Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousརྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།next

རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།


JKT013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་གཏེར་སྟོན་གངས་རི་བ། །ཆོས་ཀྱི་སེང་གེ་གཉན་སྟོན་ཆེན་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་རྗེ་སྟོན་པ་གཙང་མ་ཤངས་སྟོན་དང་། །རྒྱལ་མཚན་འབུམ་དང་ཁྱུང་པོ་ཚུལ་ཁྲིམས་མགོན། སངས་རྒྱས་སེང་གེ་སངས་རྒྱས་རྡོ་རྗེ་ལ། གསོལ་བ༴ ཐར་པ་དཔལ་བཟང་སངས་རྒྱས་རྣམ་རྒྱལ་རྗེ། །ཚར་ཆེན་ཀུན་མཁྱེན་མཁྱེན་བརྩེ་དབང་རབ་ཞབས། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་ལ། གསོལ་བ༴ བརྒྱུད་སྲོལ་ཀུན་འདུས་བློ་བཟང་རྒྱ་མཚོའི་སྡེ། །པདྨ་ཕྲིན་ལས་རྨོར་ཆེན་ཐམས་ཅད་མཁྱེན། །གནས་གསར་ཆོས་རྗེ་ལེགས་པའི་འབྱུང་གནས་ལ། གསོལ་བ༴ འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་དང་། བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་ཞབས། །བསྟན་འཛིན་སྙན་གྲགས་རྩ་བརྒྱུད་བླ་མ་ལ། གསོལ་བ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་དང་། །རྟ་མཆོག་རོལ་པའི་བསྙེན་སྒྲུབ་ལས་སྦྱོར་གྱིས། །ཕྱི་ནང་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། ༈ །རྟ་


JKT013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རོལ་པ་གསང་སྒྲུབ་ཀྱི་རྒྱུན་ཁྱེར་གྲུབ་གཉིས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཧ་ཡ་ཤྲཱི་བཱ་ཡ། རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་རྣལ་འབྱོར་ཟབ་མོ་མདོར་བསྡུས་ཏེ་ཉམས་སུ་བླང་པའི་ཚུལ་ལ། སྐྱབས་སེམས་ནི། །བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །དབང་ཆེན་རྟ་མཆོག་རོལ་པ་བསྒོམ་པར་བགྱི། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་ནི། །འོད་གསལ་སྟོང་ཉིད་དབྱིངས་ལས་རིག་པའི་རྩལ། །སྣ་ཚོགས་པདྨ་ཉི་མའི་གདན་གྱི་སྟེང་། །རང་ཉིད་སྐད་ཅིག་རྟ་མཆོག་རོལ་པའི་སྐུ། །དམར་ལྗང་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། །དབུ་གཙུག་རྟ་མགོ་ལྗང་ནག་རྟ་སྐད་འཚེར། །ཞབས་བརྒྱད་སྤྲུལ་བརྒྱད་བསྣོལ་བའི་སྟེང་དུ་བགྲད། །གཡས་གསུམ་རྡོ་རྗེ་ཁ་ཊཱཾ་རལ་གྲི་དང་། །གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་བསྣམས། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་མེ་ཕུང་འཁྲུགས་པའི་དབུས་ན་རོལ། །མགུལ་གྱི་བུམ་པ་ནས་བཟུང་ལོང་བུ་ཡན། །རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པས་གཏམས། །ལྷ་ཚོགས་ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་ཤིང་། །འོད་ཟེར་དཔག་ཡས་མཁའ་ཁྱབ་


JKT013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ཡིས། །འཕགས་མཆོད་བྱིན་རླབས་དངོས་གྲུབ་རང་ལ་ཐིམ། །འགྲོ་ཀུན་སྒྲིབ་སྦྱངས་བདེ་བའི་དཔལ་ལ་བཀོད། །སྡེ་བརྒྱད་འབྱུང་པོ་བྱད་མ་བརླག་ཅིང་གཟིར། །སྣང་བ་ལྷ་ལ་གྲགས་པ་སྔགས་ཀྱི་སྒྲ། །དྲན་རྟོག་ཀ་དག་ཆོས་སྐུའི་ངོ་བོར་གྱུར། ཨོཾ་ཧྲཱིཿཔདྨ་ནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་ཅི་ནུས་དང་། སྔོན་ཏུ་བསྙེན་པ་སོང་བ་ཡིན་ན། སྔགས་ཤམ་དུ་དབང་སྡུད་ཀྱི་སྔགས། །ཨོཾ་བཛྲ་དུ་ན་བྷྱོཿཏྲིག་ནན་ཛཿཛཿས་མ་ཡ་སྟྭྃ། ཞེས་དང་། ས་མ་ཡ་ཛཿ །ས་མ་ཡ་ཟློག །ས་མ་ཡ་བྷྱོཿ ས་མ་ཡ་གཏུབས། ས་མ་ཡ་བྱེར། ས་མ་ཡ་ཆད། ས་མ་ཡ་རྦད་རྦུད་ཕ྄ཊ་ཡ། འབྱུང་པོ་མཱ་ར་ཡ་ཛཿཛཿ ཞེས་པའང་སྦྲེལ་ལ་ཅུང་ཟད་བཟླས། །རྒྱལ་གདོན་ལ་དམིགས་ཀྱིས་བསལ་ན། ཁཾ་རཀྵ་ས་མ་ཡ་ཛཿ ཞེས་སོགས་ས་མ་ཡ་ཐམས་ཅད་ཀྱི་མགོར་ཁོ་རཀྵ་སྦྱར་བའང་བཟླའོ། །ཐུན་མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་བརྟན་པར་བྱ། སྣང་ཆའི་ལྷ་སྐུ་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་སྐད་ཅིག་རྟ་མཆོག་རོལ་པར་གྱུར། །དགེ་འདིས་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ནས། །པདྨ་གར་དབང་གྲུབ་པའི་ས་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །གཏོར་མ་འབུལ་ན། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ།


JKT013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྟ་མགྲིན་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ དེ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་ནས་གསོལ་བར་བསམས་ལ། རྩ་སྔགས་ཀྱི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ་བྷུཉྫ་ཧོ། རཀྟ་པི་པ་ཧོ། ས་མ་ཡ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོསཿ སྤྱན་རས་གཟིགས་སྤྲུལ་ཧཱུྃལས་རྔམ་ཆེན་སྤྲུལ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ༔ ཞེས་བསྟོད། །རྟ་མཆོག་རོལ་པ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །བསྙེན་བ་བྱེད་ན། ཇི་སྐད་བཤད་པའི་རྣལ་འབྱོར་ཐུན་བཞིའི་རིམ་པས་རྩ་སྔགས་རབ་འབྲུ་འབུམ། འབྲིང་བཞི་འབུམ། ཐ་མ་འབུམ་ཕྲག་གསུམ་བཟླ་བ་དང་། སྔགས་གསུམ་པོ་སྦྲེལ་བའང་ཞག་གསུམ་སོགས་ཅི་རིགས་པ་བཟླ། ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ། ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ་བའམ། མ་གྲུབ་ན་ཡི་གེ་བརྒྱ་པ་ཁྲི་ཕྲག་སོགས་ཅི་ནུས་བཟླས་པས་ཀྱང་རུང་ངོ་། །ཞེས་པའང་གཏེར་གཞུང་རྩ་བ་གསལ་བྱེད་དང་བཅས་པའི་དགོངས་དོན་ཇི་ལྟ་བར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་


JKT013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དྲིལ་ཏེ་སྦྱར་བ་སིདྡྷིར་སྐུ། །།།དཔལ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་གདམས་པའི་ཟིན་བྲིས་ཉུང་གསལ་གྲུབ་གཉིས་ས་བོན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། །གང་གི་ཡེ་ཤེས་འབར་བའི་མེས། །བདུད་སྡེའི་བུད་ཤིང་ཀུན་བསྲེགས་ནས། །གྲུབ་གཉིས་སྣང་བ་རྒྱས་མཛད་པ། །བླ་མ་རྟ་མཆོག་རོལ་པས་སྐྱོངས། །དེ་ལ་འདིར་སྙེ་མོ་གངས་རི་བ་སངས་རྒྱས་དབང་ཆེན་གྱི་ཟབ་གཏེར་དང་། སྤྱན་རས་གཟིགས་དངོས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེའི་དག་སྣང་ཟུང་དུ་འབྲེལ་བའི་དཔལ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་གདམས་པའི་ཟིན་བྲིས་ས་བཅད་ཙམ་སྤེལ་བ་ལ་གཉིས། །ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི། སྤྱིར་ཡིག་རྙིང་དང་བྱིན་རླབས་ཀྱི་ལོ་རྒྱུས་ལས་ཤེས་ཤིང་། ཕྱིས་སུའང་རང་གཞན་གྱི་ཕྱོགས་ལྷག་པའི་ལྷ་འདི་ཉིད་ལས་དངོས་གྲུབ་ཀྱི་མཚན་མ་བརྙེས་པའང་ཅི་རིགས་པར་བྱོན་པས་མཚོན་བྱིན་རླབས་ཀྱི་ཚན་ཀ་མ་ཉམས་པའི་ཚུལ་རྒྱས་པར་འཆད་དུ་ཡོད་དོ། །གཉིས་པ་ལ་གཉིས། སྨིན་བྱེད་བྱིན་རླབས་དང་། གྲོལ་བྱེད་ལམ་གྱི་རིམ་པའོ། །དང་པོ་ནི། ཚར་ཆེན་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་སྟེ། འདི་གཉིས་སོ་སོའི་སྟེང་ནས་རྒྱུན་མ་ཉམས་པར་མཆིས་མོད། ཡིག་


JKT013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སྔ་མའི་སྟེང་ནས་ཐོབ་ན་ཕྱི་མའི་གོ་ཆོད་ཅིང་། ཕྱི་མར་བཟླས་ལུང་མ་གསུངས་པས་སྔ་མའི་གོ་མི་ཆོད་པས་ན་དབང་ལུང་སྤྱིར་བཏང་དང་། བསྙེན་སྒྲུབ་དོན་ཏུ་གཉེར་བ་རྣམས་ཀྱིས་ཚར་ཆེན་རིན་པོ་ཆེའི་གསུང་རབ་སྟེང་ནས་འཆད་ཉན་བྱ་བ་ཅིས་ཀྱང་གལ་ཆེ། གཞན་ཏུ་རྐྱེན་སེལ་ཙམ་ལ་ནི་གང་ལྟར་ཡང་རུང་བར་མ་ཟད། གཏོར་དབང་རྐྱང་པ་བསྐུར་ཡང་རུང་བས། དེའི་ཚེ་མཚམས་སྦྱོར་གྱི་སྐབས། ཡི་དམ་ཁྱད་པར་ཅན་འདི་ཉིད་ཀྱི་སྒོ་ནས་བྱིན་རླབས་གཏོར་མའི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སོགས་འབྲེལ་བཀོད་ལ། གསོལ་འདེབས་དང་། རྒྱུན་བཤགས་བྱ། དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བའི་སླད་དུ་མདུན་གྱི་མཎྜལ་གཏོར་མ་དང་བཅས་པ་སོགས་ནས། མངོན་སུམ་དུ་བཞུགས་པ་ལ་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། གཏོར་མའི་ལྷ་ཚོགས་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་སྐུ་དགེས་པའི་གར་མཛད་སོགས་ནས། ཁྱེད་རང་རྣམས་དཔལ་རྟ་མགྲིན་དངོས་སུ་གྱུར་པའི་མོས་པ་མཛོད། ཅེས་དང་སྔགས་ཀྱི་མཐར། ཛཿཧཱུྃ་བྃ་ཧོཿཞེས་བརྗོད། མཇུག་དམ་ཚིག་ཁས་བླང་སོགས་དཀྱུས་ལྟར་བྱ། བརྒྱ་རྩ་སོགས་བྱེད་ན། ཚར་དང་པོ་ལ། བཀའ་བསྒོ་ཡན་དཀྱུས་ལྟར་ལ། གཏོར་མའི་ལྷ་ཚོགས་རྣམས་ལས་རང་འདྲ་གཉིས་


JKT013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་སོགས་ནས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད། སླར་ཡང་གཏོར་མ་དཔལ་རྟ་མཆོག་རོལ་པའི་ལྷ་ཚོགས་སུ་གསལ་བ་ལ་གུས་འདུད་དྲག་པོ་སོགས་ནས། བྃ་ཧོཿཞེས་པའི་བར་གོང་ལྟར་ལ། བརྒྱུད་པའི་གསོལ་འདེབས་བསྡུ་ན། སློབ་དཔོན་པདྨ་འབྱུང་གནས་དང་། དཔོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེངྒེ་ནས། བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་སོགས་འདྲ། གྲངས་རྫོགས་པ་ན། སྤྱི་བོའི་སྟེང་གི་མཐའ་སྐོར་གྱི་ལྷ་། ཚོགས་རྣམས་སོགས་སྦྱར། རྗེས་གནང་རྒྱས་པ་དང་འབྲེལ་བར་བརྒྱ་རྩ་བྱེད་ནའང་འདིས་རིགས་འགྲེ་ཞིང་། རྗེས་སུ་བཟླས་ལུང་སོགས་དཀྱུས་ལྟར་བྱའོ། །གཞན་དག་དབང་བཞིའི་དམིགས་པ་མདོར་བསྡུས་བསྐྱར་བར་སྣང་སྟེ། སློབ་མ་ཐུན་མོང་མ་ཡིན་པ་ལ་དེ་ལྟར་བྱས་ཀྱང་ལེགས་པ་ཉིད་དོ། །གཉིས་པ་གྲོལ་བྱེད་ཀྱི་རིམ་པ་ལ། སྤྱིར་སྨིན་བྱེད་ཀྱི་སྐབས་སུ་དབང་བཞིའི་རིམ་པ་གསུངས་པས། བསྐྱེད་རྫོགས་ཀྱི་ལམ་རིམ་ཚང་བར་བསྒོམ་དུ་རུང་མོད། རེ་ཞིག་ཡིག་རྙིང་གི་དངོས་བསྟན་ལྟར་ན་བསྐྱེད་རིམ་ལས་ཚོགས་དང་བཅས་པ་ཙམ་ཞིག་གསལ་བས། དེ་དང་རྗེས་སུ་མཐུན་པར་


JKT013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན་གསུམ། དང་པོ་ལྷ་ཉེ་བར་བསྙེན་པ། བར་དུ་དངོས་གྲུབ་སྒྲུབ་པ། མཐར་ལས་ཀྱི་སྦྱོར་བས་རང་གཞན་ལ་ཕན་གདགས་པའི་ཚུལ་ལོ། །དང་པོ་གཉིས་ལ་བསྙེན་སྒྲུབ་སོ་སོར་བྱ་བ་དང་། བསྙེན་སྒྲུབ་སྦྲགས་མའི་ཚུལ་གཉིས་ལས། ཕྱོགས་སྔ་མ་ལྟར་ན་དང་པོ་བསྙེན་པའི་རིམ་པ་ནི། གནས་དབེན་ཞིང་རང་དབང་འདུས་པའི་བསམ་གཏན་གྱི་ཁང་བུར་ཕྱག་དར་ལེགས་པར་བྱ། རང་གི་མདུན་ཏུ་མཐོ་དམའ་འཚམས་པར་འདི་ཉིད་ཀྱི་སྐུ་བྲིས་འབུར་གང་རིགས་ཡོད་ན་བཀྲམ་པའི་སྤྱན་སྔར་སྟེགས་ཀྱི་ཁར་དཔལ་གཏོར་དམར་པོ་པད་འདབ་དང་མཐེབ་ཀྱུས་བསྐོར་བའི་གཡས་སུ་སྨན། །གཡོན་ཏུ་རཀྟ། མདུན་ཏུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་དང་། ཉེ་ལོགས་ཅི་བདེར་གཞི་བདག་དང་བགེགས་གཏོར། གཞན་ཡང་རྡོར་དྲིལ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱ། དེ་ནས་དགོངས་མོའི་ཆར་དཀར་གཏོར་གཞི་བདག་གཏོར་མ་སྤྱི་ལྟར་གྱིས་བསྔོ། བགེགས་གཏོར་བསྔོ་བ་བྱིན་རླབས་ཀྱི་དབུ་ནས་འབྱུང་བལྟར་ལ། འདིར་དཔལ་རྟ་མགྲིན་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་སོགས་འདྲ། དྲག་སྔགས་དང་བཅས་གཏོར་མ་ཕྱིར་བསྐྱལ། སྔགས་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རྡོ་རྗེའི་སྲུང་འཁོར་བསྒོམས་ལ། ཨོཾ་བཛྲ་རཀྵ་རཀྵ་


JKT013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བརྟན་པར་བྱ། སྤྲོ་ན་རྒྱལ་ཆེན་ཐོ་འཛུགས་སྤྱི་ལྟར་དང་། གང་ལྟར་ཡང་མི་དམངས་སྲུང་ཐུབ་ངེས་ཀྱི་ཐོ་བརྟན་པར་བརྩིགས་ལ་མཚམས་དམ་པར་བཅད། བདག་བསྐྱེད་བརྒྱུད་འདེབས་དང་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་ཚར་ཆེན་རིན་པོ་ཆེའི་གསུང་རབ་སོགས་ཡིག་ཆ་ཚད་ཐུབ་གང་ལྟར་བགྱིས་ཀྱང་རུང་། མཐར་ལྷ་སྐུ་འོད་གསལ་ཏུ་བསྡུ། ཟུང་འཇུག་གི་སྐུར་ལྡངས་ལ། མཇུག་ཏུ་གཏོར་བསྔོ་རྒྱས་བསྡུས་གང་རིགས་བསྔོ་སྨོན་ཤིས་བརྗོད་བཅས་བྱ། སླར་ཡང་སྲོད་ཐུན་ལ་བརྒྱུད་འདེབས་ནས་བཟླས་པའི་བར་དང་། །བཟླས་པའི་མཇུག་ཏུ་སྣང་ཆའི་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ། དེའི་ངང་དུ་ཉལ་བའི་རྣལ་འབྱོར་ལ་འཇུག་པའམ། ཐུན་མཚམས་ཀྱི་ལྷ་སྐུའི་ང་རྒྱལ་དང་བཅས་ཏེ་ཉལ། སང་ནངས་པར་ལྷར་གསལ་བས་ལྡངས་ལ་ཐོར་ཐུན་སོགས་ཐུན་བཞིའི་རིམ་པས་རབ་རྩ་སྔགས་འབྲུ་འབུམ། འབྲིང་བཞི་འབུམ། ཐ་མ་སུམ་འབུམ་ཁ་སྐོང་བཅས་བཟླ། ཕྱི་ཐུན་གྱི་མཇུག་ཐམས་ཅད་དུ་གཏོར་མ་འབུལ། གཞན་མཚམས་ཀྱི་སྤང་བླང་སོགས་གསང་བ་སྤྱིའི་ལུགས་བཞིན་དང་། གྲངས་རྫོགས་པ་ན་དབང་སྡུད་དང་ལས་སྔགས་ཀྱི་ཤམ་འདོགས་ཅན་ཞག་གསུམ་སོགས་ཇི་ལྟར་རིགས་པར་བཟླ། ཁ་སྐོང་གི་སྦྱིན་


JKT013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་རིག་འཛིན་པདྨ་ཕྲིན་ལས་ཀྱི་གསུང་རབ་ལྟར་བྱ། ཐོར་ཐུན་ནམ་སྔ་ཐུན་གྱི་མཇུག་ཏུ་གཏོར་མ་རྒྱས་པར་ཕུལ་ལ་བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱ་ཞིང་མཚམས་གྲོལ་བ་སོགས་སྤྱི་ལྟར་བྱའོ། །གཉིས་པ་སྒྲུབ་པ་ནི། བསྙེན་པ་དེ་ཀའི་མཇུག་ཏུ་བྱེད་ན་སྔོན་འགྲོ་གཏོར་མ་བཏང་བ་སོགས་མི་དགོས་ཤིང་། དེ་མིན་སྦྱོར་བའི་རིམ་པ་རྣམས་གོང་ལྟར་བྱ། དམིགས་བསལ་མདུན་བསྐྱེད་ཀྱི་རྟེན་ཚོན་དཀྱིལ་དང་། སྒྲུབ་གཏོར་བཅས་བྱིན་རླབས་ཀྱི་ཆོ་ག་ལས་འབྱུང་བ་ལྟར་བཀོད་པའི་སྤྱན་སྔར་སྨན་རག་གཏོར་ཚོགས་མཆོད་པ་དང་བཅས་པ་བཤམ། བརྒྱུད་འདེབས་དང་སྐྱབས་སེམས་སྔོན་དུ་འགྲོ་བས། བློ་ལ་འཆར་བདེ་ན་ཆོ་ག་གཅིག་ཁོ་ནས་བདག་མདུན་གཉིས་ཀ་ལྷར་གསལ་བཏབ་ཀྱང་རུང་། ལས་དང་པོ་པས་དམིགས་རྣམ་འཆར་བདེ་བའི་ཕྱིར་ཐོག་མར་བདག་བསྐྱེད་བཟླས་པ་ཅུང་ཟད་དང་བཅས་གྲུབ་རྗེས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་དཔལ་རྟ་མགྲིན་དམ་ཚིག་པར་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་དཔལ་རྟ་མཆོག་རོལ་པ་ལ་རྩ་་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། མཆོད་པ་བསང་སྦྱང་བྱིན་རླབས་ལ། ཨོཾ་པདྨནྟ་ཀྲྀ་ཏ་ཧ་ཡ་གྲཱི་བ་ས་པ་


JKT013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་བ་ཀུན་གྱི་སོགས་ཀྱིས་བསྟོད། འདིའི་སྤྱན་འདྲེན་ནས་བསྟོད་པའི་བར་སྤྲོ་ན་རྒྱལ་དབང་རིན་པོ་ཆེའི་སྒྲུབ་ཐབས་ལྟར་བཏང་། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། རང་དང་མདུན་བསྐྱེད་ཀྱི་སྐུའི་ཆ་ཐམས་ཅད་ཀྱི་ཁྲོ་ཆུང་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་སྒྲོགས་ཤིང་། མེ་ཕུང་འབར་ཞིང་འཁྲུགས་པས་བར་ཆད་གདོན་བགེགས་ཐམས་ཅད་གཞོབ་ཐུལ་ཐུལ་ཏུ་བསྲེག་པར་བསམ་པ་སོགས་དམིགས་པ་རྣམས་གསལ་བཏབ་ལ་ཐུན་གྱི་དངོས་གཞིར་རྩ་སྔགས་དང་། ཐུན་མཐར་ཤམ་འདོགས་ཅན་ཅི་རིགས་པའང་བཟླ། ཐུན་མཚམས་སུ་ཚོགས་མཆོད་དང་། གཏོར་བསྔོ་རྒྱས་བསྡུས་གང་འགྲུབ་བྱ། དེ་ལྟ་བུ་ཐུན་བཞིའི་རིམ་པས་སྔགས་འབུམ་ཕྲག །ཞག་བདུན་སོགས་ཇི་ལྟར་རིགས་པར་ཉམས་སུ་བླངས། གྲོལ་རྒྱུའི་ཐུན་ཐ་མའི་བཟླས་པའི་མཇུག་ཏུ་ཚོགས་གཏོར་རྒྱས་པར་འབུལ། སྤྲོ་ན་བྱིན་རླབས་ཀྱི་ཆོས་རྣམས་བདག་འཇུག་གི་ཚུལ་ཏུ་ལེན་པ་ཤངས་པའི་ཕྱག་ལེན་ཡིན། དེ་ཙམ་མ་གྲུབ་ཀྱང་གཏོར་མ་ལྷར་གསལ་བའི་གནས་བཞི་ནས་རྟ་མགྲིན་དཀར་དམར་མཐིང་གའི་མདོག་ཅན་དཔག་ཏུ་མེད་པ་བྱུང་། རང་གི་གནས་བཞིར་ཐིམ་


JKT013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ་སྔགས་བཟླ་བཞིན་ཏུ་གཏོར་མ་གནས་གསུམ་དུ་རེག །སླར་ཡང་སྤྱི་བོར་བཟུང་ལ། རྩ་སྔགས་ཀྱི་མཐར་ཛཿཧཱུྃ་བྃ་ཧོཿབརྗོད་པས་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ། གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་བསམས་ལ་ཅུང་ཟད་རོལ། དེ་ནས་ལྷ་སྐུ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་སོགས་རྒྱ་ཆེར་བྱས་ལ་མཚམས་གྲོལ་བ་སོགས་བྱའོ། །མཛད་འཕྲོས་ལུས།། །།


previousརྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།next