Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
ལེའུ་བརྒྱད་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བརྒྱད་པའི་རྣམ་པར་བཤད་པ།next

ལེའུ་བརྒྱད་པའི་རྣམ་པར་བཤད་པ།

༈ དོན་གཉིས་པ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དགོད་པ་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བའི་ཚུལ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། གསུང་སྔགས་ཀྱི་དཀྱིལ་འཁོར་བསྟན་པ། དེ༵་ན༵ས་དེ༵་བཞི༵ན་གཤེ༵གས་པ༵་ཐམ༵ས་ཅ༵ད་ཀྱི༵ས་ལུས་ཀྱི་ཡ༵ན་ལ༵ག་མགོ་ལ་སོགས་པ་ཐ༵མས་ཅ༵ད་ལྷའི་དཀྱིལ༵་འཁོ༵ར་དུ༵་རང་བཞིན་ལྷུན༵་གྱི༵ས་གྲུབ༵་པ༵ར་བྱིན༵་གྱི༵ས་རློབ༵ས་པ༵་ཞེ༵ས་བྱ༵་བ༵་འདི༵་ཉིད་ཆེ༵ད་དུ༵་བརྗོད༵་དོ༵། །

གཉིས་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པ་ཕྱག་རྒྱའི་དཀྱིལ་འཁོར་སྤྱིར་བསྟན། ལམ་མངོན་པར་བསྒྲུབ་པའི་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད། འབྲས་བུ་ཡེ་ཤེས་མཆོག་གི་ཕྱག་རྒྱའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །

དང་པོ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་(༡༤༧)ཅད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྒྱུ༵་འཕྲུ༵ལ་དྲྭ༵་བ༵འི་ངོ་བོ་ཡེ་ནས་མངོ༵ན་པར་རྫོག༵ས་པ༵ར་སངས་རྒྱས་པའི་བདག་ཉིད་མེ་དང་མེའི་རང་བཞིན་ཚ་བ་ལྟར་གནས་པས། ཆོས་ཐམ༵ས་ཅ༵ད་ལ་ཀུན་ཏུ་བཟང་པོ་བྱང༵་ཆུབ༵་མཆོ༵ག་གི༵་ཕྱག་རྒྱས༵་ཡེ་ནས་བཏབ་པ་ཞེས་བྱ་སྟེ། གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལ་གས༵ང་བའི་སྙིང་པོ་དེ༵་ཁོ་ན་ཉིད༵་ངེས༵་པ༵་ཡི༵་རྒྱལ་པོ་ཆོས་ཉིད་འགྱུར་བ་མེད་པའི་སྙིང༵་པོ༵འི་ཕྱ༵ག་རྒྱས༵་བཏབ་པ་ན། རང་བཞིན་མཉམ་རྫོགས་ཆེན་པོ་དེ་ཉིད་ལས་མི་འདའ་ཞིང་། ནམ་ཡང་འཕོ་འགྱུར་མེད་པའི་ངང་ལས་གཞན་དུ་འདར་མེད་པའི་ཕྱིར་འད༵འ་དཀ༵འ་འོ༵་ཞེས་པ་སྟེ། ཡུམ་བར་མ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འགའ་ཞིག་གིས་བསྔགས་པ་བརྗོད་ཀྱང་འཕེལ་བར་མི་འགྱུར། འགའ་ཞིག་གིས་བསྔགས་པ་མ་ཡིན་པ་བརྗོད་ཀྱང་འགྲིབ་པར་མི་འགྱུར་རོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་འདི་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་སྟེ་འཕེལ་བའམ་འགྲིབ་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །

གཉིས་པ་ལ་གསུམ་སྟེ། ཕྱག་རྒྱ་འབྱུང་བའི་རྒྱུ། དེ་ལས་བྱུང་བ་སྤྱིའི་ཕྱག་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །

དང་པོ་ནི། སྤྱིར་མགོ་ནི་དེ་བཞིན་གཤེགས་པ། ལག་པ་གཡས་མི་བསྐྱོད་པ། གཡོན་རིན་ཅེན་འབྱུང་ལྡན། རྐང་པ་གཡོན་འོད་དཔག་མེད། གཡས་དོན་ཡོད་གྲུབ་པའི་ངོ་བོར་བརྗོད་ཅིང་། ཉིང་ལག་གི་སོར་མོའང་གུང་མོ་རྡོ་རྗེའི་རིགས། མཛུབ་མོ་དེ་བཞིན་གཤེགས་པ། མཐེ་བོང་རིན་པོ་ཆེ། སྲིན་ལག་པདྨ། མཐེའུ་ཆུང་ལས་ཀྱི་རིགས་སོ། །སྐབས་འདིར་རྡོ་རྗེའི་ཐལ་མོ་ཕྱག་རྒྱའི་རྒྱུ་ཡིན་པས་དེ་ཉིད་བརྗོད་པ་ནི། ལག་པ་གཡས་མི༵་བསྐྱོད༵་པའི་སོར་མོ་ལྔའི་རྩེ་ལ་ཉི༵་མའི༵་དཀྱི༵ལ་འཁོ༵ར་སྲན་ཟླུམ་ཙམ་ལྔའི་སྟེང་དུ་ཡི༵་གེ༵་ཧཱུྃ་ཨཱ་སྭཱ་ཨཱཾ་ཧཱ་སྟེ་ཐབས་ཡབ་ཀྱི་ཡི་གེ་ལྔ་དང་། ལག་པ་གཡོན་རི༵ན་ཅེན་འབྱུང༵་ལྡན་གྱི་སོར་མོ་ལྔ་ལ་ཟླ༵་བ༵འི་དཀྱི༵ལ་འཁོ༵ར་སྲན་མའི་གའུ་ཙམ་ལྔའི་སྟེང་དུ་ཤེས་རབ་ཡུམ་གྱི་ཡི༵་གེ༵་མཱུྃ་ལཱྃ་མཱྃ་པྱཱྃ་ཏཱྃ་ལྔ་བཀོད་དེ། ལག་པ་གཡས་ཀྱི་སོར་མོ་ལྔ་དང་གཡོན་གྱི་སོར་མོ་ལྔ༵་པོ་གཉི༵ས་ཟུ༵ང་དུ༵་སྦྱར་ཏེ་སོ་སོར་སྤྲད་པ༵་ལ༵ས་རྡོ་རྗེ་ཐལ་མོ་སྦྱར༵་བ༵་བསྒྱུར་བ་ནི་ལྷ་སོ་སོའི་ཕྱ༵ག་རྒྱ༵་འབྱུང༵་བ༵འི་རྒྱུ༵་ཡིན་ནོ། །འདིར་བླ་མ་རོང་པས་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་གཉིས་སུ་བཞེད་ཅིང་། སངས་རྒྱས་གསང་བས་དམ་ཚིག་དང་ཡིག་འབྲུ་བསྒོམ་པ་ཆོས་དང་། བསྒྱུར་བ་ལས་དང་གསུམ་དུ་བཞེད་ཀྱང་། དོན་ལ་ཕྱག་རྒྱ་ཆེན་པོ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ་བཞི་ཀ་ཚང་སྟེ། རང་ཉིད་ལྷར་སྒོམ་པ་སྒྱུ་མའམ་འཇའ་ཚོན་ལྟ་བུ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་གི་སོར་མོ་ལ་ཡིག་(༡༤༨)འབྲུ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་བསྒོམ་པ་དམ་ཚིག་གི་ཕྱག་རྒྱ། དེ་ལས་ཕྱག་གཡས་གཡོན་བསྒྱུར་བ་དང་འཁྱུད་པ་ལས་ཀྱི་ཕྱག་རྒྱའོ། །འདིར་ནི་དེ་དག་རྫོགས་པར་འཆད་པའོ། །

གཉིས་པ་དེ་ལས་བྱུང་བ་སྤྱིའི་ཕྱག་རྒྱ་ནི་གཡས་ཀྱི་མཛུབ་མོའི༵་བསམ་པ་དེ་དང༵་གཡོན་གྱི་གུང་མོ་མཱུ༵ྃ་བསམ་པ་དེ་གཉིས༵་ཐད་ཀར་རྩེ༵་སྦྱར༵་ཏེ༵་ལྷག་མ་གཡས་གཡོན་གྱི་ཧཱུྃ་དང་ལཱྃ། སྭཱ་དང་མཱྃ། ཨཱཿདང་པྱཱྃ། ཧཱ་དང་ཏཱྃ་སྟེ་ཡི་གེ་འབྲུ༵་བརྒྱ༵ད་སོ་སོར་བསྣོ༵ལ་ཏེ༵་རྩེ༵་མོ་སྤྲད༵་པ༵་ནི་རིགས་ལྔའི་རྒྱལ༵་བ༵་ཀུན༵་དང༵་ངོ་བོ་མཉ༵མ་པ་ཉིད་དུ་སྦྱོར༵་བ༵འི་དངོས་གྲུབ་བདེ༵་བ༵་ཆེ༵ན་པོ༵་ཚེ་འདི་ཉིད་ལ་སྦྱིན༵་པར་བྱེད་པའི༵་ཕྱག་རྒྱའོ༵། །དེ་སྐད་དུའང་ཐབས་ཞགས་ལས། སོར་མོ་ནང་དུ་བསྣོལ་ཏེ་བཀན། །གུང་མཛུབ་མཐེ་བོང་ཆེ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་སོ། །འདི་ལ་སངས་རྒྱས་གསང་བ་ནི་རྡོ་རྗེ་བསྡམ་པ་ལས་གུང་མོ་གཉིས་གཤིབས་ཏེ་བརྐྱངས་པ་ཐུགས་ཡེ་ཤེས་རྩེ་གཅིག་པའི་ཕྱག་རྒྱ་སྟེ་རིགས་ལྔ་སྤྱིའི་དམ་ཚིག་གི་རྒྱར་འདོད་དོ། །ཁ་ཅིག་རྡོ་རྗེ་ཐལ་མོ་ལས་གཡས་པའི་སྡིག་མཛུབ་དང་གཡོན་མའི་གུང་མོ་གཉིས་རྩེ་སྤྲད་དེ་ལྷག་མ་རྣམས་སོ་སོར་སྦྱར་བར་འདོད་དེ། དེའང་རྣམ་པ་ནི་ཐབས་ཞགས་ལྟར་ལྷོངས་ཤིག །ཕྱི་མ་གཉིས་ལའང་འགལ་བ་མེད་དེ་སོར་མོ་རྣམས་རིགས་ལྔར་སྣང་བ་ཉིད་ཇི་སྐད་གསུངས་པ་བཞིན་བསྣོལ་བའི་ཕྱིར་རོ། །

གསུམ་པ་དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱ་ལ་ལྔ་ལས། དང་པོ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ལའང་ལྔ་ལས། གཙོ་བོ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། བདག་ཉིད་གཙོ་བོའི་སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ། དེའི་ངང་ལས་གཡས་རྡོ་རྗེ་ཁུ་ཚུར་གྱི་ཧཱུྃ་ལས་གཞན་པའི་ཡིག་འབྲུ༵་གཞན་བཞི༵་ནང་དུ་སྦས༵་ནས༵་གུང་མོ་བསྒྲེང་བའི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་པ་ནི་བཅིང་བ་དམ་ཚིག་གི་ཕྱག་རྒྱའོ། །གུང་མོ་ཧཱུ༵ྃ་གི་ངོ་བོ་བསྒྲེང་བའི་རྩེ་མོར་ཟླ་བའི་ཉི་མ་དབུས་སུ་ཧཱུྃ་བསམ་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཧཱུྃ་དེ་ཉིད་འོད་དུ་ཞུ་བ་ལས་རྡོ༵་རྗེ༵་རྩེ་ལྔ་པ་འོད་འབར༵་བ་གཅིག་ཏུ་གྱུར་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས་ནས་ཟླ༵་བའི་སྟེང་གི་ཡི་གེའི་ནང་དུ་བརྟུལ༵་ཞིང་དཔའ་མོ་འབྲུ༵་ལྔ་སྦས༵་ཏེ་རྡོ་རྗེ་ཁུ་ཚུར་གྱིས་དྲིལ༵་བུ་འཛིན་པ་བསིལ༵་ཞི༵ང་ཡུམ་ལ་འཁྱུད་དེ་འཁྲིལ༵་བ༵འི་ཚུལ༵་གྱི༵ས་ཡུམ་གྱི་ཆོས༵་བརླ་གཡོན་པ་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་བཞག་པས་དཀུ་ལ༵་བརྟེ༵ན་པ་ནི་ཡབ་ཀྱིས་ཡུམ་ལ་མཆོད་པ་སྟེ་ཡབ་ཀྱི་ཕྱག་རྒྱའོ། །དེ་ཉིད་བཅའ་བ་ལས་ཀྱི་ཕྱག་རྒྱར་བཤད་དོ། །དེ་ནས་ཕྱག་རྒྱ་གཡོན་ཕྱོགས་སུ་དཀྲོལ་ཏེ་ཕྱག་མཚན་ཡུམ་གྱི་ཐུགས་ཀར་ཐིམ་པས་མཉེས་པར་བསམ་ཞིང་ཧཱུྃ་བཛྲ་(༡༤༩)དྷྲ྇ཀ྄་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ལྟར་བདུན་ཡང་བཞི་པོ་ཉིད་དུ་འདུས་ཏེ། བསམ་པ་དམ་ཚིག་དང་བཅིང་བ་དམ་ཚིག་གི་ཕྱག་རྒྱ་གཉིས་ཀ་དམ་ཚིག་གི་ཕྱག་རྒྱའོ། །བསམ་པ་ཆོས་དང་བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ཀ་ཆོས་ཀྱི་ཕྱག་རྒྱའོ། །གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཡུམ་གྱི་ཕྱག་རྒྱ་ལས་བདག་ཉིད་རྡོ་རྗེ་དབྱིངས་ཕྱུག་མར་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ངང་ལས་གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ་བའི་མཱུྃ་ལས་གཞན་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ནས༵་གུང་མོ་ཐུག༵ས་ཀར༵་བཀ༵ན་པ་ནི་དམ་ཚིག་གོ། །གུང་མོ་ཉིད་མཱུ༵ྃ་གྱི་སྒྲས༵་བརྗོད་༼པ་བསྒྲེང་༽པའི་རྩེ༵་མོ༵ར་ཟླ་བའི་སྟེང་དུ་མཱུྃ་ལས་དྲིལ༵་བུ་གསིལ༵་ཞིང་འོད་འབ༵ར་བར་བསམ་པ་ནི་དམ་ཚིག་གོ། །ཕྱག་གཡས་ཉི༵་མ༵འི་སྟེང་ན་དཔའ་བོ་འབྲུ༵་ལྔ༵་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས༵་སུ༵་འཁྲི༵ལ་བ་སྟེ་འཁྱུད་ནས། ཡུམ་གྱི་དབུ་ཡབ་ལ་ཅུང་ཟད་བཏུད༵་དེ༵་ཞལ་འཛུ༵མ་པ༵འི་མད༵ངས་ཀྱི༵ས་ཡབ་ཀྱི་ཞལ་ལ་བལྟ༵་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་གཡས་ཕྱོགས་སུ་བཀྲོལ་ཏེ་མཱུྃ་དྷཱ་ཏི་ཤྭ་རི་བརྗོད་ནས་ཕྱག་མཚན་ཡབ་ཀྱི་ཐུགས་ཀར་ཐིམ་པར་བསམ་པ་ནི་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའང་དོན་རྟགས་ནི་ཡེ་ཤེས་ལྔའི་མཚོན་བྱེད་དུ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའོ། །རྣམ་པ་དེ་ཁོ་ན་བཞིན་གཞན་རྣམས་ལའང་རྒྱས་པར་སྦྱར་རོ། །མི་བསྐྱོད་པ་ཡབ་ཡུམ་ནི་རང་ཉིད་དེར་གསལ་བའི་ངང་ལས། གཡས་རྡོ་རྗེ་ཁུ་ཚུར་གྱི་ཉི་མའི་ༀ་ལས་གཞན་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ན༵ས་མཛུབ་མོ་བསྒྲེང་བའི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་ཅིང་། མཛུབ་མོ་ༀ་བསྒྲེང་གྱི་རྩེ་མོར་ༀ་ཞུ་བ་ལས་འཁོ༵ར་ལོ༵་འོད་འབ༵ར་བ་རྩིབས་བཞི་བསམ་ཞིང་། གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ༵་བའི་སྟེང་གི་ཡི་གེ་ནང་དུ་བརྟུལ༵་ཏེ་དཔའ་མོ་འབྲུ༵་ལྔ༵་སྦས༵་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲི༵ལ་བུ་འཛིན་པ་གསི༵ལ་ཞི༵ང་ཡུམ་ལ་འཁྱུད༵་ཅིང་འཁྲི༵ལ་བའི༵་ཚུལ༵་གྱི༵ས་བརླ་གཡོན་པའི་སྟེང་དུ་གཞག་པ་ནི་ཆོ༵ས་ལ༵་བརྟེན༵་པའོ། །ཡང་གཡོན་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ནས༵་མཛུབ་མོའི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་པའི་མཛུབ་མོ་ལཱ༵ྃ་གྱི༵་རྩེ༵་མོར༵་ལཱྃ་ཞུ་བ་ལས་དྲིལ༵་བུ་གསི༵ལ་ཞིང་འོད་འབ༵ར་བ་ཐུགས་ཀར་བཀན་ལ། གཡས་པ་ཉི༵་མ༵་ལ་གནས་པའི་ཡི་གེ་འབྲུ༵་ལྔ་ནང་དུ་བསྡུས་ནས་ལ༵ས་སུ༵་འཁྲི༵ལ་བ་སྟེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་ཅིང་ཡབ་ལ་ཅུང་ཟད་ཞལ་ཕྱོགས་པར་བཏུད༵་དེ༵་འཛུ༵མ་པ༵འི་མད༵ངས་ཀྱི༵ས་བལྟ༵་བའོ། །རིན་ཅེན་འབྱུང་ལྡན་ཡབ་ཡུམ་ནི། རང་ཉིད་དེར་གསལ་བའི་ཡབ་ཀྱི་གཡས་པའི་ཡིག་འབྲུ༵་བཞི༵་ནང་དུ་སྦ༵ས་ན༵ས་མཐེ་བོང་ཐུག༵ས་ཀ༵ར་བཀ༵ན་པའི་མཐེ་བོང་སྭཱ༵་བསྒྲེང་རྩེ་མོ༵ར་སྭཱ་ཞུ་བ་ལས་འོད་འབར་བའི་རིན་པོ་ཆེ་ཐུགས་ཀར་འཛིན་པར་བསམ་ཞིང་། གཡོན་པའི་ཟླ༵་བ་ལ་(༡༥༠)གནས་པའི་ཡི་གེ་བརྟུ༵ལ་ཞིང་འབྲུ༵་ལྔ་ནང་དུ་སྦས༵་པའི་ཁུ་ཚུར་གྱིས་དྲིལ༵་བུ་གསི༵ལ་བ་འཛིན་ཞི༵ང་ཡུམ་ལ་འཁྱུད་ནས། ཡབ་ཡུམ་གཉིས་སུ་མེད་པར་འཁྲི༵ལ་བ༵འི་ཚུལ༵་གྱི༵ས་བརླ་གཡོན་པ་ཆོ༵ས་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་དཀུ་ལ༵་བརྟེན༵་པའོ། །ཡང་གཡོན་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ན༵ས་མཐེ་བོང་ཐུག༵ས་ཀ༵ར་བཀ༵ན་ཅིང་། མཐེ་བོང་མཱ༵ྃ་བསྒྲེ༵ང་རྩེ༵་མོ༵ར་མཱྃ་ལས་དྲིལ༵་གསི༵ལ་འོད་འབ༵ར་བ་བསྐྱེད་དེ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི༵་མ༵འི་སྟེང་གི་ཡི་གེ་འབྲུ༵་ལྔ༵་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལ༵ས་སུ༵་འཁྲི༵ལ་བའོ། །རྣམ་འགྱུར་དེ་ཉིད་ཀྱིས་ཡབ་ལ་བཏུད༵་དེ༵་འཛུ༵མ་པ༵འི་མད༵ངས་ཀྱི༵ས་བལྟ༵་བ་ནི་ཡུམ་གྱི་ཕྱག་རྒྱའོ། །འོད་དཔག་མེད་ཡབ་ཡུམ་ནི་དེར་གསལ་བའི་ངང་ལས་ཡབ་ཀྱི་གཡས་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ན༵ས་སྲིན་ལག་བསྒྲེང་བའི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་ཅིང་སྲིན་ལག་ཨཱ༵ྃ་བསྒྲེ༵ང་རྩེ༵་མོ༵ར་ཨཱྃ་ཞུ་བ་ལས་པ༵དྨ༵་འོད་འབ༵ར་བ་བསམས་ཏེ་ཐུགས་ཀར་ཕྱག་རྒྱ་བཅས་ལ། གཡོན་པའི་ཟླ༵་བའི་ཡི་གེ་བརྟུལ༵་ཞིང་འབྲུ༵་ལྔ་ནང་དུ་སྦ༵ས་པའི་ཁུ་ཚུར་གྱིས་དྲིལ༵་བུ་གསི༵ལ་བ་འཛིན་ཞི༵ང་ཡུམ་ལ་འཁྲུལ༵་བ༵འི་ཚུལ༵་གྱི༵ས་བརླ་གཡོན་པ་ཆོ༵ས་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་དཀུ་ལ༵་བརྟེན༵་པའོ། །ཡང་གཡོན་པའི་ཡི་གེ་འབྲུ༵་བཞི༵་ནང་དུ་སྦ༵ས་ན༵ས་སྲིན་ལག་གི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་ཅིང་། སྲིན་ལག་པྱཱ༵ྃ་བསྒྲེང༵་བའི་རྩེ༵་མོར༵་པྱཱྃ་ལས་དྲིལ༵་གསི༵ལ་འབ༵ར་བར་བསམ་པ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི༵་མ༵འི་ཡིག་འབྲུ༵་ལྔ༵་ནང་དུ་བསྡུས་ཏེ་སོར་མོ་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས༵་སུ༵་འཁྲུལ༵་བས། ཡབ་ལ་བཏུད༵་དེ༵་འཛུ༵མ་པ༵འི་མད༵ངས་ཀྱི༵ས་བ༵ལྟ་བའོ། །དོན་གྲུབ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དེར་གསལ་བས་གཡས་པའི་ཡི་གེ་འབྲུ༵་བཞི༵་སྦ༵ས་ན༵ས་མཐེའུ་ཆུང་གི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་ཅིང་། མཐེའུ་ཆུང་ཧཱ༵་བསྒྲེང༵་རྩེ༵་མོ༵ར་ཧ་ལས་ར༵ལ་གྲི༵་འབ༵ར་བ་བསམ་སྟེ་ཐུགས་ཀར་བཟུང་ལ། གཡོན་གྱི་ཟླ༵་བའི་ཡི་གེ་བརྟུལ༵་ཅིང་འབྲུ༵་ལྔ་ནང་དུ་སྦས༵་ནས་དྲིལ༵་བུ་གསི༵ལ་ཞི༵ང་ཡུམ་ལ་འཁྲི༵ལ་བ༵འི་ཚུལ༵་གྱིས༵་བརླ་གཡོན་པའི་སྟེང་དུ་དྲིལ་བུ་གཞག་པ་ནི་ཆོ༵ས་ལ་བརྟེན༵་པའོ། །ཡང་གཡོན་པའི་ཡི་གེ་འབྲུ༵་བཞི༵་སྦས༵་ན༵ས་མཐེའུ་ཆུང་གི་རྒྱབ་ཐུག༵ས་ཀ༵ར་བཀ༵ན་ཅིང་། མཐེའུ་ཆུང་ཏཱ༵ྃ་བསྒྲེ༵ང་རྩེ༵་མོ༵ར་ཏཱྃ་ལས་དྲི༵ལ་གསི༵ལ་འབ༵ར་བ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི༵་མ༵འི་ཡིག་འབྲུ༵་ལྔ༵་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལ༵ས་སུ༵་འཁྲི༵ལ་བས། ཡབ་ལ་བཏུད༵་དེ༵་འཛུ༵མ་པ༵འི་མད༵ངས་ཀྱི༵ས་བལྟ༵་བའོ། །

གཉིས་པ་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི་གོང་དང་མཚུངས་པ་ལས། ཁྱད་པར་དུ་རང་རང་གི་ས་བོན་ལས་ཕྱག་མཚན་དུ་གྱུར་པའི་(༡༥༡)ཚུལ་གྱིས་ཡབ་ཀྱི་ཕྱག་གཡས་ཀྱིས་ཐུགས་ཀར་འཛིན་ཅིང་། ཡུམ་གྱི་ཕྱག་གཡོན་གྱིས་ཐུགས་ཀར་འཛིན་ལ། ཡབ་ཀྱི་གཡོན་པས་ཡུམ་གྱི་བརླ་གཡོན་པའི་ཆོས་ལ་བརྟེན་ཅིང་། ཡུམ་གྱི་གཡས་པས་ཡབ་ཀྱི་བརླ་གཡས་ལ་འཁྲིལ་བར་བྱའོ། །དེའང་མཱྃ་ལས་ཨུ༵ཏྤ༵ལ། མཻ་ལས་ཀླུ༵་ཤི༵ང་ལ༵་སོག༵ས་པའི་ཕྱག་མཚ༵ན། ཀྵཾ་ལས་རི༵ན་ཅེ༵ན་གྱི་མྱུ༵་གུ༵། ཏྲཱྃ་ལས་ར༵ལ་གྲི༵་འོད་འབ༵ར་བ། ཧྲཱིཿལས་པ༵དྨ༵་དཀ༵ར་པོ༵། ཛྷིཾ་ལས་རྡོ༵་རྗེ༵་འབ༵ར་བ། ཐླྷིཾ་ལས་ཆོ༵ས་ཀྱི༵་འཁོ༵ར་ལོ། ཧཱུྃ་ལས་རི༵ན་ཅེ༵ན་སྙེ༵་མ་སྟེ་ཡབ་ཀྱི་ཕྱག་མཚན་ནོ། །ཧཱུྃ་ལས་གཟུ༵གས་མཛེ༵ས་པ་མཚོན་པ་མེ་ལོང་དང་། ཏྲཱྃ་ལས་རི༵ན་ཅེ༵ན་ཕྲེང༵་བ༵་དང་། ཧྲཱིཿལས་པི༵་ཝ༵ཾ་དང་། ཨ་ལས་གར༵་མཁ༵ན་མཆོ༵ག་ཉིད༵་དེ༵། རྡོ་རྗེ་རྩེ་གསུམ་པ་ཁྱེར་ནས་སྤྱི་བོ་གར་བྱེད་པ་མཚོན་པ་དང་། ཧཱུྃ་ལས་མེ༵་ཏོ༵ག་གི་ཕྲེ༵ང་བ་དང༵་། ཛ་ལས་སྤོ༵ས་མཆོ༵ག་མ༵་སྤོས་ཀྱི་ཁང་བུ་དང་། བྃ་ལས་མ༵ར་མེ༵་དང་། ཧོ་ལས་བྱུག༵་པ༵་ལ༵་སོ༵གས་པ༵འི་དུང་ཆོས་ཏེ་ཡུམ་གྱི་ཕྱག་མཚན་ནོ། །ཡུམ་རྣམས་ཀྱི་ཚེ་ཡུམ་གྱི་གཡས་ཀྱིས་ཡབ་ཀྱི་ལས༵་ཏེ་བརླ་གཡས་པ་ལ༵་འཁྲིལ༵་ཞིང༵་ཡབ་ཀྱི་ཚེ་གཡོན་པས་ཡུམ་གྱི་བརླ་གཡོན་པ་ཆོ༵ས་ལ༵་བརྟེན༵་པ་སྟེ་འཁྱུད་པ། ཡབ་རྣམས་ཀྱི་དབུ༵་རྣམས༵་ཡུམ་ལ་ཅུང་ཟད་འབྱོ༵་ཞི༵ང་ཡུམ་རྣམས་ཡབ་ལ་འདུད༵་པ༵འི་ཚུལ༵་དུ་གནས་པ་ནི་གོང༵་གི༵་ཕྱག༵་རྒྱ༵་ཆེན༵་པོ་བཞིན་དུ་ཡབ་ཡུམ་ཐབས་ཤེས་གཉི༵ས་སུ་མེ༵ད་པའི་ཆོས་ཀྱི་དབྱིང༵ས་སྤྲོས་བྲལ་བདེ་བ་ཆེན་པོ་ཉིད་ཀྱི༵་ང༵ང་དུ༵་འཁྲི༵ལ་བའོ། །

གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དཀྱིལ་འཁོར་གྱི་སྒོ༵་བཞི༵་ལ་ཁྲོ༵་བོ༵་ཡབ་ཡུམ་བརྒྱད་ལས། ཡབ་བཞིའི་ཕྱ༵ག་རྒྱ༵་ནི༵་ཧཱུྃ་ལས་ནྲ༵྇་མགོ༵འི་དབྱུག་པ་གདེང༵ས་པ་དང་། རྡོ༵་རྗེ༵་རྩེ་ལྔ་པས་གནོ༵ན་པའི་ཚུལ་དང་། ཐོ༵ད་པ་སྦྲུལ༵་གྱི་ཆུན༵་པོ༵ས་དཀྲིས་པས་གནོ༵ན་པ༵་ད༵ང་། རྡོ༵་རྗེ༵་རྒྱ༵་གྲ༵མ་ལས༵་ཀྱིས༵་གནོན༵་པ་སྟེ་གཡས་པ་བཞིས་འཕྱར་ཞིང་གཡོན་པ་བཞིས་ཡུམ་ལ་སྡིག་མཛུབ་ཀྱི་ཚུལ་དུ་འཁྱུད་པ་དང་། ཡུམ་གྱི་ཕྱག་རྒྱ་ནི་ཕཊ་བཞི་ལས་ལྕག༵ས་ཀྱུ༵་ཞག༵ས་པ༵་ལྕག༵ས་སྒྲོག༵་དྲིལ༵་བུ་གཡོན་གྱིས་བཟུང་ནས་གཡས་པ་ཁུ་ཚུར་གྱིས་ཡབ་ལ་འཁྱུད་པ་སྟེ། སྒོ༵་བཞི༵ར་གན༵ས་པའི༵་སྒོ་བ་ཡབ་ཡུམ་དེ༵་ད༵ག་ཀྱང༵་ཡུམ་གྱིས་ཡབ་ལ་འདུད༵་ཅིང་ཡབ་ཀྱིས་ཡུམ་ལ་ཅུང་ཟད་དབུ་འབྱོ་བའི་ཚུལ༵་གྱིས་ཡབ་ཡུམ་གཉིས་སུ་མེད་པ་ཆོས་ཉིད་ཀྱི་ངང་དུ་འཁྲི༵ལ་བ༵་གོང༵་དུ་བསྟན༵་པ་བཞིན༵་ནོ། །

བཞི་པ་ཐུབ༵་པ་དྲུག༵་གི་ཕྱ༵ག་རྒྱ༵་ནི་གདུལ་བྱའི་དབང་གིས་སྣ༵་ཚོག༵ས་པ་སྟེ༵་གཅིག་ཏུ་ངེས་པ་དང་གྲངས་དང་ཚད་མེད་ཀྱང་། དེ་དག་གི་རིགས་མདོར༵་བསྡུས༵་ན་ཕྱག༵་རྒྱ༵་དྲུག༵་ཏུ༵་འདུ༵་བ་ཡིན་ནོ། །གང་ཞེ་ན་རྡོ་རྗེ་ལས། པི་ཝང་གོ་ཆ་བསེག་སྤར་སྒྲོམ། །པོ་ཏི་མེ་ཆུར་ཤེས་པར་བྱ། །ཞེས་པ་སྟེ་ས་བོན་དྲུག་ལས་ཕྱག་རྒྱ་དེ་དག་(༡༥༢)ཐུགས་ཀར་འཛིན་པའོ། །དེ་དག་ལ་ཡུམ་མེད་པས་ཐབས་དང་ཤེས་རབ་ཟུང་དུ་མ་འབྲེལ་ལམ་སྙམ་ན། དམིགས་བཅས་སྣང་བའི་ཡུམ་མེད་ཀྱང་དམིགས་མེད་དབྱིངས་ཀྱི་ཡུམ་བསྟན་པའི་ཕྱིར་ཡུམ༵་ནི་གང་དུའང་དམི༵གས་པ་མེད༵་པ་ཆོ༵ས་ཀྱི༵་དབྱི༵ངས་སྤྲོས་པའི་མཐའ་དང་བྲལ་བའོ། །ཁ་ཅིག་ཐུབ་དྲུག་གི་གཡོན་ཕྱོགས་ན་ཀུན་ཏུ་བཟང་མོ་དྲུག་འདོད་པ་ནི་ལྷའི་གྲངས་ངེས་དང་འགལ་ལོ། །ཀུན་ཏུ་བཟང་མོར་སྡུད་ཟེར་བ་ནི་མི་འཐད་དེ། བསྒོམ་དུས་ནའང་དམིགས་པའི་ལྷ་དང་དག་པའི་གྲངས་འཛོལ་བའི་ཕྱིར་རོ། །ཁ་ཅིག་མུ་སྟེགས་རྣམས་ལ་ཕན་དོན་དུ། །སངས་རྒྱས་བཙུན་མོར་རབ་ཏུ་གསང་། །ཞེས་པས་ཐུབ་དྲུག་ལ་ཡུམ་མེད་པར་འདོད་པའང་རྣལ་འབྱོར་རྒྱུད་ཀྱི་སྐབས་ཏེ་འདིར་སྐབས་མ་ཡིན་པ་དང་། མིའི་ཐུབ་པ་འདོད་ཡོན་སྤངས་ཀྱང་གཞན་རྣམས་འདོད་ཡོན་སྤངས་པར་མ་གསུངས་ཏེ། སྤྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བའི་ཕྱིར་རོ། །དེས་ན་དངོས་ཀྱི་ཡུམ་མེད་པ་ནི་སྤྲུལ་པ་དང་ལྷའི་གྲངས་ཀྱི་དབང་དུ་བྱས་པའོ། །

ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན༵་ཏུ་བཟང༵་པོ་ཕྱག་གཉིས་མཉ༵མ་གཞ༵ག་གི་མཐིལ་ལས་གདངས་ཀྱི་འཆར་གཞིར་བསྟན་པའི་ཕྱིར་ཡེ༵་ཤེས༵་ལྔ་སོ་སོར་གསལ་བ་ཁ་དོག་ལྔའི་འོད་ཟེར་ཕྱོགས་བཅུར་འཕྲོ༵་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པའོ། །དེའི་ཡུམ༵་དུ་གྱུར༵་པ་ཀུན་ཏུ་བཟང་མོ་ནི་ཕྱག་རྒྱ་མཉམ༵་རྫོག༵ས་ཏེ་ཡབ་དང་མཚུངས་ཤིང་ཞབས་གཉིས་པ༵དྨོ༵འི་སྐྱིལ༵་ཀྲུང་དུ་བཞུགས་པའོ། །ད་ནི་དེ་ཐམས་ཅད་ཀྱི་རྣམ་གྲངས་བསྡུས་ཏེ་བསྟན་པ་ནི། དེ་ལྟར་སོ་སོའི་ཕྱག་རྒྱ་བསྟན་པ་ལས་གཞན༵་ཡང༵་ཕྱག༵་རྒྱ༵་སྣ༵་ཚོག༵ས་པ་ཡོད་དེ༵། རིགས་སོ་སོར་བསྒྲུབས་པ་ན་ལྷ་དེ་དག་གི་ཕྱག་རྒྱ་ཡང་ཕྱོགས་གཅིག་ཏུ་རྡོ་རྗེ་ལ་སོགས་པ་རིགས་དེའི་ཕྱག་མཚན་དུ་བསྟན་པ་དང་། ཡ༵ང་ན༵་དེ༵་བཞིན༵་གཤེ༵གས་པ་ལྔ་པོའི་ཕྱག་རྒྱ་ཉིད༵་དེ་སྔར་བསྟན་པ་དག་གམ༵། ཡང༵་ན༵་རྡོ༵་རྗེ༵་ཐལ༵་མོ༵་སྦྱར་བ་ཉིད༵་ཙམ་ཡང་བཅིང་བར་བྱའོ། །ཁ་ཅིག་རྐང་པ་གསུམ་པོ་འདི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཕྱག་རྒྱ་སྣ་ཚོགས་སུ་སྟོན་ཏེ། རྡོ་རྗེ་ལས། ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག །ཕྱག་རྒྱ་མ་ངེས་སྣ་ཚོགས་ཏེ། །མཉམ་གཞག་ཡེ་ཤེས་འཕྲོ་བའི་སྟེང་། །རྡོ་རྗེ་དྲིལ་བུས་མཚན་པའོ། །ཞེས་འདོན་ཏོ། །དེ་ནི་གཙོ་བོ་ཀུན་ཏུ་བཟང་པོའི་སྐུ་མདོག་དང་ཕྱག་མཚན་དགོད་པའི་སྐབས་ཡིན་གྱི། གདངས་འཆར་བའི་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི་མཉམ་གཞག་ཁོ་ནར་གསུངས་ཏེ། ཕྱོགས་སུ་མ་ལྷུང་བའི་ཕྱིར་རོ། །

གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་ཕྱག་རྒྱར་དོན་བསྡུ་བ་ལ་གསུམ་སྟེ། རང་བཞིན་གནས་ལུགས་ཀྱི་ཕྱག་རྒྱ་སྤྱིར་བསྟན། གནས་སྐབས་སྣང་བྱེད་ཀྱི་ཕྱག་རྒྱ་བྱེ་བྲག་ཏུ་བཤད། མཐར་ཐུག་འབྲས་བུའི་ཕྱག་(༡༥༣)རྒྱས་འགྲོ་དོན་མཛད་པའོ། །

དང་པོ་ནི། སེམས་ཉིད་གདོད་ནས་དག་པའི་ངོ་བོ་ནི་ཕྱག༵་རྒྱ༵་ཆེ༵ན་པོ༵འི་ངང་ལས། གང་ཤར་གྱི་རྟོག་ཚོགས་ཡེ་ཤེས་ཀྱི་ཚོག༵ས་མཆོ༵ག་ཏུ་ཡེ་ནས་གནས་པ་ནི༵་དོན་གྱི་འདུག་ཚུལ་ལོ། །དེ་ཉིད་བླ་མའི་དྲིན་གྱིས་རྟོགས་ནས་ཐ༵བས་གང་སྣང་གི་ཡུལ་དང༵་ཤེས༵་རབ༵་འཛིན་མེད་དུ་ཤར་བའི་རིག་པ་རང་གྲོལ་ཕྱོགས་གཅིག་༼ཕྱོགས་མེད་དུ་༽ཏུ་ལྡན༵་པ་རྒྱུད་ལ་འབྱོར༵་ན༵་ལུས་མ༵་བསྐྱོད༵་ཡན་ལག་མ༵་བསྒུལ༵་ཡང་། འགྲོ་འདུག་དང་སྤྱོད་ལམ་ཐམ༵ས་ཅད༵་ཀུན༵་ཕྱག༵་རྒྱ༵་ཆེན༵་པོའི༵་ངང༵་དུ༵་གནས༵་ཤིང་འདུས་པས། བཅོས་མའི་ཕྱག་རྒྱ་བཅིང་དུ་མེད་པའོ། །

གཉིས་པ་ལ་བཞི་ལས། དང་པོ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྲོ་བ་ནི་སྔར་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གོམས་པ་ལས། དེའི་རྩལ་གོང་ནས་གོང་དུ་སྦྱོར་བའི་ཕྱིར་ལུས་ཀྱི་ཡན༵་ལ༵ག་ལ་ལྷ༵་བཞི༵་བཅུ༵་རྩ༵་གཉིས༵་དང་ལྡན༵་པར་བྱས་ནས་རྟོགས་པ་བོགས་དབྱུང་བ་སྟེ། དེ་ཡང་བདག་ཉིད་རྣམ་སྣང་ཡབ་ཡུམ་དུ་གསལ་བ་ལས། ཡབ་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་མི་བསྐྱོད་པ་འོད་དཔག་མེད་རྣམ་སྣང་རིན་ཅེན་འབྱུང་ལྡན་དོན་གྲུབ་སྟེ་ཡབ་ལྔའོ། །མིག་དང་རྣ་བ་དང་སྣ་བུག་དང་ལྕེ་ཟུར་གཡས་པ་བཞི་ལ་སའི་སྙིང་པོ། ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ་སྤྱན་རས་གཟིགས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའོ། །དེ་བཞིན་དུ་གཡོན་པ་བཞི་ལ། བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་དཔལ་ཏེ་གསུང་གི་སེམས་དཔའ་བཞིའོ། །ལག་པ་གཡས་ལ་གཤིན་རྗེ་མཐར་བྱེད། གཡོན་ལ་ཤེས་རབ་མཐར་བྱེད། རྐང་པ་གཡོན་ལ་པདྨ་མཐར་བྱེད། གཡས་ལ་བགེགས་མཐར་བྱེད་དེ་སྒོ་བ་བཞིའོ། །སྤྱི་གཙུག་མགྲིན་པར་རོ་སྟོད་ལྟེ་བ་གསང་བ་རྐང་མཐིལ་དྲུག་ཏུ་ཐུབ་པ་དྲུག་སྟེ་ལྷ་ཉི་ཤུ་རྩ་གསུམ་མོ། །ཡུམ་གྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར། སངས་རྒྱས་སྤྱན་གོས་དཀར་མོ་དབྱིངས་ཕྱུག་མཱ་མ་ཀཱི་སྒྲོལ་མ་སྟེ་ཡུམ་ལྔའོ། །མིག་རྣ་བ་སྣ་བུག་ལྕེ་ཟུར་གཡོན་ལ་རིམ་པ་བཞིན། སྒེག་མོ་འཕྲེང་བ་གླུ་མ་གར་མ་སྟེ་ཡུལ་གྱི་ལྷ་མོ་བཞིའོ། །དེ་བཞིན་དུ་གཡས་བཞི་ལ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་སྟེ་དུས་ཀྱི་ལྷ་མོ་བཞིའོ། །ལག་པ་གཡོན་ལ་ལྕགས་ཀྱུ་གཡས་ལ་ཞགས་པ་རྐང་པ་གཡས་ལ་ལྕགས་སྒྲོག་གཡོན་ལ་དྲིལ་བུ་མ་སྟེ་སྒོ་མ་བཞིའོ། །དེ་ལྟར་ཡུམ་ལ་ལྷ་བཅུ་བདུན་ཏེ། བསྡོམས་པས་བཞི་བཅུ་ནི་ཐབས་ཀྱི་ལྷ་སྟེ་རགས་པ་དང་ཕྱི་ན་གནས་པས་དེ་སྐད་ཅེས་བཏགས་སོ། །དེའི་སྟེང་དུ་རྩ་བའི་ལྷ་ཡབ་ཡུམ་གཉིས་ཏེ་བཞི་བཅུ་རྩ་གཉིས་པོ་དེ་རྣམས་ལ་བསླབ་(༡༥༤)བོ། །ཡབ་ཡུམ་གྲངས་མི་མཉམ་པ་ནི་ཐུབ་པ་རྣམས་ལ་ཡུམ་མེད་པས་ཡིན་ལ། ཀུན་བཟང་ཡབ་ཡུམ་ནི་རྩ་བའི་ལྷ་ཉིད་དུ་བསྡུས་སོ། །དེ་ལེགས་པར་དམིགས་པ་གསལ་ནས། གཉིས་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར་སྤྲོ་བ་ནི། བཞི་བཅུ་པོ་དེ༵་ཉིད༵་ཀྱི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ་གནས་པ་ནི་ཡན༵་ལག༵་སྤྲོས༵་པའི་བདག༵་ཉིད་ནང་ན་གནས་པ་དང་ཕྲ་བའི་ཕྱིར། ཤེས་རབ་ཀྱི་ལྷ་སྟེ༵་བཞི་བཅུའོ། །ཐབས་ཀྱི་ལྷ་བཞི༵་བཅུ༵་རྩ༵་གཉིས༵་སྨོས་ཀྱང་། རྩ་བའི་ཡབ་ཡུམ་གཉིས་ལས་གཞན་བཞི་བཅུ་པོ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུ༵མ་གསུམ་འཕྲོ༵་བས་བརྒྱ་ཉི་ཤུར་འགྱུར༵་ཞིང་། དེ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་ཡོད་པས་དྲུག་བརྒྱ། ༼སྔར་གྱི་ལྷ་བཞི་བཅུ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་ཡོད་པས་ཉིས་བརྒྱ། དེ་ཀུན་རྩ་བའི་ལྷ་བཞི་བཅུ་བསྡོམས་པས་དགུ་བརྒྱ་དྲུག་ཅུ་ཡིན་ན་ཤིན་ཏུ་འགྲིགས་མཆན།༽ སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གསུམ་ཡོད་པས་སུམ་བརྒྱ་དྲུག་ཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ་པོ་བསྣན་པས་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཏེ་དེ་ལ་བསླབ་བོ། །དེའང་ཁ་ཅིག་གི་བཞེད་པ་ལྟར་ན། ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུའི་ལྷ་བཞི་བཅུ། གསུང་གི་ལྷ་བཞི་བཅུ། ཐུགས་ཀྱི་ལྷ་བཞི་བཅུ་སྟེ་ཉིས་བརྒྱ་པོ་ལ་དབུ་རྒྱན་ལྔ་ལྔ་ཡོད་པས་སྟོང་གི་དཀྱིལ་འཁོར་དུ་གནས་སོ་ཞེས་གསུངས་ཏེ་དོན་ལ་འདྲའོ། །དེ་ཡང་ལེགས་པར་གསལ་བ་དང་། གསུམ་པ་སངས་རྒྱས་ཉི་ཁྲི་ཆིག་སྟོང་གི་དཀྱིལ་འཁོར་གསལ་བ་ནི། སངས་རྒྱས་སྟོང་པོ་དེ༵་ལྟར༵་ལྡན༵་པ༵འི་གཙོ༵་མཆོ༵ག་རྣམ་སྣང་ཡབ་ཡུམ་གྱིས༵་མཚོན་པ། རྒྱལ༵་བ༵་རིགས་བཞི་དང་རྒྱལ༵་མཆོ༵ག་ཀུན་ཏུ་བཟང་པོ་ལ་ཡང་དེ༵་བཞིན༵་དུ༵་བརྩིས་པས་སྟོང་སྟོང་སྟེ་སྟོང་ཕྲག་དྲུག་གོ། །དེ་བཞིན་དུ་སེམས་དཔའ་ཡབ་ཡུམ་ཆ་བརྒྱད་དང་། སྒོ་བ་ཡབ་ཡུམ་ཆ་བཞི་སྟེ་བཅུ༵་གཉིས༵་ལ་སྟོང་ཕྲག་བཅུ་གཉིས་སོ། །དྲུག༵་གི༵་འོ༵ད་འཕྲོ༵་འབ༵ར་བ་ནི་ཐུབ་པ་དྲུག་སྟེ། ཡུམ་མེད་པས་ཉི་ཁྲི་ཆིག་སྟོང་སུམ་བརྒྱ་དང་བཅུ་གཉིས་ཀྱི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །ཉི་ཁྲི་བཞི་སྟོང་དུ་འདོད་པ་ནི་ཐུབ་པ་དྲུག་ལ་ཡུམ་ཡོད་པར་རློམ་པ་ཡིན་ནོ། །དེ་ལ་གོམས་ནས། བཞི་པ་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་ལ་བསླབ་པ་ནི། ཚུལ་དེ༵་ལ༵་སོ༵གས་ཏེ༵་སངས་རྒྱས་རེ་རེ་ལའང་སངས་རྒྱས་ཉི་ཁྲི་ཆིག་སྟོང་དུ་བསྐྱེད་པ་ལྟ་བུ་བསམ༵་གྱིས་མི༵་ཁྱབ༵་པའི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །དེའང་བླ་མ་རོང་པ་ནི་ལྷའི་སྐུ་གཅིག་ལ་ཡན་ལག་བཞི་བཅུ་རྩ་གཉིས་ལྡན་ཞིང་། དེ་རེ་རེའང་སྐུ་གསུང་ཐུགས་བྱིན་གྱིས་རློབས་པའི་ལྷ་གསུམ་དང་ལྡན་པས། དེ་ཉིད་ཡན་ལག་སྤྲོས་དག་སྟེ༵། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་སྦྱོར་ཞིང་།(༡༥༥) གཙོ་བོ་ལ་ཇི་ལྟར་ལྡན་པ་བཞིན་ཡན་ལག་གི་ལྷ་རྣམས་ལ་ཡང་དེ་ལྟར་བརྩིས་པས་བརྒྱ་ཉི་ཤུ་རེ་འབྱུང་བས་བཅུ་གཉིས་དྲུག་གི་འོད་འཕྲོ་འབར་ཞེས་འཆད་དོ། །སྣང་བྱེད་ཀྱི་ལྷ་འདི་རྣམས་རྣལ་འབྱོར་སྔ་མ་གོམས་སྟོབས་ཀྱི་འབྲས་བུར་བཞག་ལ། ཚོགས་སྒྲུབ་ཏུ་ཚེ་དབང་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་ལམ་དུའང་བཞག་གོ། །

གསུམ་པ་མཐར་ཐུག་གི་ཕྱག་རྒྱས་འགྲོ་དོན་མཛད་པའི་ཚུལ་ལ་ལྔ་ལས། དང་པོ་གདུལ་བྱའི་དོན་ལ་སྣ་ཚོགས་སུ་སྟོན་པའི་ཚུལ་ནི། ལམ་གྱི་གནས་སྐབས་སུ་དེ་ལྟར་བསྒོམས་པས་མཐར་ཐུག་སངས་རྒྱས་པ་ན་ཕྱོག༵ས་བཅུ༵་དང་དུས༵་བཞིས༵་བསྡུས་པའི་སངས་རྒྱས་ཀྱི་ཞིང་ཁམས་བས༵མ་ཡས༵་སུ༵་གདུལ་བྱ་དཔག་ཏུ་མེད་པ་འདུལ༵་བའི༵་ཕྱག་རྒྱའི་དོ༵ན་རྣམ༵ས་སེམས་ཅན་སོ་སོའི་སྣང་བ་དང་མཐུན་པར་སངས་རྒྱས་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་སྐུ་སོ༵་སོ༵་སྟོན་ཅིང༵་འགྲོ་དོན་མཛད་དོ། །གཉིས་པ་བསྟན་པ་བཞིན་སྣང་བའི་ཚུལ་ནི་ཐེག༵་པ༵་མཐོ༵་བ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་དམ༵ན་པ་ཉན་རང་ལ་སོགས་པ་ཐམ༵ས་ཅད༵་དང༵་། ལྟ་སྤྱོད་ཕྱིན༵་ཅི༵་ལོ༵ག་རྟོག་མུ་སྟེགས་བྱེད་རྣམ༵ས་དང་། སོ་སོ་སྐྱེ་བོ་བས༵མ་ཡ༵ས་ད༵ང་། གདུལ་བྱ་ཞི༵་བ་ལྷ་ལ་སོགས་པ་དང་། ཁྲོ༵་བོ་བདུད་དང་གཤིན་རྗེ་ལ་སོགས་པའི༵་ཚོ༵གས་ཆེན༵་པོ་ཐམ༵ས་ཅད༵་ལ་གང་ལ་གང་འདུལ་སོ༵་སོ༵ར་སྣང་ཞིང་མོས་པ་དང་མཐུན༵་པར་བྱ༵ས་ཏེ་ཀུན༵་ཏུ་སྣང༵་ངོ་། །གསུམ་པ་སྣ་ཚོགས་སུ་སྣང་ཡང་གཅིག་ལས་མ་གཡོས་པའི་དཔེ་ནི་དཔེ༵ར་ན༵་ཟློས་གར༵་མཁ༵ན་ཉིད༵་གཅིག་པོ་དེ་ལས་གཡས་བརྐྱངས་གཡོན་བསྐུམས་དང་ཞི་ཁྲོ་དུ་མར་སྣང་བ་དང་འདྲ༵་བ༵ར་ཡེ་ཤེས་ཀྱི་ལུས༵་ཡེ་ནས་དག་པའི་རང་བཞིན་གཅིག་ལས་འདི་ལ༵་འདི་བསྟན་ནོ་ཞེས་དམིགས་པའི་ཚུལ་གྱིས་ཆེད་དུ་མ༵་བཀོ༵ད་ཀྱང་འགྲོ་བའི་སྣང་བ་དང་མཐུན་པར་ཞི་བ་དང་ཁྲོ་བོ་ལ་སོགས་པ་སྣ༵་ཚོ༵གས་ལྷུན་གྲུབ་ཏུ་ཐུགས་རྗེས་སྟོན༵་པར་བྱེད་དོ། །བཞི་པ་གདུལ་བྱའི་དབང་གིས་ཕྱག་རྒྱའི་གྲངས་མ་ངེས་པར་བསྟན་པ་ནི། མདོར༵་ན༵་བྱང་ཆུབ་མཆོག་དང་བདུད་འདུལ་བ་ལ་སོགས་པའི་ཕྱ༵ག་རྒྱ༵་ཐམ༵ས་ཅ༵ད་ནི༵་འདི༵་ཁོ་ནའོ་ཞེ༵ས་མཐའ་གཅི༵ག་ཏུ༵་བརྗོ༵ད་དུ༵་མེ༵ད་དེ། ཐབས་དང་ཤེས་རབ་ཀྱི་དབང་གིས་གཉིས༵་དང༵་སྐུ་གསུང་ཐུགས་ཀྱིས་གསུམ༵་དུ༵་འགྱུར་ཞིང་། ཕྲིན་ལས་བཞི་ལ་སོགས་པར་ཡང་རྣམ༵་པར༵་འཕྲོ༵་བར་བྱེད་དེ། ལུས་བསྐྱོད༵་པ་དང༵་ཡན་ལག་ཕྱག་རྒྱར་སྤྲོ༵་བ༵་ཐམས་ཅད་ལྷའི་ཕྱག་རྒྱའི་དེ༵་བཞིན༵་ཉིད༵་དུ་གནས་པའི་ཕྱིར་རོ། །ལྔ་པ་གནས་ལུགས་ཕྱག་རྒྱ་ཆེན་པོར་ཐམས་ཅད་འདུ་བ་ནི། མདོ༵ར་ན༵་ཡན་ལག་བསྐྱོད༵་ཅིང་ལུས་བསྒུལ༵་བ་ཐམ༵ས་ཅ༵ད་ཀུན༵་ཕྱག༵་རྒྱ༵་ཆེ༵ན་པོ༵འི་ང༵ང་དུ༵་ག༵ནས་ཏེ། ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་དུ་གནས༵་པ་ཉིད༵་ཀྱིས། འདི་ནི་མ་དག་པའི་(༡༥༦)ཕྱག་རྒྱ་དང་ཆོས་སོ་ཞེས་པ་རྡུལ་ཙམ་ཡང་མི༵་གན༵ས་ཤིང་གན༵ས་པའ༵ང་མི༵ན་ཏེ། ལུས་ལྷ་སྔགས་སེམས་ཆོས་ཉིད་ཀྱི་ཕྱག་རྒྱའམ་དཀྱིལ་འཁོར་དུ་གནས་པའི་ཕྱིར་རོ་ཞེས་པའི་ཚུལ་དེ༵་སྐད༵་སྒྲིབ་གཉིས་མ་ལུས་པ་དག༵་ཅིང་མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་བའི་མཆོག༵་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད༵་ཀྱིས༵་བཤད༵་པ་ཡིན་ནོ། །དེ་ཉིད་ཡིད་ཆེས་པའི་གནས་ཏེ། ཡེ་ཤེས་དམ་པ་ལས། ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་པ་ལྟར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་མཆོག་ཏུ་གསང༵་བའི༵་སྙིང༵་པོ༵་ཆོས་ཉིད་དོན་གྱི་གནས་ལུགས་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། ལུས་དང་རྟོག་པའི་ཡ༵ན་ལ༵ག་ཐ༵མས་ཅ༵ད་ཡེ་ནས་དག་པའི་དཀྱི༵ལ་འཁོ༵ར་དུ༵་བྱིན༵་གྱི༵ས་བརླབ༵ས་ན༵ས་རང་བཞིན་གྱི་ཕྱག༵་རྒྱ༵་སྤྲོས༵་པ༵འི་ལེ༵འུ་སྟེ༵་བརྒྱད༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བརྒྱད་པའི་རྣམ་པར་བཤད་པ།next