པ་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གཞལ་དུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང༌། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་ཏུ་ཡང་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་འཇོག་པར་བྱེད་དོ། །དེ་


DTG082_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་པར་བརྩོན་ཏེ་ནམ་ཡང་དོན་མེད་པའི་ཚིག་མི་སྨྲའོ། །སེམས་ཅན་གྱི་དོན་དུ་རྟག་ཏུ་བརྩོན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་མེད་གཞལ་དུ་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་ཡང་དག་པར་འདས་ཤིང་ཕྱིར་མི་ལྡོག་པའི་ས་ལ་ཡང་ངེས་པར་གནས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་བསྐྲུན་པར་བྱེད་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་དེ་དག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོང་ཞིང་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང༌། ཟས་འདོད་པ་རྣམས་ལ་ཟས་དང༌། སྐོམ་འདོད་པ་རྣམས་ལ་སྐོམ་དང༌། དེ་བཞིན་དུ་དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། བདུག་སྤོས་དང༌། མལ་སྟན་དང༌། རྟེན་མ་དང༌། ཁྱིམ་དང༌། ནོར་དང༌། འབྲུ་དང༌།


DTG082_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་དང༌། གསེར་དང༌། དངུལ་དང༌། བྱི་རུ་རྣམས་དང༌། འཚོ་བའི་ཡོ་བྱད་རྣམས་ཉེ་བར་སྒྲུབ་པར་བྱེད་པ་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་སེམས་ཅན་རྣམས་རབ་ཏུ་བཀོད་དེ། ཚངས་རིས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་འོག་མིན་གྱི་མཐར་ཐུག་པར་འགྲོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་བཞི་བསྒྲུབས་ཏེ། བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་གྱི་བར་དུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་འཕར་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ་གཉིས་ལས་རྒལ་ཏེ་འོག་མིན་དུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡོད་དོ་ཞེས་བྱ་བ་ནི་ཕྱེད་དུ་འཕར་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས་དགའ་ལྡན་གྱི་གནས་སྦྱངས་ཤིང་ཚངས་རིས་ཀྱི་ལྷའི་གནས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ། ཐབས་ལ་མཁས་པས་སེམས་ཅན་དམྱལ་བ་རྣམས་ལ་ཆོས་སྟོན་ཅིང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་པ་རྣམས་ལ་ཡང་ཆོས་སྟོན་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་བདག་ཉིད་ཀྱི་ལུས་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་


DTG082_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང༌། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དང༌། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་དང་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཡོད་དོ་ཞེས་བྱ་བ་ནི་གནས་ཐམས་ཅད་དུ་འཆི་འཕོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་དང༌། གཟུགས་མེད་པར་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང༌། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། གཟུགས་


DTG082_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆིད་ནས་སྲིད་པའི་རྩ་མོའི་བར་དུ་སྐྱེ་བར་འགྱུར་ཞིང༌། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་རྣམས་དང་ལྡན་ཏེ། ནམ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་ཉིད་དང༌། བདག་ཉིད་ལ་སྟོང་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དེ། དེ་དག་དབང་པོ་ཡོངས་སུ་དག་པ་དེ་རྣམས་དང་ལྡན་པས་སྐྱེ་བོ་མང་པོ་བྱམས་ཤིང་ཡིད་དུ་འོང་པར་འགྱུར་རོ། །སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །དག་ཡོངས་སུ་དག་པ་དང༌། ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་དབང་པོ་ཤིན་ཏུ་གསལ་པ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས་བདག་ལ་མི་སྟོང་ཅིང་གཞན་ལ་མི་སྨོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་མི་སྐྱེ་བ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་ནས། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་


DTG082_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ཏེ། དེ་དག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་རབ་ཏུ་དགོད་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་ཕྲག་དུ་མ་ཡོངས་སུ་བཟུང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་ཕྲག་དུ་མ་ཡོངས་སུ་བཟུང་སྟེ། དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་བཀུར་སྟིར་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང༌། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་མཐོང་པའི་ཆོས་ལ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་བསམ་གཏན་བཞི་ཐོབ་པ་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དེ་དག་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་


DTG082_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དག་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང༌། ཚད་མེད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པས་ཐོད་རྒལ་ལ་ཡང་སྙོམས་པར་འཇུག་པ་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་ལུས་ཀྱི་མངོན་སུམ་དུ་བྱེད་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་བྱེད་ཅིང་བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་སྣང་བ་དེ་དང་བྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ། །དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བརྒྱ་སྟོང་བྱེ་བ་ཕྲག་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་སངས་རྒྱས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དྲན་པ་ཉེ་བར་


DTG082_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་ཐོབ་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཐོབ་པ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་མི་བྱེད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མཁས་པས་སེམས་ཅན་ཐམས་ཅད་ལམ་ལ་བཙུད་ཅིང་རྣམ་པར་སྦྱངས་ནས། སེམས་ཅན་དེ་དག་དེས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་འགྱུར་བར་བྱེད་པ་དག་ཡོད་དེ། བདག་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པ་གཞན་དེ་ལ་རབ་ཏུ་དགོད་པར་བྱེད་དོ་ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་རྣམས་ཡིན་ནོ། །ཤཱ་རིའི་བུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ཏེ་ཞེས་བྱ་བ་ནི་རང་གིས་མ་ཐོབ་པའི་ཆོས་ལ་གཞན་འགོད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུས་དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐལ་བ་བཟང་པོ་པར་ཤེས་པར་བྱའོ། །ཤཱ་རིའི་བུ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མངོན་པར་རྟོགས་པ་འདི་གང་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤཱ་རིའི་བུ་དེ་


DTG082_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་གོ་སྐབས་མི་དབྱེའོ་ཞེས་བྱ་བ་འདི་དག་གིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གསལ་བར་བསྟན་ཏོ། །དགེ་འདུན་དཀོན་མཆོག་ལ་གདམས་པའོ། །


previousདགེ་འདུན་དཀོན་མཆོག་ལ་གདམས་པ། next