Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇུག་སྒྲུབ་བཤད་པ།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousའཇུག་སྒྲུབ་བཤད་པ།next

འཇུག་སྒྲུབ་བཤད་པ།


GLG013_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྒྲུབ་བཤད་པ། གཉིས་པ་འཇུག་སྒྲུབ་ལ། མཚམས་


GLG013_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། གཉིས་པ་འཇུག་པའི་སྒྲུབ་པ་འཆད་ཚུལ་ཡོད་དེ། དེ་ལྟར་གོ་ཆའི་སྒྲུབ་པའི་གོ་བགོས་པ་ལ། ཐེག་ཆེན་ལམ་ཀུན་སྦྱོར་བའི་ཉམས་ལེན་ལ་འཇུག་པའི་འཇུག་སྒྲུབ་འབྱུང་བའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཐེག་ཆེན་ལམ་གྱིས་བསྡུས་པའི་བསམ་གཏན་གཟུགས་མེད་ཀྱི་འཇུག་སྒྲུབ་དང་། སྦྱིན་སོགས་ཕྱིན་དྲུག་གི་འཇུག་སྒྲུབ་དང་། མཐོང་བ་དང་སྒོམ་པ་དང་མི་སློབ་པ་དང་ཁྱད་པར་གྱི་ལམ་བཞིའི་དེ་དང་། བྱམས་པ་ལ་སོགས་པ་ཚད་མེད་བཞིའི་དེ་དང་། བདེན་གྲུབ་ཀྱི་དམིགས་པ་མེད་པའི་ལམ་དང་ལྡན་པའི་དེ་དང་། འཁོར་གསུམ་རྣམ་པར་དག་པའི་དེ་དང་། ཆེད་དུ་བྱ་བའི་དེ་དང་། མངོན་ཤེས་དྲུག་ལ་འཇུག་པའི་འཇུག་སྒྲུབ་སྟེ་བརྒྱད་དང་། འབྲས་བུས་བསྡུས་པའི་རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི་འཇུག་ཅིང་ཉམས་སུ་ལེན་པའི་བྱ་བ་ཆོས་ཅན། ཐེག་ཆེན་ལ་འཛེག་པ་ཡིན་པར་ཤེས་པར་བྱ་སྟེ། རྒྱུ་འབྲས་ཀྱིས་བསྡུས་པའི་ཐེག་ཆེན་ལ་གོང་ནས་གོང་དུ་འཇུག་པའི་སྒྲུབ་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་དེ་འཇུག་སྒྲུབ་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་རྣམ་རྫོགས་སྦྱོར་བ་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཁ་ཅིག །སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པའི་སྒོ་ནས་ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་


GLG013_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་དེ་འཇུག་སྒྲུབ་ཀྱི་མཚན་ཉིད་ཟེར་ན། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། གཉིས་པར་རང་ལུགས་ནི། ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་རྩེ་སྦྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་འཇུག་སྒྲུབ་ཀྱི་མཚན་ཉིད། གསུམ་པ་ལ་གཉིས། སོ་སོའི་དོན་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་མཐའ་དག་སྦྱོར་བ་ལག་ལེན་གྱིས་རྣམ་པར་གནོན་པའི་ངོ་བོ་ཉིད་ཀྱི་སྒྲུབ་པ་དགུ་ཡིན་པས། འཇུག་པའི་སྒྲུབ་པ་རྣམ་པ་དགུ་པོ་དེ་ཡང་གཉིས་སུ་འདུས་ཏེ། རྒྱུ་ཐེག་ཆེན་གྱི་ལམ་དང་། དེའི་འབྲས་བུ་ལ་འཇུག་པ་གཉིས་སུ་ངེས་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། རྟེན་འབྲེལ་ཐེག་ཆེན་གྱིས་བསྡུས་པའི་འཇིག་རྟེན་པའི་ལམ་བསམ་གཏན་དང་པོ་ནས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པའི་བར་ཉམས་ལེན་གྱི་བྱ་བ་གཅིག་དང་། འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པ་དང་། གཉིས་ཀ་ཐེག་དམན་ལས་འབྱེད་པའི་ཆོས་རྣམས་སུ་ཡོད་པའི་ཕྱིར། བར་པ་བཞི་ཡོད་དེ། རང་དོན་རྟོགས་པ་ཕུན་ཚོགས་ཐོབ་བྱེད་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྤངས་པ་ཕུན་ཚོགས་ཐོབ་བྱེད་མཐོང་བ་དང་། ས་བདུན་པ་མན་ཆད་ཀྱི་སྒོམ་པ་དང་། འབད་རྩོལ་གྱི་མཚན་མ་རགས་པ་ཞི་བས་མི་སློབ་པ་སྟེ་ས་བརྒྱད་པའི་ཡེ་ཤེས་དང་། ཁྱད་པར་གྱི་ལམ་ས་དགུ་པ་བཅུ་པ་གཉིས་དང་། གཞན་དོན་སྒྲུབ་པའི་ཐབས་ཚད་མེད་པ་བཞི་དང་། དེ་དག་བྱེད་མི་དམིགས་པ་དང་ལྡན་པ་རྣམས་ཡོད་པའི་ཕྱིར། ཐེག་
དམན་ལས་འབྱེད་པའི་ཆོས་གསུམ་ཡོད་དེ། ཕར་ཕྱིན་དྲུག་གི་དངོས་པོ་ཐམས་ཅད་ལ་ལས་བྱ་བྱེད་བདེན་སྟོང་དུ་རྟོགས་པའི་འཁོར་གསུམ་ཡོངས་སུ་དག་པ་དང་། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཆེད་དུ་བྱ་བ་གསུམ་གྱི་དོན་དུ་སྒྱུར་བ་དང་། ཚོགས་མྱུར་དུ་རྫོགས་ཐབས་མངོན་པར་ཤེས་པ་དྲུག་ལ་འཇུག་པ་དང་། འབྲས་བུ་ལ་འཇུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་དམིགས་ནས་ཡང་དག་པར་གནས་པའི་མཚན་ཉིད་ཀྱི་ཉམས་ལེན་གྱི་བྱ་བ་རྣམས་ཡོད་པའི་ཕྱིར།


previousའཇུག་སྒྲུབ་བཤད་པ།next