Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།

25 occurrences of གཏེར་སྲུང་
[Clear Hits]


 
  
collapse section
  
  
  
  
  
 
  
 
  
  
  
21  collapse section
 
  
  
 
  
 
  
 
  
  
  
 
 
 
 
  
  
བསད་ལས་ཀྱི་བཅའ་བཞིའི་ཤོག་དྲིལ།
  
  
  
 
  
  
 
 
  
  
  
  
  
 
 
 
  
  
  
  
  
  
  
  
 
 
 
 
  
  


25 occurrences of གཏེར་སྲུང་
[Clear Hits]

 
previousབསད་ལས་ཀྱི་བཅའ་བཞིའི་ཤོག་དྲིལ།next

བསད་ལས་ཀྱི་བཅའ་བཞིའི་ཤོག་དྲིལ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བསད་ལས་ཀྱི་བཅའ་བཞིའི་ཤོག་དྲིལ་བཞུགས་སོ༔ པདྨ་དབང་ཆེན་ལྷ་ལ་འདུད༔ མ་འོངས་བསྐལ་བའི་སྙིགས་མ་ལ༔ སངས་རྒྱས་བསྟན་པ་ཉམས་དམའ་ཞིང་༔ བདུད་འགོང་ཐམས་ཅད་ཁ་རྒྱས་ནས༔ ཆོས་བཞིན་སྤྱོད་ལ་བར་གཅོད་ཅིང་༔ ཁྱད་པར་དམ་ཉམས་རཱུ་ཊ་ཡི༔ བྱད་མ་རྦོད་གཏོང་ལྟས་བྱུང་ངམ༔ ཡང་ན་མི་ནག་སྐྱེ་བོས་འཚེ༔ བསད་པར་བྱ་བའི་ལས་སྦྱོར་ནི༔ འཕུང་གསུམ་བདུད་ཀྱི་ཉི་མ་ལ༔ དུར་ཁྲོད་ལུང་སྟོང་བས་མཐའ་རུ༔ འཕུང་ཤུལ་ས་ལ་སྟེགས་བུ་ནི༔ གྲུ་བཞི་དུག་ཁྲག་དུར་སོལ་བྱུག༔ དབུས་སུ་ཧོམ་ཁུང་བང་རིམ་བཞི༔ ཕྱི་ནང་དུག་ཁྲག་རོ་སོལ་བྱུག༔ རྩང་ཕུར་ཉེར་གཅིག་མཐའ་ནས་གཟུགས༔ གྲི་ཤོག་ངོས་ལ་བྱད་མ་ཡི༔ ལིངྒ་འབྲི་ཞིང་སྙིང་གར་ནྲི༔ ཛཿ བསྐོར་དམིགས་བྱའི་མིང་དང་ནི༔ དགྲ་བགེགས་བྱད་མ་འདི་ཞེས་པ༔ ཁུག་ཅིག་སོད་ཅིག་དྲག་ཏུ་སྒྲོལ༔ ཅེས་པའམ་ནི་བསད་སྔགས་བྲི༔ ལྟེ་བ་ཁོ་ཡི་བླ་དྭགས་འབྲི༔ ཡན་ལག་སྡིག་པས་ཟ་བར་བྲི༔ ཐ་མར་བསད་སྔགས་དམོད་བཅོལ་དང་༔ གནས་ཡིག་སྤྱི་འགྲོས་ཛཿགྲཾ་བསྐོར༔ གྲོ་ག་ཤོག་བུ་གང་རུང་ལ༔ ལྟེ་བ་ལྷ་ཆེན་ཡབ་ཡུམ་གསུམ༔ རྩིབས་བརྒྱད་སྡེ་བརྒྱད་གཟུགས་འདྲི་ཞིང་༔ ཐུགས་ཀར་རང་རང་ཐུགས་སྲོག་དང་༔ ཐ་མར་བསད་སྔགས་ཛཿཡིས་སྐོར༔ གཟུགས་དང་ལིངྒ་ཁ་སྦྱར་དྲིལ༔ ཡུགས་སའི་སྐྲ་ཤད་སྐུད་པས་བསྡམས༔ དེ་ཉིད་ལིངྒའི་ཁོག་པར་གཞུག༔ ལ་ཆའི་སྦལ་པ་ལྟོ་སྦྱོར་བར༔ ལིངྒ་ལྟེམ་ཞིང་ཚོན་སྐུད་དཀྲིས༔ ཁམས་སར་བྱད་མའི་ལྷ་ཡི་གཟུགས༔ ལག་ན་ཕུར་བ་འདྲིལ་བ་བཟོ༔ དེ་ནང་མན་ངག་འཁོར་ལོ་དང་༔ ཁོ་ཡི་ལྷ་སྲུང་ལིངྒ་གཉིས༔ ཁ་སྦྱར་ཚོན་སྐུད་བཅིངས་ལ་བཅུག༔ གཟུགས་དེ་སྦལ་པའི་སྟེང་ལ་སྐྱོན༔ སྐྱེར་ཕུར་སོ་ལ་བསད་སྔགས་ལྡན༔ སྦལ་པར་གདབ་ཅིང་ལིངྒར་འདེབས༔ ལིངྒ་མགོ་ལྷོ་སྦལ་པ་བྱང་༔ ཧོམ་ཁུང་ནང་དུ་གཟུད་པར་བྱ༔ དེ་སྟེང་པུ་རི་བང་རིམ་དགུ༔ ཛཿཁུང་བསད་སྔགས་སྐྱེར་ཕུར་མཚན༔ ཆོས་འབྱུང་ཁ་བཀབ་མཐའ་སྐོར་དུ༔ ཡུངས་ཀར་ཡུངས་ནག་ལྕགས་ཟངས་ཕྱེ༔ དུག་ཁྲག་མཚོན་ཐུན་རྒྱས་པར་བཤམས༔ མཆོད་རྟེན་སྟེང་དུ་ཁྲིའུ་ཁར༔ ཡབ་ཡུམ་སྲས་གསུམ་བཤོས་བུ་དང་༔ ཧོམ་ཁུང་ཁ་རན་མུ་ཁྱུད་ལ༔ སྡེ་བརྒྱད་བཤོས་བུས་བསྐོར་བར་བྱ༔ མཆོད་གཏོར་སྨན་རག་ལས་གཞུང་ལྟར༔ ལིངྒར་ལྷ་དབྱེ་འགུགས་བསྟིམ་དང་༔ སྔགས་དམིགས་ལ་སོགས་གནད་དུ་བསྣུན༔ བདུན་གཅིག་བདུན་གཉིས་བདུན་གསུམ་དུ༔ བརྩོན་འགྲུས་ལྡན་པས་ལས་ལ་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ ལིངས་བྱས་གཡུལ་འགྱེད་རི་ཕྲག་བཤིག༔ ཁྱད་པར་ཁོ་ཡི་བླ་རྟགས་བསད༔ ཤ་ཁྲག་བྱིན་ཟོས་དོན་སྙིང་གཏད༔ དེ་སོགས་ལྟས་ནི་སྣ་ཚོགས་འབྱུང་༔ དེ་ནས་ལུང་གསུམ་འདུས་པའི་མདོ༔ རྒྱ་གྲམ་ལམ་མམ་མཆོད་རྟེན་ཞབས༔ ལས་སྦྱར་ཤགས་འདེབས་དམོད་བཅོལ་མནན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལམ།། །།


previousབསད་ལས་ཀྱི་བཅའ་བཞིའི་ཤོག་དྲིལ།next