Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ང༽


  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
གནས་བཞི་པ། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་གཅིག་པུར་གཏན་ལ་ཕབ་པ།
   
  collapse section
   
   
   
   
   
   


 
previousགནས་བཞི་པ། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་གཅིག་པུར་གཏན་ལ་ཕབ་པ།next

གནས་བཞི་པ། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་གཅིག་པུར་གཏན་ལ་ཕབ་པ།

དེ་ནས་གཅིག་པུའི་རང་བཞིན་བསྟན་པ་ནི། །རིག་པ་གཅིག་པུ་ཆོས་རྣམས་ཀུན་གྱི་གཞི། །དུ་མར་སྣང་ཡང་གཅིག་ལས་མ་གཡོས་ཞེས། །རང་བྱུང་ཡེ་ཤེས་རྩ་བ་གཅིག་ཏུ་བསྟན། །ཇི་ལྟར་ནོར་བུ་གཅིག་ལ་མེ་དང་ཆུ། །སོ་སོའི་རྐྱེན་གྱིས་ཐ་དད་བྱུང་ན་ཡང་། །རྩ་བ་གཅིག་སྟེ་བཻ་ཌཱུར་དག་པ་བཞིན། །རང་རིག་གཅིག་ལས་འཁོར་འདས་གཉིས་ཤར་ཡང་། །རྩ་བ་གཅིག་སྟེ་དོན་དམ་བྱང་ཆུབ་སེམས། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ཙམ། །སྣང་སྲིད་འཁོར་འདས་རིག་ངོར་སྣང་ངོ་ཅོག །སྣང་བའི་དུས་ནས་དང་ངོ་སྟོང་པར་གཅིག །རྨི་ལམ་སྒྱུ་མ་ཆུ་ཡི་ཟླ་བ་བཞིན། །སྣང་བཞིའི་རིག་པ་དངོས་མེད་བར་སྣང་བཞིན། །ཡེ་སྟོང་ཡོངས་སྟོང་སྤྲོས་དང་བྲལ་བར་གཅིག །ཐམས་ཅད་དབྱིངས་གཅིག་གདོད་ནས་དག་པས་ན། །གཉིས་ཞེས་མི་གནས་ཐིག་ལེ་གཅིག་ཏུ་འདུས། །གྲྭ་ཟུར་མེད་པའི་ཆོས་སྐུ་ཨེ་མ་ཧོ། །འབྱུང་ལྔར་སྣང་ཡང་བྱང་ཆུབ་སེམས་ཀྱི་ངང་། །མ་སྐྱེས་མཉམ་ཉིད་གཅིག་ལས་གཡོས་པ་མེད། །སྲིད་པར་སྣང་ཡང་འགྲོ་དྲུག་སྟོང་པའི་གཟུགས། །གཞི་སྣང་རིག་པའི་ངང་ལས་གཡོས་པ་མེད། །བདེ་སྡུག་སྣང་ཡང་བྱང་ཆུབ་སྙིང་པོའི་ངང་། །རང་བྱུང་ཡེ་ཤེས་གཅིག་ལས་གཡོས་པ་མེད། །དེ་ཕྱིར་ཆོས་རྣམས་དབྱིངས་གཅིག་སྟོང་པའི་ངང་། །སྐྱེ་མེད་བྱང་ཆུབ་སེམས་སུ་ཤེས་པར་བྱ། །རང་རིག་ཀློང་ཆེན་དོན་གྱི་དབྱིངས་འདི་ན། །དུས་གསུམ་རྒྱལ་བའི་དགོངས་པ་ཉག་གཅིག་བཞུགས། །དུ་མར་མི་དམིགས་ཆ་ཤས་སྤྲོས་དང་བྲལ། །མི་གཡོ་བྱང་ཆུབ་སྙིང་པོའི་ཕོ་བྲང་ལགས། །རང་བྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་མཛོད། །སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་ཞིང་ཁམས་ལགས། །ཀློང་ཆེན་ཉག་གཅིག་སུས་ཀྱང་མ་བྱས་པ། །འདི་ལས་ཀུན་འཕྲོས་མ་ལུས་ཆོས་སོ་ཅོག །རྒྱུ་འབྲས་བཟློག་(༡༤)པས་རྩ་བའི་འཕྲོ་གཞིར་གཅིག །དེ་ཉིད་སྟོང་གསལ་ཆོས་ཉིད་ཡངས་པ་ཆེ། །ཕྱོགས་རིས་མེད་པའི་ནམ་མཁའ་དག་པར་གསལ། །རང་བྱུང་གཅིག་གིས་འཁོར་འདས་ཀུན་བྱས་ཀྱང་། །རྩ་བའི་རིག་པ་སུས་ཀྱང་མ་བྱས་པ། །ནམ་མཁའ་བཞིན་དུ་བྱ་རྩོལ་འདས་པར་གནས། །དཔེ་དོན་མཐུན་པར་དབྱིངས་གཅིག་ཀློང་ཆེན་ངང་། །དུ་མའི་སྒྲོ་དང་སྐུར་པ་ཞི་བ་ཡིན། །ཡོད་མེད་འདས་པ་དོན་གྱི་སྙིང་པོ་ལ། །ཆོས་སྐུ་མ་འགགས་རོལ་པ་ཅི་ཤར་ཡང་། །རང་ངོ་བསམ་བྲལ་བརྗོད་དུ་མེད་པའི་ཀློང་། །སྒྲ་ཚིག་ཐ་སྙད་ཀུན་ལས་འདས་པ་ལགས། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཉིས་སུ་མེད་དེ་བགྲངས་ན་བརྗོད་དུ་མེད། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་གསལ། །ཇི་བཞིན་ཆོས་ཉིད་གཅིག་ལས་གཡོས་པ་མེད། །གཅིག་ལ་ཀུན་འབྲེལ་ཆོས་རྣམས་རྫོགས་པ་ནི། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་ཏེ། །གང་སྣང་དུས་ནས་ཐ་དད་སྒྲོ་འདོགས་ཆོད། །གཉིས་མེད་སེམས་ཉིད་སྟོང་པའི་རང་མདངས་སུ། །ཕྱི་ཡི་ཆོས་ཀུན་ཤེས་པར་བྱ་བ་དང་། །ནང་གི་ཆོས་རྣམས་རིག་པ་ཟང་ཀ་མ། །གཅིག་དང་དུ་མ་མེད་པའི་ཆོས་ཉིད་དུ། །དབྱིངས་གཅིག་རྟོགས་པ་རིག་པའི་གནད་དུ་བཀྲོལ། །ཆོས་ཀུན་རོ་གཅིག་འགག་ཏུ་བསྡམས་པ་ནི། །ཡུལ་སྣང་ཐམས་ཅད་རྫུན་སྣང་སྟོང་པའི་ངང་། །ཇི་ལྟར་སྣང་ཡང་བཟོ་མེད་གཅིག་ཏུ་ཞོག །གང་སྣང་ཐོག་དེར་སྟོང་གསལ་ཉག་གཅིག་འཆར། །སེམས་སྣང་རྟོག་ཚོགས་རང་ཡལ་སྟོང་པའི་ངང་། །གང་ཤར་འགྱུས་པ་རང་བབས་ལྷུག་པར་ཞོག །འགྱུ་འཕྲོའི་ཐོག་ནས་ཆོས་ཉིད་དགོངས་པར་གསལ། །ཡུལ་སེམས་བར་མེད་མཉམ་པའི་རང་དུས་ན། །རང་སངས་རྗེས་མེད་དམིགས་གཏད་བྲལ་བར་ཞོག །ངང་གདངས་དོན་ལས་ལྷག་མཐོང་ཡེ་ཤེས་གསལ། །སྙིང་པོ་གཅིག་ལ་གནད་གསུམ་འགག་བསྡམས་པས། །རྟོགས་དང་མི་རྟོགས་ཡེ་ནས་མཉམ་པ་དང་། །ཡུལ་སེམས་གཉིས་མེད་ཆོས་སྐུར་མཉམ་པ་དང་། །གོལ་སྒྲིབ་གཉིས་མེད་དགོངས་པར་མཉམ་པ་སྟེ། །བར་མཚམས་མེད་པ་དོན་གྱི་རང་ས་ཟིན། །བཏང་བཞག་མེད་པ་ངེས་པའི་སྙིང་པོ་རྙེད། །འགྲོ་འོང་མེད་པ་ཆོས་ཉིད་དགོངས་པར་གནས། །འཕོ་འགྱུར་མེད་པའི་ས་ལ་འུབ་ཆུབ་པོ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །རང་སར་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །ཟད་སར་ཕྱིན་ནོ་བློ་འདས་ཕྱལ་པར་ཡས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལ། །སྟོང་ཁམས་གསལ་བའི་ཉི་ཟླ་ཤར་བ་ལགས། །རང་རིག་གཅིག་གིས་ཆོས་ཀུན་བཅིངས་པ་ནི། །མཐའ་ཡས་མུ་བཞི་སྣང་ཞིང་སྲིད་པའི་ཆོས། །འཁོར་འདས་མ་ལུས་ཤར་ཡང་དབྱིངས་ནས་ཤར། །དེ་ཕྱིར་དང་པོ་ཤར་སའི་དབྱིངས་ཀྱིས་བཅིངས། །ད་ལྟ་སྣ་ཚོགས་སྣང་བའི་དུས་ཉིད་ནས། །རིག་པའི་ངང་ལས་གཞན་དུ་མ་གཡོས་པས། །སྣང་བ་རང་བྱུང་རིག་པའི་(༡༥)ཀློང་གིས་བཅིངས། །ཤར་གྲོལ་རིས་མེད་དབྱིངས་སུ་ནུབ་ན་ཡང་། །བྱང་ཆུབ་སེམས་ལས་གཞན་དུ་མི་འགྱུར་བས། །ཟད་ས་གདོད་མའི་ཆོས་ཉིད་གཅིག་གིས་བཅིངས། །དེ་ཕྱིར་ཆོས་ཀུན་རིག་པ་གཅིག་གིས་བཅིངས། །རིག་པ་མ་གཡོས་བྱང་ཆུབ་སྙིང་པོ་ལ། །འཕོ་འགྱུར་མེད་པ་དོན་གྱི་སྙིང་པོས་བཅིངས། །མི་འགྱུར་འདུས་མ་བྱས་སུ་འུབ་ཆུབ་པོ། །ལ་བཟླ་གཅིག་པུར་རང་བྱུང་ཡེ་ཤེས་ཉིད། །ཐོག་མ་དང་ནི་ཐ་མ་མེད་པའི་དབྱིངས། །ཐམས་ཅད་དེར་ཆུབ་སྤྲོས་ཀུན་ཉེར་ཞི་བས། །ཆོས་ཀུན་ཆོས་ཉིད་དོན་གྱི་སྙིང་པོར་གནས། །འདི་ལྟར་ཕྱི་ནང་ཡུལ་སེམས་འཁོར་འདས་ཆོས། །རགས་ཕྲར་ཕྱེ་བས་ཆ་ཤས་སྤྲོས་དང་བྲལ། །མཁའ་བཞིན་ཡེ་སྟོང་དབྱིངས་སུ་ལ་བཟླའོ། །བྱང་ཆུབ་སེམས་ཀྱང་དཔྱད་ན་དངོས་པོ་མེད། །སྐྱེ་བ་མེད་དང་གནས་པ་མེད་པ་དང་། །འོང་བ་མེད་དང་འགྲོ་བ་མེད་པ་དང་། །མཚོན་དུ་མེད་དང་བརྗོད་ལས་འདས་པ་སྟེ། །བློ་འདས་དགོངས་པའི་ཀློང་དུ་ལ་བཟླས་པས། །འདི་ཞེས་བསྟན་དུ་མཚན་མའི་དངོས་པོར་མེད། །སྒྲ་ཡིས་ཤེས་སུ་ཚིག་གིས་བརྗོད་དུ་མེད། །མིང་མེད་སྤྲོས་དང་བྲལ་བའི་ཀློང་ཆེན་དུ། །སྣང་སྲིད་འཁོར་འདས་ཆོས་རྣམས་ལ་བཟླའོ། །རིག་སྟོང་སྐྱེ་བ་མེད་པའི་ཀློང་ཆེན་དུ། །སོ་སོ་རང་རིག་ཆོས་རྣམས་ལ་བཟླའོ། །རིག་དང་མ་རིག་མེད་པའི་ཀློང་ཆེན་དུ། །བྱང་ཆུབ་སེམས་ཀྱི་ཆོས་རྣམས་ལ་བཟླའོ། །དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་དུ། །ཡེ་སྟོང་ཡོངས་སྟོང་ཆོས་རྣམས་ལ་བཟླའོ། །གནས་ལུགས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་གཅིག་པུར་གཏན་ལ་ཕབ་པ་སྟེ་གནས་བཞི་པའོ།། །།


previousགནས་བཞི་པ། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་གཅིག་པུར་གཏན་ལ་ཕབ་པ།next