Nitartha Digital Library
Tibetan
 
previousཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་བཤད་པ།next

ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་བཤད་པ།

གཞུང་གི་འཕྲོས་ཚུལ་དང་གྲུབ་མཐའི་རྣམ་གཞག་སོགས་ལ་དཔྱད་པ།

༈ ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་རྐང་པ་གཉིས་ཀྱི་ཉེ་འཕྲོས་ཀྱི་དབང་དུ་བྱས་ནས། འཕྲོས་ཚུལ་འདི་ལ་རྩོད་པ་དང་། ལན་གཉིས། དང་པོ་ལ་གསུམ། གང་ལ་རྩོད་པ། རྟེན་གྱི་གང་ཟག་གང་གིས་རྩོད་པ། ཚུལ་ཇི་ལྟར་དུ་རྩོད་པ་དང་གསུམ། དང་པོ་ནི། སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཞེས་པའི་སྐབས་སུ། རྫས་སྣ་ཚོགས་ཡིན་ན། ཡན་ལག་ཆ་མེད་གཅིག་གི་རང་བཞིན་མ་ཡིན་པས་ཁྱབ་པ་དང་། བློ་རྣམ་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་སོགས་རྐང་པ་གཉིས་ཀྱི་སྐབས་སུ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བ་ཡིན་ན། རྫས་སྣ་ཚོགས་ཡིན་པས་ཁྱབ་པ་ཁས་བླངས་པ་དེ། གཞི་གང་ལ་རྩོད་པའི་གཞི་ཡིན་ལ། རྟེན་གྱི་གང་ཟག་གང་གིས་རྩོད་ན། གྲངས་ཅན་པ། རིགས་པ་ཅན་པ། བྱེ་བྲག་པ་རྣམས་ཀྱིས་རྩོད། ཚུལ་ཇི་ལྟར་དུ་རྩོད་ན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་དེ་ཆོས་ཅན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་མི་སྣང་སྟེ། བློ་གཅིག་གི་བདག་ཉིད་དུ་ཁས་ལེན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ནི། ཕྱི་དོན་ཁས་མི་ལེན་པའི་དབང་དུ་བྱས་པའི་ལན་དང་། ཕྱི་དོན་ཁས་བླངས་པའི་དབང་དུ་བྱས་པའི་ལན་གཉིས། དང་པོ་ནི། དེ་ལྟ་བུའི་གནོད་བྱེད། དཔལ་ལྡན་ཆོས་གྲགས་ལ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་ལྟར་དུ་མ་གྲུབ་པར་ཁས་ལེན་པའི་ཕྱིར། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པའི་ཕྱིར། དེ་ཡང་མ་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་ཞེས་སོགས་སྣང་བ་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། སྣང་བ་ལྟར་བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཇི་ལྟ་ཇི་ལྟར་ཞེས་སོགས་རྐང་པ་བཞི་བྱུང་། དེ་ན། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་གྱི་གཞུང་འདི་རྣམས་དོན་ཚན་གསུམ་དུ་འདུ་བ་ཡིན་ཏེ། འདི་ལ་ཆོས་ཀྱི་བདག་མེད་མདོར་བསྟན་པ། རྒྱས་པར་བཤད་པ། རྩོད་པ་སྤོང་བྱེད་ཀྱི་གཞུང་གསུམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་འཆད་པར་བྱེད་པ་ལ། ཇི་ལྟ་ཇི་ལྟར་ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །ཞེས་པ་ནས། དེ་དག་ཐ་དད་ཀྱང་བསླད་འགྱུར། །ཞེས་པའི་བར་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། གཟུང་དང་འཛིན་པའི་རྣམ་པ་ལས། ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་བྱུང་། ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ནི། དེ་ཡང་རང་རེས། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་ཁས་བླངས་པ་ལ། ཁོ་ན་རེ། དེ་ལྟར་ཁས་བླངས་ན། ཉེས་པ་ཅི་ཡོད་ཅེས་པའི་དྲི་བ་དེ་འགོད་པར་བྱེད་པ་ལ། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །ཞེས་པ་འདི་བྱུང་། དེ་ལ་ནི། དེ་ལྟར་ཁས་བླངས་ན་ཉེས་པ་ཡོད་དེ། དེ་ལྟར་ན་ཁྲ་བོ་རང་འཛིན་སེམས་ཀྱི་བདག་ཉིད་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བློ་དེ་ལ་ཡང་མི་འགྱུར་རོ། །ཞེས་པ་འདི་བྱུང་། གལ་ཏེ་ཁོ་ན་རེ། དེ་ལ་དེ་ལྟར་སྣང་བ་དེ་སྣང་བ་ལྟར་ཚད་མས་གྲུབ་ན་ཉེས་པ་ཅི་ཡོད། ཅེས་པའི་དྲི་བ་འགོད་པར་བྱེད་པ་ལ། གལ་ཏེ་དོན་རྣམས་བདག་ཉིད་འདིར། །འདོད་ན། ཞེས་པ་འདི་བྱུང་། དེའི་ལན་ནི། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་ཚད་མས་གྲུབ་ན་ཉེས་པ་མེད་དེ། ཚད་མས་གྲུབ་པའི་དོན་སུས་ཀྱང་དགག་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་ངས་ཅི་བྱ། ཞེས་པ་འདི་བྱུང་། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པའི་རྒྱུ་མཚན་གང་ཞེ་ན། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་དུ་མ་གྲུབ་སྟེ། ཕྱི་རོལ་དོན་དུ་ཡང་སྣང་བ་ལྟར་མ་གྲུབ། རང་འཛིན་ཤེས་པའི་བདག་ཉིད་དུ་ཡང་སྣང་བ་ལྟར་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་རྐང་པ་ཕྱེད་དང་གཉིས་གསུངས། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་ཕྱི་རོལ་དོན་དུ་སྣང་བ་ལྟར་དུ་མ་གྲུབ་སྟེ། དེ་ཕྱི་རོལ་དོན་དུ་སྣང་བ་ལྟར་གཅིག་ཏུ་ཡང་མ་གྲུབ། དེ་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་བདག་ཉིད། །ཅེས་སོགས་རྐང་པ་ཕྱེད་དང་གསུམ་གསུངས། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་རང་འཛིན་ཤེས་པའི་བདག་ཉིད་དུ་སྣང་བ་ལྟར་མ་གྲུབ་སྟེ། དེ་རང་འཛིན་ཤེས་པའི་གཟུང་རྣམ་དུ་སྣང་བ་ལྟར་དུ་ཡང་མ་གྲུབ། དེ་དེར་འཛིན་བྱེད་དུ་སྣང་བ་ལྟར་དུ་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་སོགས་རྐང་པ་གཉིས་གསུངས། འོ་ན། གཟུང་འཛིན་རྫས་གཞན་མ་ཡིན་ན་གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་དེ་གང་ལས་བྱུང་བ་ཡིན་ཞེ་ན། དེ་རང་རྒྱུ་འཁྲུལ་པའི་དབང་གིས་བྱུང་བ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། ཐ་དད་མེད་ཅན་ཤེས་པ་ཡི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་མེད་ཀྱང་ནང་ཤེས་པ་ལ་ལྟོས་པའི་དེ་ཡོད་པ་ཡིན་ནོ། །ཞེ་ན། དེ་ཡང་མི་འཐད་དེ། ཕྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་པའི་རིགས་པ་འདི་ལ་བརྟེན་ནས། ཕྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དང་། ནང་ཤེས་པ་ལ་ལྟོས་པའི་དེ་གཉིས་ཁེགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་གཅིག་ནི་མེད་པས་ཀྱང་། །ཞེས་སོགས་རྐང་པ་གཉིས་གསུངས། ཕྱི་དོན་ལ་ལྟོས་པའི་དེ་དང་། ནང་ཤེས་པ་ལ་ལྟོས་པའི་དེ་གཉིས་བཀག་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བཀག་པའི་གྲུབ་དོན་འཆད་པར་བྱེད་པ་ལ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་རྐང་པ་གཉིས་གསུངས། འོ་ན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། རང་རྒྱུ་གང་གི་དབང་གིས་བྱུང་བ་ཡིན་ཞེ་ན། དེ་རང་རྒྱུ་གཟུང་འཛིན་རྫས་གཞན་དུ་འཛིན་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། དངོས་རྣམས་ཐ་དད་གནས་པ་འདི། །ཞེས་སོགས་རྐང་པ་བཞི་བྱུང་། རྩོད་པ་སྤང་པ་ལ། འཁོར་ལོ་བར་བ་དང་འགལ་བའི་རྩོད་པ་སྤང་པ། འཁོར་ལོ་དང་པོ་དང་འགལ་བའི་དེ་དང་གཉིས། དང་པོ་ནི། རང་རེས། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་པའི་སྐབས་སུ་གཞན་དབང་བདེན་གྲུབ་ཏུ་བསྟན། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་པའི་སྐབས་སུ་ཡོངས་གྲུབ་བདེན་པར་གྲུབ་པར་བསྟན་པ་ལ། ཁོ་ན་རེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་མདོ་འདིའི་དགོངས་གཞི་མེད་པར་ཐལ། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་ཡིན་པའི་ཕྱིར་ཞེ་ན། འདིའི་ལན་ལ། ཕྱི་དོན་ཁས་མི་ལེན་པའི་དབང་དུ་བྱས་པའི་ལན་གཅིག་དང་། ལེན་པའི་དབང་དུ་བྱས་པའི་ལན་གཉིས། དང་པོ་ནི། གཞན་དབང་དང་ཡོངས་གྲུབ་བདེན་གྲུབ་ཡིན་ཀྱང་། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་མདོའི་དགོངས་གཞི་མེད་པར་ཐལ་བའི་སྐྱོན་མེད་དེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་མདོ་དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ནི། ཕྱི་དོན་ཁས་ལེན་པའི་དབང་དུ་བྱས་ན་ཡང་དེའི་དགོངས་གཞི་ཡོད་དེ། རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱི་བྱ་བྱེད་ཀྱི་ཆ་བདེན་པས་སྟོང་པ་དེ། དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཕུང་པོ་ལ་སོགས་བྱེ་བྲག་གིས། །ཞེས་སོགས་རྐང་པ་བཞི་བྱུང་། གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་ན། སློབ་དཔོན་རྒྱན་མཁན་པོས། དངོས་རྣམས་ཐ་དད་ཅེས་སོགས་བཞི་པོ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་དང་། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞི་སེམས་ཙམ་པའི་གཞུང་དང་། ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སོགས་མདོ་སྡེ་བའི་གཞུང་དུ་འདོད་པ་ཡིན་ཏེ། དེ་སྐད་དུ་ཡང་རྒྱན་གྱི་འགྲེལ་པར། དང་པོ་ནི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པ་པ་དང་། ཕྱི་དོན་ཡོད་པ་སྨྲ་བའི་ལུགས་ཀྱི་སྟོང་ཉིད་ཀྱི་དོན་སྟོན་པར་བཞེད་དོ། །ཞེས་གསུངས། ཁ་ཅིག་ན་རེ། གཞུང་དང་པོ་དེ་ལྟར་བྱེད་པ་འཐད་ཀྱང་། ཕུང་པོ་ལ་སོགས་ཞེས་སོགས་ཀྱི་གཞུང་འདི་སེམས་ཙམ་པའི་གཞུང་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། དེ་ནི་ཉན་ཐོས་སྡེ་པ་དང་ཐུན་མོང་པའོ། །ཞེས་གསུངས་པའི་ཕྱིར་ན་སྐྱོན་མེད་དེ། མདོ་སེམས་གཉིས་ཀས། བྱ་བྱེད་བདེན་སྟོང་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་དགོངས་པར་ཁས་ལེན་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མིན་ན། ཕུང་པོ་ཞེས་སོགས་ཀྱི་གཞུང་འདི་སེམས་ཙམ་པའི་རང་གཞུང་ཡིན་ཏེ། ལྷའི་འགྲེལ་པ་ལས། གཞན་ཡང་། ཕྱི་དོན་ཁས་བླངས་ན་ཡང་ཆོས་ཐམས་ཅད་རང་གི་མཚན་ཉིད་མེད་པ་ཅན་ཡིན་ཏེ། འདི་ལྟར། ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཐར་ལམ་གསལ་བྱེད་ལས། ཕྱི་དོན་ཁས་བླངས་པའི་དབང་དུ་བྱས་ནས་དེའི་དོན་བཤད་པ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། སེམས་ཙམ་པས་ཕྱི་དོན་ཁས་མི་ལེན། གལ་ཏེ་ཁས་བླངས་ན་ཡང་། མདོ་དེའི་དགོངས་གཞི་ཡོད། ཅེས་པ་དེ་ཊཱིཀྐ་དེའི་དོན་ཡིན་པའི་ཕྱིར། དེར་ཡང་མ་ཟད། གཞུང་དེ་སེམས་ཙམ་པའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ཏེ། དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་ཀྱང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཉིས་པ་འཁོར་ལོ་དང་པོ་དང་འགལ་བའི་རྩོད་པ་སྤང་པ་ནི། རང་རེས་གོང་དུ་ཕྱི་དོན་བཀག་པ་ལ་ཁོ་ན་རེ། འོ་ན། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོའི་མདོ་འདིའི་དགོངས་གཞི་མེད་པར་ཐལ། ཕྱི་དོན་མེད་པའི་ཕྱིར་ན་སྐྱོན་མེད་དེ། ཕྱི་རོལ་དོན་སྣང་གི་བློ་སྐྱེ་བ་དེ་མདོ་དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་རྩོད་སྤོང་འཆད་པར་བྱེད་པ་ལ། ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །ཞེས་སོགས་རྐང་པ་བཞི་གསུངས། དེའི་དགོངས་པ་འཆད་པར་བྱེད་པ་ལ། དེས་དེ་ཉིད་དོན་བཏང་སྙོམས་ཅན། །ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་བྱུང་། དགོས་པ་ནི་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོའི་མདོ་གསུངས་པ་ལ་དགོས་པ་ཡོད་དེ། ཕྱི་དོན་ཁས་ལེན་པའི་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་རྗེས་སུ་བཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི། ཕྱི་རོལ་གྱི་དོན་མེད་དེ། གཟུགས་སོགས་རང་འཛིན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། །

༈ ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པ་སངས་རྒྱས་པའི་མཚན་ཉིད་ཡིན་ཟེར་ན། དཀོན་མཆོག་དང་ཕྱི་རོལ་པའི་སྟོན་པ་གཉིས་ཀ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར་ཏེ། ཕྱི་ནང་ཐུན་མོང་བའི་སྦྱིན་བདག་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕྱི་རོལ་པ་ཡིན་པའི་ཕྱིར། ཕྱི་རོལ་པའི་སྟོན་པ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། གཞན་ཡང་། གཟུགས་མེད་པའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་གསུམ་སྐྱབས་གནས་ཡང་དག་ཏུ་སྨྲ་བའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ངག་མི་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནང་པ་སངས་རྒྱས་པ་ཡིན་ན། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། དེ་དེ་ལྟར་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེ་བཞི་པོ་གང་རུང་ཡིན་ན། གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དངོས་སྨྲ་བ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས། ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་ན་ཡང་དེ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཡིན་ན། དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དངོས་སྨྲ་བ་དེས་དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་དངོས་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གཉིས་པ་གྲུབ་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་གང་ཟག་ཡིན་ན། དངོས་པོ་བདེན་མེད་དུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་དངོས་པོ་བདེན་མེད་དུ་སྨྲ་བའི་རྒྱུ་མཚན་གྱིས། དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པར་ཐལ། བྱེ་བྲག་སྨྲ་བ་ཡིན་ན་ཡང་དེ་ཡིན་པས་ཁྱབ། མདོ་སྡེ་པ་ཡིན་ན་ཡང་དེ་ཡིན་པས་ཁྱབ། སེམས་ཙམ་པ་ཡིན་ན་ཡང་དེ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། བྱེ་བྲག་སྨྲ་བ་ཡིན་ན་དུས་གསུམ་རྫས་གྲུབ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་དུས་གསུམ་རྫས་གྲུབ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གཉིས་པ་གྲུབ་སྟེ། མདོ་སྡེ་པ་ཡིན་ན། མདོའི་རྗེས་སུ་འབྲང་བའི་རང་གི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེས་མདོའི་རྗེས་སུ་འབྲངས་ནས་རང་གི་གྲུབ་མཐའ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་མདོ་སྡེ་པ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གསུམ་པ་གྲུབ་སྟེ། སེམས་ཙམ་པ་ཡིན་ན། གཟུགས་སོགས་རང་འཛིན་སེམས་ཀྱི་བདག་ཉིད་དུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་གཟུགས་སོགས་རང་འཛིན་སེམས་ཀྱི་བདག་ཉིད་དུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་སེམས་ཙམ་པ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། ཉན་ཐོས་ཡིན་ན། གང་ཟག་ལ་ཆོས་ཉན་ནས་གཞན་ལ་ཐོས་པར་བྱེད་པའི་གང་ཟག་ཡིན་དགོས་པར་ཐལ། བྱེ་བྲག་སྨྲ་བ་ཡིན་ན། དུས་གསུམ་རྫས་གྲུབ་ཏུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་མེད་པའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། འདོད་པའི་རྟེན་ཅན་ཡིན་དགོས་པར་ཐལ། དེ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཡིན་ན། མི་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པ་ཡིན་པའི་ཕྱིར། སྐབས་འདིར་སེམས་ཙམ་པའི་རྗེས་སུ་འབྲང་རིགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྒྱལ་བ་རྡོ་རྗེ་འཆང་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། ངག་སྨྲ་བ་པོའི་གང་ཟག་ཡིན་དགོས་པར་ཐལ། དེ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་བྱང་སེམས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སེམས་ཅན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གཉིས་ཀྱི་ནང་ནས། དཀོན་མཆོག་གསུམ་ཁོ་ན་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པ་སངས་རྒྱས་པའི་མཚན་ཉིད་ཟེར་ན། གཟུགས་མེད་ཀྱི་ཉན་ཐོས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། ངག་མི་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སངས་འཕགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སངས་འཕགས་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཐལ་ལོ། །འདོད་ན། སངས་འཕགས་ཀྱི་སྐྱབས་གནས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། སངས་འཕགས་ཁོ་རང་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རང་སྡེ་གནས་མ་བུ་པའི་སྡེ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། རང་སྡེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་ཁས་ལེན་པའི་གང་ཟག་དུ་ཐལ་ལོ། །འདོད་མི་ནུས་ཏེ། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་ཁས་ལེན་པའི་དེ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་ཁས་ལེན་པའི་རང་སྡེ་ཡོད་པའི་ཕྱིར། འཇུག་པའི་ཊཱིཀ་་ཆེན་ལས། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཡོད་མེད་ཞུས་པའི་ལན་དུ་ཁུར་ཁུར་བ་པོའི་གང་ཟག་ཙམ་ཞིག་ཡོད་པར་གསུངས། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁོ་ན་རེ། རང་སྡེ་གནས་མ་བུ་པའི་སྡེ་པ་དེས་གང་ཟག་གི་བདག་ཡོད་པར་ཁས་ལེན་པར་ཐལ། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་རང་སྡེ་ཡོད་པའི་ཕྱིར། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་རང་སྡེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྙིང་པོ་རྒྱན་ལས། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་རང་སྡེ་དང་གཞན་སྡེ་ཁ་ཅིག་གི་དོན་དུ། གང་ཟག་གི་བདག་ཡོད་པར་གསུངས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ཁོ་རང་ལ་རང་སྡེ་གནས་མ་བུ་པའི་སྡེ་པས་གང་ཟག་གི་བདག་མེད་ཁས་ལེན་པར་ཐལ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཁས་ལེན་པའི་ཕྱིར། དེས་གང་ཟག་གི་བདག་འཛིན་སྤངས་པའི་དགྲ་བཅོམ་པ་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། དེས་འཇིག་ལྟའི་ཞེན་ཡུལ་དུ་གྱུར་པའི་གང་ཟག་གི་བདག་ཁས་ལེན་པར་ཐལ། དེས་གང་ཟག་གི་བདག་ཁས་ལེན་པའི་ཕྱིར། འདོད་ན། དེས་འཇིག་ལྟའི་ཞེན་ཡུལ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་འཇིག་ལྟ་ལོག་ཤེས་སུ་ཁས་མི་ལེན་པར་ཐལ་ལོ། །འོ་ན། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་གང་ཞེ་ན། དགོངས་འགྲེལ་ལས། དགེ་སློང་དག་ཁུར་ཡོད། ཁུ་འཁུར་བ་པོ་ཡོད། ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་པོ་ནི་གང་ཟག་གོ །ཞེས་གསུངས་པའི་ཕྱིར། གཞན་ཡང་། མདོ་འདི་བདག་ཡོད་པར་སྟོན་པའི་མདོ་ཡིན་ཏེ། འདིས་གང་ཟག་དང་གང་ཟག་གི་ཕུང་པོ་ལྔ་དོན་གཞན་དུ་སྟོན་པའི་ཕྱིར་ཏེ། འདིས་གང་ཟག་གི་ཕུང་པོ་ལྔ་གང་ཟག་གི་ཁུར་དང་། གང་ཟག་དེ་ལྔ་ཁུར་བ་པོར་བསྟན་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྨྲ་བ་ཡིན་ན། དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། བྱེ་བྲག་སྨྲ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་ན། དེ་ཆོས་ཅན། གཞི་གྲུབ་ན་བདེན་གྲུབ་ཡིན་པས་ཁྱབ་པ་ཁས་ལེན་པའི་དེར་ཐལ། འདོད་པ་གང་ཞིག །གཞི་གྲུབ་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པའི་དེ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཞི་གྲུབ་ན། དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དེས་ནམ་མཁའ་དངོས་པོར་ཁས་ལེན་པའི་ཕྱིར། དེས་དེ་དོན་བྱེད་ནུས་པར་ཁས་ལེན་པའི་ཕྱིར། དེས་དེ་རླུང་རྟེན་པའི་དོན་བྱེད་ནུས་པར་ཁས་ལེན་པའི་ཕྱིར། རྩ་བར་འདོད་ན། དེས་ཀུན་རྫོབ་བདེན་པ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་བདེན་གཉིས་ཀྱི་རྣམ་གཞག་ཁས་མི་ལེན་པར་ཐལ་ལོ། །འདོད་མི་ནུས་ཏེ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པའི་གཞུང་འདི་བྱེ་བྲག་སྨྲ་བའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྨྲ་བ་ཡིན་ན། དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། གཉིད་མཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པ་ཡིན་པའི་ཕྱིར་། འདོད་ན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གཉིད་འཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་དེ་ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ། དེ་ཡང་ཡིན། ངག་སྨྲ་བ་པོའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་ཡང་ཡིན། ཉིན་མོ་ངག་སྨྲ་བ་པོའི་སེམས་ཙམ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་གཅིག་ཡོད་པའི་ཕྱིར་ཏེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཚན་མོ་གཉིད་འཐུག་པོ་ལོག་པ་ཅིག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ་མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་ཚུར་མཐོང་ལྷས་སྦྱིན་ཉིན་མོ་ངག་སྨྲ་བ་པོའི་གང་ཟག་ཡིན་པར་ཐལ། མཚན་མོ་གཉིད་ལོག་བཞིན་པའི་གང་ཟག་ཀྱང་ཡིན། ཉིན་མོ་ངག་སྨྲ་བ་པོའི་ཚུར་མཐོང་ལྷས་སྦྱིན་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མཚན་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་དེ། ཉིན་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔ་དྲོའི་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་དེ་ཕྱི་དྲོའི་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔ་དྲོའི་དུས་ཀྱི་དངོས་པོ་དེ་ཕྱི་དྲོའི་དུས་ཀྱི་དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་དེ་ཕྱི་མ་དེའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་འདྲའི་དངོས་པོ་སྐད་ཅིག་གིས་སྐྱེ་འགག་བྱེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་གང་ཟག་ཀྱང་ཡིན། ཉིན་མོ་ངག་སྨྲ་བ་པོའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། སྔ་དྲོའི་དུས་སུ་ཟས་ལ་ལོངས་སྤྱོད་པའི་གང་ཟག་ཀྱང་ཡིན། ཕྱི་དྲོའི་དུས་སུ་ཟས་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་དགེ་སློང་རྣམ་དག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཁ་ཟས་རགས་པ་ལ་ལོངས་སྤྱོད་ཅིང་ལུས་ངག་ཡིད་གསུམ་གྱི་ཉེས་བྱས་ཐམས་ཅད་སྡོམ་པར་བྱེད་པའི་དགེ་སློང་རྣམ་དག་དེ་དེ་ཡིན་པའི་ཕྱིར་ཏེ། དེ་སྔ་དྲོ་ཟས་ལ་ལོངས་སྤྱོད་པ་གང་ཞིག །ཕྱི་དྲོ་ཟས་སྤངས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ཁ་ཟས་རགས་པ་ལ་ལོངས་སྤྱོད་པ་གང་ཞིག །ཕྱི་དྲོའི་དུས་དང་མཚན་མོའི་དུས་སུ་ཟས་ལ་ལོངས་སྤྱོད་པ་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལུས་ངག་ཡིད་གསུམ་གྱི་ཉེས་བྱས་ཐམས་ཅད་སྡོམ་པར་བྱེད་པའི་དགེ་སློང་རྣམ་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་སྨྲ་བ་ཡིན་ན། ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། ངག་སྨྲ་བརྗོད་མི་བྱེད་པའི་དོན་སྨྲ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། རང་རིག་མེད་པར་ཁས་ལེན་ཅིང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད་ཟེར་ན། རང་རིག་ཆོས་ཅན། ཚད་མས་མ་དམིགས་པར་ཐལ། མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་རིག་ཁས་མི་ལེན་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚད་མས་དམིགས་པ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། གཉིད་འཐུག་པོ་ལོག་བཞིན་པའི་བྱེ་བྲག་སྨྲ་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་ན་རེ། རང་རིག་ཁས་མི་ལེན་ཅིང་ཕྱི་དོན་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། འདོད་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་རིག་དང་སྤྱི་མཚན་གཉིས་ཀ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། འདོད་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག །དེ་མི་འཐད་པར་ཐལ། ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པའི་ཕྱིར། ཕྱི་དོན་ཁས་ལེན་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡོད། རང་རིག་ཁས་ལེན་པའི་རང་རྒྱུད་པ་ཡང་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་རང་རྒྱུད་པ་མེད་པར་ཐལ། དེ་འདྲའི་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཡང་མེད། དེ་འདྲའི་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཡིན་ན། རང་རིག་ཁས་ལེན་པའི་གང་ཟག་མ་ཡིན་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣལ་འབྱོར་སྤྱོད་པའི་དེ་ཡིན་ན། ཕྱི་དོན་ཁས་ལེན་པའི་གང་ཟག་མ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་ལེན་ཟེར་ན། འོ་ན། དེས་དེ་གཟུགས་སོགས་དོན་ལྔ་གང་རུང་དུ་ཁས་ལེན་པར་ཐལ། དམ་བཅའ་འཐད་པ་གང་ཞིག །ཕྱི་དོན་ཞེས་པའི་དོན་དེ་གཟུགས་སོགས་དོན་ལྔ་པོ་གང་རུང་ལ་བྱེད་པའི་ཕྱིར། འདོད་ན། དེས་དེ་ཕྱིའི་སྐྱེ་མཆེད་དུ་ཁས་ལེན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། དེས་དེ་ཤེས་པའི་བདག་ཉིད་དུ་ཁས་མི་ལེན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེས་གཟུགས་ཤེས་པའི་བདག་ཉིད་དུ་ཁས་ལེན་པར་ཐལ། མ་གྲུབ་པ་དེའི་ཕྱིར། གཞན་ཡང་། ཁོ་ན་རེ། སེམས་ཙམ་པ་དེས་ཕྱིའི་སྐྱེ་མཆེད་ཡིན་ན་ཕྱི་རོལ་གྱི་དོན་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ། མདོ་སྡེ་པས་ཕྱི་རོལ་གྱི་དོན་ཡིན་ན། ཕྱིའི་སྐྱེ་མཆེད་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་མི་ལེན་པའི་ཕྱིར། འདོད་ན། ཕྱིའི་སྐྱེ་མཆེད་ཡིན་ན། ཕྱི་རོལ་གྱི་དོན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཕྱིའི་གཟུགས་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། རང་ལུགས་ལ་ཕྱི་དོན་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། འདོད་ན། དེ་འདྲ་བའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེས། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་ཁས་ལེན་པར་ཐལ། དེས་ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཁས་ལེན་པའི་ཕྱིར། དེས་དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ལུགས་ལ་ཕྱི་དོན་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། རང་གིས་ཁས་བླངས་པའི་ཆོས་རང་གིས་ཁས་བླངས་པའི་ཆོས་ཡིན་པས་ཁྱབ་ཟེར་ན། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་བླངས་པའི་ཆོས་ཆོས་ཅན། དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་བླངས་པར་ཐལ། དེས་ཁས་བླངས་པའི་ཆོས་ཡིན་པའི་ཕྱིར། འདོད་ན། དེ་དང་ཡོད་མཚུངས་སུ་གྱུར་པའི་དེ་འདྲའི་གྲུབ་མཐའ་སྨྲ་བའི་གང་ཟག་དེས། དེ་འདྲའི་གྲུབ་མཐའ་སྨྲ་བའི་གང་ཟག་ཁས་ལེན་པར་ཐལ། དེས་དེ་འདྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་ལེན་པའི་ཆོས་ཁས་ལེན་པའི་ཕྱིར། འདོད་ན། དེས་ཕྱི་དོན་མེད་པར་རྟོགས་པའི་ཚད་མ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མི་རྟག་པས་ཁྱད་པར་དུ་བྱས་པའི་གྲངས་ཅན་དེས། མི་རྟག་པ་ཁས་ལེན་པར་ཐལ། དེས་དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་ཁས་ལེན་པའི་ཕྱིར། དེས་དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་གྱིས་སྨྲས་པའི་དམ་བཅའ་ཁས་ལེན་པའི་ཕྱིར། ཁྱབ་པ་རིམ་བཞིན་ཁས་ཟེར། མ་གྲུབ་ན། དེས་སྨྲ་བའི་དམ་བཅའ་ཆོས་ཅན། དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་གྱིས་ཁས་ལེན་པར་ཐལ། དེ་འདྲ་བའི་གྲངས་ཅན་གྱིས་སྨྲས་པའི་དམ་བཅའ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲ་བའི་གྲངས་ཅན་ཆོས་ཅན། ཁྱོད་ཀྱིས་སྨྲ་བའི་དམ་བཅའ་དེ། ཁྱོད་ཀྱིས་སྨྲ་བའི་དམ་བཅའ་ཡིན་པར་ཐལ། ཁྱོད་དམ་བཅའ་སྨྲ་བ་པོའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད་ཟེར་ན། གཟུགས་མེད་རྟེན་ཅན་གྱི་སེམས་ཙམ་པ་ཆོས་ཅན། རང་རིག་ཁས་ལེན་པའི་གང་ཟག་ཏུ་ཐལ། སེམས་ཙམ་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲ་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་སེམས་ཙམ་པའི་ལྟ་བ་རྟོགས་པའི་དེ་འདྲའི་གང་ཟག་ཡོད་པའི་ཕྱིར་ཏེ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པར་རྟོགས་པའི་དེ་འདྲའི་གང་ཟག་ཡོད་པའི་ཕྱིར། རྩ་བར་འདོད་ན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །གཞན་ཡང་། གཟུགས་མེད་རྟེན་ཅན་གྱི་སེམས་ཙམ་པ་ཡོད་པར་ཐལ། དེའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་དེ་སེམས་ཙམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། དབུ་མ་པ་ཡིན་པའི་ཕྱིར་ཏེ། འཕགས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཙམ་པ་ཡིན་ན། གཞི་གང་གི་སྟེང་དུ་ཕྱི་དོན་མེད་པར་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། མེད་པར་ཐལ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་དུ་སོང་བའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། དེ་འདྲ་བའི་སེམས་ཙམ་པ་ཡོད་པའི་ཕྱིར། དེ་འདྲ་བའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པ་གང་ཞིག །དེ་འདྲ་བའི་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་མེད་པའི་ཕྱིར་ཏེ། ཕྱི་རོལ་གྱི་དོན་ཡིན་ན་མེད་པས་ཁྱབ་པ་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། ཕྱི་དོན་མེད་པར་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གཞི་གཟུགས་ཀྱི་སྟེང་དུ་ཕྱི་དོན་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། གཟུགས་ཕྱི་དོན་དུ་ཁས་ལེན་པའི་སེམས་ཙམ་པ་མེད་པར་ཐལ། སེམས་ཙམ་པ་ཡིན་ན་གཞི་གང་གི་སྟེང་དུ་ཕྱི་དོན་མེད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་ཁས་ལེན་པའི་སེམས་ཙམ་པ་ཡོད་པའི་ཕྱིར། གཟུགས་དང་གཟུགས་འཛིན་ཚད་མ་ཆོས་ཅན། ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། རྫས་གཞན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ནི་ཡོད། དེ་དེར་སོང་བའི་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཟུགས་དང་གཟུགས་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་ངེས་པའི་དེ་རྣམས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་ཆོས་ཅན། མེད་པར་ཐལ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། ཕྱི་དོན་ཁས་ལེན་པའི་གང་ཟག་ཏུ་ཐལ། གཟུགས་ཕྱི་རོལ་དོན་དུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སེམས་ཙམ་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། གང་ཟག་གི་བདག་ཚད་མས་དམིགས་པ་ཡིན་པར་ཐལ། གང་ཟག་གི་བདག་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཆོས་ཅན། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པར་ཐལ། ཉེར་ལེན་གྱི་ཕུང་པོའི་སྟེང་དུ་གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་ཡོད་དུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཡིན་ན། གང་ཟག་གི་བདག་མེད་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་དེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་པ་གང་ཞིག །རང་རིག་ཁས་ལེན་པའི་གང་ཟག་དང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེས་ཕྱི་དོན་ཁས་མི་ལེན་པར་ཐལ། འགྲེལ་བ་དོན་གསལ་ལས། སྔོན་པོ་དང་དེ་ཡི་བློ་དག་ལྷན་ཅིག་ཏུ་དམིགས་པ་ངེས་པའི་ཕྱིར་འདི་ནི་སེམས་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་གསུངས། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་རྫུན་པའི་མཚན་ཉིད། དེ་མ་འཁྲུལ་པའི་ཤེས་པར་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད་ཟེར་ན། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་ཅིང་། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་སེམས་ཙམ་པ་ཅིག་ཡོད་པར་ཐལ། དེའི་རྒྱུད་ཀྱི་དེ་འཁྲུལ་ཤེས་སུ་ཚད་མས་ངེས་ནས། དེའི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་དེ་འཁྲུལ་ཤེས་སུ་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། སེམས་ཙམ་རྣམ་རྫུན་པ་ཡིན་ན། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། དེ་ཡིན་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དམ་བཅའ་དང་པོ་འཐད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་ཅིང་། ཞེས་སོགས་ཀྱི་སེམས་ཙམ་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེའི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཆོས་ཅན། དེའི་རྒྱུད་ཀྱི་དབང་ཤེས་མ་ཡིན་པར་ཐལ། མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲའི་སེམས་ཙམ་པ་ཡོད་པའི་ཕྱིར། དེའི་རྒྱུད་ཀྱི་དབང་ཤེས་ཀྱི་རྟགས་ཀྱིས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་མ་འཁྲུལ་བའི་ཤེས་པ་མ་ཡིན་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཏུ་གྱུར་པའི་སེམས་ཙམ་པ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་དབང་ཤེས་ཡིན་ན། མ་འཁྲུལ་བའི་ཤེས་པ་མ་ཡིན་པའི་ཁྱབ་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སེམས་ཙམ་རྣམ་བདེན་པ་དེས་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་པའི་རིག་པར་ཁས་ལེན་པར་ཐལ། དེས་དེ་མ་འཁྲུལ་བའི་རིག་པར་ཁས་ལེན་པའི་ཕྱིར། འདོད་ན། དེས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་སྣང་བ་སྣང་བ་ལྟར་གྲུབ་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཁས་ལེན་པར་ཐལ། འདོད་པ་གང་ཞིག །དེས་དེ་འདྲ་བའི་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བར་ཁས་ལེན་པའི་ཕྱིར། འདོད་ན། དེས་གཟུགས་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་གཟུགས་རགས་པར་ཁས་བླངས། དེས་གཟུགས་ཕྱི་རོལ་དོན་མ་ཡིན་པར་ཁས་བླངས་པ་ལ། འཐད་ལྡན་ལས། ལུས་ཅན་ཞེས་བྱ་བ་ནི་རྭ་ཟེ་ངེ་བ་མེད་དོ། །ཞེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་སྣང་བའི་རྣམ་པ་དངོས་པོ་མ་ཡིན་པར་ཁས་ལེན་པའི་སེམས་ཙམ་པ་དེ། དེའི་མཚན་ཉིད་དང་། དེ་དང་དངོས་པོར་ཁས་ལེན་པའི་སེམས་ཙམ་པ་དེ་གཉིས་པའི་མཚན་ཉིད་ཟེར་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་སྣང་བའི་རྣམ་པ་དངོས་པོ་མ་ཡིན་པར་ཐལ། དང་པོ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཡིན་པ་གང་ཞིག །དེ་འདྲའི་རྣམ་པ་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲ་བའི་རྣམ་པ་དེ་དངོས་པོ་མ་ཡིན་པར་ཐལ། དེ་དངོས་མེད་ཡིན་པའི་ཕྱིར། དེ་དངོས་མེད་དུ་སེམས་ཙམ་རྣམ་རྫུན་པས་ཁས་ལེན་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། སྔོན་པོ་ལ་སོགས་པའི་རྣམ་པ་དངོས་པོར་མེད་པ་རྣམ་རྫུན་པ་ལྟར་འདོད་པའི་དབུ་མ་པ་ནི་སློབ་དཔོན་ལྭ་བ་པས་བཀྲལ་བ་ལྟར་ཡིན་ནོ། །ཞེས་པཎྚི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་བཤད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དངོས་མེད་ཡིན་པ་ལུང་དེའི་དོན་ཡིན་ནོ། །ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་བདེན་གྲུབ་ཏུ་ཁས་ལེན་པའི་སེམས་ཙམ་པ་དེ་སེམས་ཙམ་རྣམ་བདེན་པའི་མཚན་ཉིད། དེ་འདྲ་བ་དེ་བདེན་མེད་དུ་ཁས་ལེན་པའི་སེམས་ཙམ་པ་དེ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་བདེན་པར་མ་གྲུབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པའི་ཕྱིར། འཐད་ལྡན་ལས། རགས་པར་སྣང་བ་ལ་ཡང་རྣམ་པར་རྟོག་པས་འཁྲུལ་བ་རིག་པ་ཉིད་མ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་རགས་པར་སྣང་བའི་གཟུགས་དེ་རྟོག་པས་སྒྲོ་བཏགས་མ་ཡིན་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། དེའི་རྒྱུད་ཀྱི་དེ་ལ་གཟུགས་རགས་པར་སྣང་བ་དེ་རྟོག་པས་སྒྲོ་བཏགས་ཡིན་པར་ཐལ། དེ་ལ་སྣང་བ་དེ་ཡང་དེ་ཡིན། དེའི་ཡུལ་དེ་ཡང་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རགས་པ་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། དེ་ཁས་མི་ལེན་པའི་སེམས་ཙམ་པ་དེ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རགས་པ་མེད་པར་ཐལ། རྣམ་རྫུན་པས་དེ་ཁས་མི་ལེན་པའི་ཕྱིར། འདོད་མི་ནུས་ཏེ། རྡེའུ་རགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྡེའུ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དེ་ལ་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར། གཞན་ཡང་ཁོ་ན་རེ། རགས་པ་ཡོད་པར་ཐལ། རྣམ་ཤེས་རགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་རྣམ་པར་ཤེས་པ་དེ་རྣམ་ཤེས་རགས་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། གཟུགས་མེད་ན་རགས་པ་ཡོད་པར་ཐལ། དེ་ན་རྣམ་ཤེས་རགས་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། འགོག་སྙོམས་རྒྱུད་ལྡན་གྱི་གཟུགས་མེད་པའི་གང་ཟག་གི་རྒྱུད་ཀྱི་འགོག་སྙོམས་དེའི་དགག་བྱར་གྱུར་པའི་རྣམ་ཤེས་རགས་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་འགོག་སྙོམས་དེའི་ཚེ་ཁོ་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་རྣམ་ཤེས་རགས་པ་དེ་འགོག་པའི་རྒྱུ་མཚན་གྱིས་དེ་ལ་སེམས་མེད་སྙོམས་འཇུག་ཅེས་བརྗོད་པའི་ཕྱིར། གཞན་ཡང་། བེམ་པོ་ཡོད་པར་ཐལ། རགས་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་ཀྱི་ས་ན་བེམ་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ས་ན་བེམ་ཆོས་ཀྱིས་བསྡུས་པའི་ལུས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྙིང་པོ་རྒྱན་ལས། སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདགས་གཞིར་བྱས་ནས་གཟུགས་སྐུ་རྣམ་པར་བཞག་པ་ཡིན་གྱི། བེམ་པོས་བསྡུས་པའི་རྡུལ་ཕྲ་རགས་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རྡུལ་ཕྲ་རགས་ཡོད་པར་ཐལ། བེམ་པོ་ཡོད་པའི་ཕྱིར། འདོད་ན། གཟུགས་ཀྱི་རྡུལ་ཕྲ་རགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཀྱི་རྡུལ་ཕྲ་རགས་སྣང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རང་ལས་འབྲེལ་མེད་རགས་པའི་ངོ་བོ་གཅིག་ཏུ་སྣང་བའི་ཕྱིར་ཏེ། བདེན་རྫུན་ཅན་དེ་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་རགས་པ་ཡིན་པར་ཐལ། རགས་པ་ཡོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། རྣམ་ཤེས་རགས་པ་རགས་པ་ཡིན་པར་ཐལ། རགས་པ་ཡོད་པའི་ཕྱིར། འདོད་ན། རྣམ་ཤེས་རགས་པ་ཆོས་ཅན། རགས་པ་མ་ཡིན་པར་ཐལ། རང་འཛིན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞི་གྲུབ་ན། ཤེས་པའི་བདག་ཉིད་ཡིན་དགོས་པར་ཐལ། བེམ་པོ་དང་རགས་པ་མེད་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་འཛིན་ཤེས་པའི་བདག་ཉིད་ཡིན་ན། ཤེས་པའི་བདག་ཉིད་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་པའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། ཐལ་ཕྱིར། འདོད་ན། ཤེས་པ་དང་བདག་ཉིད་གཅིག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་སྒྲ་ལ་སོགས་པ་ཤེས་པ་ཡིན་ནོ་ཟེར་ན། འོ་ན། མཆོག་གི་སྤྲུལ་སྐུའི་གཟུགས་དེ་ཤེས་པར་ཐལ། གཟུགས་ལ་དེའི་ཕྱིར། འདོད་ན། དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །འདོད་ན། དེ་མངོན་སུམ་དུ་རྟོགས་པའི་སོ་སོ་སྐྱེ་བོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆོག་གི་སྤྲུལ་སྐུ་མངོན་སུམ་དུ་རྟོགས་པའི་སོ་སོ་སྐྱེ་བོ་ཡོད་པའི་ཕྱིར། གཞན་ཡང་། མཆོག་གི་སྤྲུལ་སྐུས་སྨྲས་པའི་ངག་དེ་ཤེས་པ་ཡིན་པར་ཐལ། སྒྲ་ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེལ་འཇུག་ཡིན་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁོ་ན་རེ། གཟུགས་སྒྲ་ལ་སོགས་པ་མེད་པ་ཡིན་ནོ་ཟེར་ན། ས་བཅུ་པའི་མདོ་ལས། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་མི་འཐད་པར་ཐལ། སེམས་ཙམ་མོ་ཞེས་པའི་སྒྲ་འདིས་ཕྱི་དོན་འགོག་པ་མ་ཡིན་པའི་ཕྱིར་ཏེ། ཙམ་སྒྲ་མེད་པའི་ཕྱིར་ཏེ། སྒྲ་མེད་པའི་ཕྱིར། གཞན་ཡང་། གཟུགས་ཡོད་པར་ཐལ། མིང་གཟུགས་ཡོད་པའི་ཕྱིར། མིང་གཟུགས་ཀྱི་རྟེན་འབྲེལ་ཡོད་པའི་ཕྱིར་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར། གཞན་ཡང་། གཟུགས་ཡོད་པར་ཐལ། ཕྱིའི་གཟུགས་ཡོད་པའི་ཕྱིར་ཏེ། ཕྱིའི་སྐྱེ་མཆེད་ཡོད་པའི་ཕྱིར། ཕྱིའི་སྟོང་ཉིད་ཡོད་པའི་ཕྱིར། སྟོང་ཉིད་ཉི་ཤུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པའི་གཟུགས་དེ་ཕྱིའི་གཟུགས་ཡིན་པར་ཐལ། ཕྱིའི་གཟུགས་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྱི་རོལ་གྱི་གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕྱི་རོལ་གྱི་དོན་ཡིན་པར་ཐལ་ལོ། །གཞན་ཡང་། ཁོ་ན་རེ། གཟུགས་ཀྱི་ཆུང་མཐའ་ཡོད་པར་ཐལ། གཟུགས་ཡོད་པའི་ཕྱིར། འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་ཡོད་པར་ཐལ་ལོ། །འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་གཉིས་པོ་དེ་ཕན་ཚུན་རེག་པ་ཡིན་པར་ཐལ། དེ་གཉིས་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཡིན་པའི་ཕྱིར། དེ་གཉིས་ཡོད་པ་གང་ཞིག །གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཅན་ཡོད་པའི་ཕྱིར་ཏེ། བུམ་པའི་གཟུགས་དེ་དེ་ཡིན་པའི་ཕྱིར། བུམ་པ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་གཉིས་པོ་དེ་ཕན་ཚུན་གཉིས་ཀ་ནས་རེག་པ་ཡིན་པར་ཐལ། འདོད་པ་གང་ཞིག །དེ་གཉིས་བདག་ཉིད་ཐམས་ཅད་དུ་རེག་པ་མ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆ་བཅས་ཀྱི་གཟུགས་ཡིན་པར་ཐལ་ལོ། །འདོད་ན། དེ་གཉིས་གཟུགས་ཀྱི་ཆུང་མཐའ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ན་རེ་ཞིག་འདིར་མ་ཁྱབ། ཁ་ཅིག་ན་རེ། ཐོག་བཅས་ཀྱི་གཟུགས་དང་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་མེད་དེ། གཟུགས་ཡིན་ན། རང་འཛིན་ཤེས་པའི་བདག་ཉིད་ཡིན་དགོས་པའི་ཕྱིར། གལ་ཏེ་དེ་གཉིས་ཡོད་ན་རྨི་ལམ་གྱི་གླང་པོའི་གཟུགས་དེ་དེ་གཉིས་གང་རུང་ཡིན་པར་ཐལ། དེ་གཟུགས་གང་ཞིག །དེ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་གླང་པོའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་གླང་པོ་ཡོད་པའི་ཕྱིར། སྒྱུ་མའི་རྟ་གླང་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲའི་གླང་པོའི་གཟུགས་དེ་ཁོ་རང་དམིགས་པ་པོའི་གང་ཟག་གིས་དངོས་སུ་རྟོགས་ཀྱང་། དེ་ཡུལ་གཅིག་ཏུ་གནས་པའི་གང་ཟག་གཞན་གྱིས་དངོས་སུ་མ་རྟོགས་པའི་ཕྱིར་ཟེར་ན། ཁོ་རང་ལ་བུམ་པ་དང་རི་བོ་གཉིས་ཐོགས་མེད་ཀྱི་གཟུགས་ཡིན་པར་ཐལ། དེ་གཉིས་གཟུགས་ཡིན་པ་གང་ཞིག །ཐོགས་བཅས་ཀྱི་གཟུགས་མ་ཡིན་པའི་ཕྱིར། ཕྱི་མ་ཁས། འདོད་ན། དེ་གཉིས་གོ་ས་འདྲེས་པར་གནས་པའི་གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཉི་ཤུ་པའི་འགྲེལ་པར། ཐོགས་པ་མེད་པས་ན་ཐམས་ཅད་གོ་ས་གཅིག་པར་འགྱུར་བས། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པའི་གོ་སར་རི་གཅིག་གནས་པ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། བདེན་པར་གྲུབ་པ་རྡུལ་ཙམ་ཡང་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སེམས་ཙམ་པས་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ཕྱིར་ཏེ། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པའི་ཕྱིར། མ་གྲུབ་ན། རྡུལ་ཙམ་ཡང་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རྡུལ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། དངོས་པོ་བདེན་མེད་དུ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད་ཟེར་ན། དངོས་པོ་ཆོས་ཅན། འདུས་བྱས་མ་ཡིན་པར་ཐལ། བདེན་པར་མ་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག་ན་རེ། ངོ་བོ་ཉིད་མེད་པར་སྨྲ་བ་དང་། དབུ་མ་པ་གཉིས་དོན་གཅིག་ཡིན་པར་མི་འཐད་དེ། སེམས་ཙམ་པ་དབུ་མ་པ་ཡིན་པའི་ཕྱིར། གཉིས་སྟོང་གི་ལྟ་བ་དབུ་མ་པའི་ལྟ་བ་ཡིན་པའི་ཕྱིར་ཏེ། དེ་དབུ་མའི་ལྟ་བ་ཡིན་པའི་ཕྱིར། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲ་བའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་ཀྱང་། དེ་དབུ་མ་པའི་ལྟ་བ་མིན་ནོ་ཞེ་ན། འོ་ན། དངོས་པོ་བདེན་མེད་དུ་ལྟ་བའི་ལྟ་བ་དེ། དབུ་མ་པའི་ལྟ་བ་ཡིན་པར་ཐལ། ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས་དབུ་མ་པ་་ཡིན་པའི་ཕྱིར། འདོད་ན། དེ་འདྲ་བའི་ལྟ་བ་ཆོས་ཅན། དབུ་མ་པའི་ལྟ་བ་མ་ཡིན་པར་ཐལ། ཆད་ལྟ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་བདེན་མེད་དུ་ལྟ་བའི་ལྟ་བ་དེ་དེ་ཡིན་པར་ཐལ། ཁྱོད་བདེན་གྲུབ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པར་ལྟ་བའི་ལྟ་བ་ཆོས་ཅན། ཁྱོད་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་དབུ་མའི་བསྟན་བཅོས་ཤིག་ཡོད་པར་ཐལ། ཁྱོད་དབུ་མའི་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། དབུ་མ་ཡིན་པའི་ཕྱིར་ཏེ། དེ་གཞི་དབུ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་གཞི་དབུ་མ་ཡིན་པར་ཐལ། ཁྱོད་སྟོང་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། བསྟན་བཅོས་རྣམ་འགྲེལ་དེ་དེ་ཡིན་པར་ཐལ་ལོ། །འདོད་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་དབུ་མ་པའི་རིགས་ཅན་ཡོད་པར་ཐལ་ལོ། །འདོད་ན། དབུ་མ་པའི་རིགས་ཅན་དང་། སེམས་ཙམ་པའི་རིགས་ཅན་མི་འགལ་བར་ཐལ་ལོ། །འདོད་ན། དབུ་མ་པ་དང་སེམས་ཙམ་པ་མི་འགལ་བར་ཐལ་ལོ། །གཞན་ཡང་། དབུ་མ་པ་དང་སེམས་ཙམ་པ་མི་འགལ་བར་ཐལ། དབུ་མ་པའི་བསྟན་བཅོས་དང་སེམས་ཙམ་པའི་བསྟན་བཅོས་མི་འགལ་བའི་ཕྱིར། སེམས་ཙམ་པའི་བཀའ་དང་དབུ་མ་པའི་བཀའ་མི་འགལ་བའི་ཕྱིར། དོན་དམ་ཡང་དག་འཕགས་ཀྱིས་ཞུས་པའི་ལེའུ་དེ། དང་པོ་དེ་ཡང་ཡིན། ཕྱི་མ་དེ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དགོངས་པ་སེམས་ཙམ་དུ་གནས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་དང་། ཞི་བ་འཚོ་ཡབ་སྲས་ཀྱིས་དེ་དབུ་མའི་བཀར་ཁས་ལེན་པའི་ཕྱིར། གཞན་ཡང་། སེམས་ཙམ་པའི་བཀའ་དང་། དབུ་མ་པའི་དེ་གཉིས་མི་འགལ་བར་ཐལ། འཁོར་ལོ་བར་པ་དེ་དབུ་མའི་བཀའ་ཡང་ཡིན། སེམས་ཙམ་པའི་བཀའ་ཡང་ཡིན་པའི་ཕྱིར་ཏེ། དེའི་བཀའ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། འཁོར་ལོ་བར་པའི་དགོངས་པ་སེམས་ཙམ་དུ་གནས་པའི་ཕྱིར་ཏེ། འཁོར་ལོ་ཐ་མའི་དགོངས་པ་དེ་ལྟར་གནས་པ་གང་ཞིག །འཁོ་ལོ་བར་ཐ་གཉིས་དགོངས་པ་གཅིག་པའི་ཕྱིར། ཕྱི་མ་གྲུབ་སྟེ། དྲང་ངེས་རྣམ་འབྱེད་ལས། འཁོར་ལོ་བར་ཐ་གཉིས་ཀྱི་དགོངས་པ་ནི་གཅིག་ཡིན་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པ་ཡིན་ན། དབུ་མ་པ་ཡིན་དགོས་པར་ཐལ། ཐལ་འགྱུར་པ་དང་རང་རྒྱུད་པ་རྣམས་དབུ་མ་པ་མ་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་རྣམ་བདེན་པ་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དབུ་མའི་ལྟ་བ་ལ་གནས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། སྟོང་ཉིད་རྟོགས་པའི་ལྟ་བ་ལ་གནས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ། སེམས་ཙམ་པའི་ལྟ་བ་ཡིན་ནོ་ཟེར་ན། སློབ་དཔོན་སེང་གེ་བཟང་པོའི་རྒྱུད་ཀྱི་དེ་འདྲ་བ་དེ་ཡང་། སེམས་ཙམ་པའི་དེར་ཐལ། དམ་བཅའ་འཐད་པ་གང་ཞིག །སློབ་དཔོན་སེང་གེ་བཟང་པོའི་རྒྱུད་ལ་དེ་འདྲ་བའི་ལྟ་བ་ཡོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་འདྲ་བའི་ལྟ་བ་དེ་དངོས་སྨྲ་བའི་ལྟ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་པའི་ལྟ་བ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ། མདོ་སྡེ་པའི་ལྟ་བ་ཡིན་པར་ཐལ། སེམས་ཙམ་པའི་རྒྱུད་ལ་དེ་འདྲ་བའི་ལྟ་བ་ཡོད་པ་གང་ཞིག །གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་མདོ་སྡེ་པའི་ལྟ་བ་ཡིན་པའི་ཕྱིར་ན་མ་ཁྱབ།

རྣམ་བདེན་རྫུན་གྱི་རྩོད་གཞི་ལ་དཔྱད་པ།

༈ ཁ་ཅིག །རྣམ་བདེན་རྫུན་གྱི་རྩོད་པའི་རྩོད་གཞི་ལ། གཞི་གྲུབ་ན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་པོ་གང་རུང་ཡིན་པས་ཁྱབ་ཅིང་། ཀུན་བཏགས་དང་ཤེས་པ་ལ་སོགས་པ། རྣམ་བདེན་རྫུན་གཉིས་རྩོད་པའི་རྩོད་གཞི་མ་ཡིན། གཟུགས་སྒྲ་ལ་སོགས་པ་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་ནོ་ཟེར་ན། རང་མཚན་ཆོས་ཅན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་པོ་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། འདོད་པ་གང་ཞིག །ཀུན་བཏགས་ཀྱང་མ་ཡིན། གཞན་དབང་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྟོང་ཉིད་ཁྱོད་ཡིན་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་་ཡང་ཁྱོད་ཡིན་པར་ཐལ་ལོ། །གཞན་ཡང་། ཀུན་བཏགས་དེ་རྣམ་བདེན་རྫུན་རྩོད་པའི་གཞི་ཡིན་པར་ཐལ། དེ་དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་དང་ཡོད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་ཀུན་བཏགས་དང་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་སུ་ཁས་མི་ལེན་པའི་ཕྱིར། གཞན་ཡང་། ཤེས་པ་དེ་རྣམ་བདེན་རྫུན་རྩོད་པའི་གཞི་ཡིན་ཏེ། ཤེས་པ་དེ་དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་དང་། ཡོད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་དེ་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་སུ་ཁས་མི་ལེན་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། རི་བོང་གི་རྭ་དེ་རྣམ་བདེན་རྫུན་གཉིས་ཀྱི་རྩོད་པའི་གཞི་ཡིན་པར་ཐལ། དེ་དེ་གཉིས་ཚུར་མཐོང་གི་ཞེས་སོགས་ཀྱི་དབང་ཤེས་དང་། མེད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་བདེན་པས་དེ་གཉིས་མེད་མཚུངས་མ་ཡིན་པར་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་མེད་མཚུངས་སུ་ཁས་ལེན་པའི་ཕྱིར། གཞན་ཡང་ཁོ་ན་རེ། གཞི་གྲུབ་ན། རྣམ་བདེན་རྫུན་གཉིས་རྩོད་པའི་རྩོད་གཞི་ཡིན་དགོས་པར་ཐལ། ཀུན་བཏགས་ཤེས་པ་ལ་སོགས་པ་རྣམས། དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་རྣམ་རྫུན་པ་ལ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་སྟེ། དེར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། དེར་བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་དེ་རྩོད་གཞི་ཆོས་ཅན་ཡིན་པར་ཐལ། དེའི་ཚེ་ན་སྒྲ་དེ་རྣམ་བདེན་རྫུན་དུ་རྩོད་པའི་རྩོད་གཞི་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་སྒྲ་རྩོད་གཞི་ཆོས་ཅན་དུ་བྱེད་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ་ཟེར་ན། རང་ལུགས་ལ་འདོད་ཅིང་ཁོ་རང་ལ། དེའི་ཚེ་ན་སྒྲ་དེ་གཉིས་རྩོད་པའི་དེར་ཐལ། དེའི་ཚེ་ན་སྒྲ་དེ་གཉིས་ཚུར་མཐོང་གི་ཞེས་སོགས་ཀྱི་དབང་ཤེས་དང་ཡོད་མཚུངས་ཡིན་མིན་རྩོད་པའི་དེ་ཡིན་པའི་ཕྱིར། རྣམ་བདེན་པས་དེ་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་མ་ཡིན་པར་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། དེ་གཉིས་ལ་གྲགས་པའི་ཀུན་བཏགས་ཡིན་ན། དེ་གཉིས་རྩོད་པའི་རྩོད་གཞི་མ་ཡིན་པས་ཁྱབ་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་ཀས་ཁས་ལེན་པའི་ཀུན་བཏགས་གང་ཞིག །ཀུན་བཏགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ཆོས་ཅན། རྣམ་བདེན་རྫུན་གཉིས་ལ་ཀུན་བཏགས་སུ་གྲགས་པར་ཐལ། དེ་གཉིས་ལ་གྲགས་པའི་ཀུན་བཏགས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རྣམ་བདེན་པ་ལ་ཀུན་བཏགས་སུ་གྲགས་པར་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སྒྲ་ཆོས་ཅན། གྲངས་ཅན་པ་དང་སངས་རྒྱས་པ་གཉིས་ཀ་ལ་མི་རྟག་པར་གྲགས་པར་ཐལ། དེ་གཉིས་ལ་གྲགས་པའི་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་གཉིས་ཀྱིས་ཁས་ལེན་པའི་མི་རྟག་པ་ཡིན་པའི་ཕྱིར་ཏེ། གྲངས་ཅན་གྱིས་ཁས་ལེན་པའི་མི་རྟག་པ་གང་ཞིག །སངས་རྒྱས་པས་ཁས་ལེན་པའི་མི་རྟག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ཁས་ལེན་པའི་དེ་ཡོད་པ་གང་ཞིག །དེས་ཁས་ལེན་པའི་རྟག་པ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། རྟག་པ་ཡིན་པར་ཐལ། མ་གྲུབ་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། གྲངས་ཅན་པ་ལ་མི་རྟག་པར་གྲགས་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲངས་ཅན་གྱིས་སྒྲ་མི་རྟག་པར་ཁས་ལེན་པར་ཐལ་ལོ། །ཁ་ཅིག་ན་རེ། ཡོངས་གྲུབ་ཡིན་ན་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པས་ཁྱབ་ཟེར་ན། འཁྲུལ་ཤེས་སུ་གྱུར་པའི་གཟུགས་འཛིན་མངོན་སུམ་གྱི་ཆོས་ཉིད་ཆོས་ཅན། ཐལ་ཕྱིར། ཁ་ཅིག་ན་རེ། ཤེས་པ་ཡིན་ན་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པས་ཁྱབ་ཟེར་ན། འཁྲུལ་ཤེས་སུ་གྱུར་པའི་གཟུགས་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། །

རང་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་གང་ཟག་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། གྲུབ་མཐའ་སྨྲ་བའི་གང་ཟག་སྤྱིར་བཤད་པ་དང་། རྣམ་བདེན་རྫུན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྤྱིར་གང་ཟག་ལ་དབྱེ་ན། གྲུབ་མཐའ་སྨྲ་བའི་གང་ཟག་དང་། དེ་མི་སྨྲ་བའི་གང་ཟག་གཉིས། གཉིས་པའི་མཚན་གཞི། གྲུབ་མཐའི་བརྡ་ལ་མ་བྱང་བའི་འཇིག་རྟེན་རང་འགའ་བ་རྣམས་ལ་བྱེད། གྲུབ་མཐའ་སྨྲ་བའི་གང་ཟག་ལ་དབྱེ་ན། ཕྱི་རོལ་པའི་དེ་དང་། ནང་པའི་དེ་གཉིས་སུ་ཡོད། གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དེ་གཉིས་སུ་གྲངས་མ་ངེས་ཏེ། བོན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དེ་གཉིས་གང་རུང་མ་ཡིན་པའི་ཕྱིར། དེ་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་མ་ཡིན་ཏེ། དེ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ཕྱིར། དེ་ནང་པའི་དེ་མ་ཡིན་ཏེ། དཀོན་མཆོག་གསུམ་ཁོ་ན་སྐྱབས་གནས་ཡང་དག་ཏུ་དེས་ཁས་མི་ལེན་པའི་ཕྱིར། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ནི། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ནང་ནས་དང་པོ་ཁོ་ན་སྐྱབས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ཡིན། དེ་དང་གཞན་སྡེ་དོན་གཅིག །དེ་གཉིས་ཀྱི་ནང་ནས་དང་པོ་ཁོ་ན་ལ་སྐྱབས་གནས་སུ་འཛིན་པའི་གང་ཟག་དེ་ཕྱི་རོལ་པའི་དེའི་མཚན་ཉིད་ཡིན། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དབྱེ་ན་མཐའ་ཡས་པ་ཞིག་ཡོད་ཀྱང་། སྟོན་པ་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་སུ། ཕྱི་རོལ་པའི་སྟོན་པ་བཅོ་བརྒྱད་ཡོད་པ་ཡིན་པའི་ཕྱིར་ཏེ། རྟོག་གེ་པ་དྲུག །རྗེས་སྒྲོགས་པ་དྲུག །སྙོམས་འཇུག་པ་དྲུག་དང་བཅོ་བརྒྱད་བྱུང་བ་འདུལ་བ་འོད་ལྡན་ལས་བཤད་པའི་ཕྱིར། དང་པོ་དྲུག་གང་ཞེ་ན། འོད་སྲུང་རྫོགས་བྱེད། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནག་པོ། གཅེར་བུ་པ་གཉེན་གྱི་བུ། སྨྲ་འདོད་ཀྱི་བུ་རྣམས་ལ་བྱེད། གཉིས་པ་དྲུག་ནི། བྲམ་ཟེ་རྒྱུ་རྒྱལ། བྲམ་ཟེ་རྣམ་རིག །བྲམ་ཟེ་བཟང་ལྡན། བྲམ་ཟེ་ཚངས་པའི་ཚེ། བྲམ་ཟེ་པདྨའི་སྙིང་པོ། བྲམ་ཟེ་དམར་པོ་རྣམས་ལ་བྱེད། གསུམ་པ་དྲུག་ནི། རེངས་བྱེད་ཀྱི་བུ་ལྷག་སྤྱོད། སྒྱུ་རྩལ་ཤེས་ཀྱི་བུ་རེངས་འཕུར། ཀུན་ཏུ་རྒྱུ་ལག་བཟང་། བྲམ་ཟེ་ཀུན་རྒྱལ། དྲང་སྲོང་མ་བཅིངས་པ། སྟེང་རྒྱས་འོད་སྲུང་རྣམས་ལ་བྱེད་པ་ཡིན་ནོ། །དེ་དག་གི་རྗེས་སུ་འབྲང་བའི་དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ། སེར་སྐྱ་པ། ཕུར་བུ་པ་རྣམས་ལ་རྣལ་འབྱོར་པ་སྡེ་ལྔར་ཡང་གྲགས་སོ། །བྱེ་བྲག་པ། རིགས་པ་ཅན་པ། གྲངས་ཅན་པ། སྤྱོད་པ་པ། གཅེར་བུ་པ། རྒྱང་འཕེན་པ་རྣམས་ལ་རྩ་བའི་སྡེ་པ་དྲུག་ཏུ་གྲགས་སོ། །དེས་ན་དེ་རྣམས་ལ་ཕྱི་རོལ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་དེ་ལས་ཕྱི་རོལ་ཏུ་གྱུར་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་རྣམས་ལ་གྲུབ་མཐའ་སྨྲ་བའི་གང་ཟག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུང་རིགས་གང་རུང་ལ་བརྟེན་ནས་རང་གི་ཁས་བླངས་པའི་ཁས་བླངས་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གྲུབ་མཐའ་དེ་གང་ཞེ་ན། སྒྲ་རྟག་པར་ཁས་བླངས་པའི་ཁས་བླངས་ཆོས་ཅན། ཁྱོད་ལ་གྲུབ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུང་རིགས་གང་རུང་ལ་བརྟེན་ནས་དཔྱད་པ་བྱས་པའི་མཐར་གྲུབ་པའི་ཁས་བླངས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ནི། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ནང་ནས། གཉིས་པ་ཁོ་ན་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཡིན། དེ་དང་རང་སྡེ་དོན་གཅིག །དེ་གཉིས་ཀྱི་ནང་ནས་གཉིས་པ་སྐྱབས་གནས་ཡང་དག་ཏུ་འཛིན་པའི་གང་ཟག་དེ། ནང་པ་སངས་རྒྱས་པའི་མཚན་ཉིད། དེ་རྣམས་ལ་ནང་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ནང་དུ་འདུས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་རྣམས་ལ་སངས་རྒྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དབྱེ་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་དེ་གཉིས། དང་པོའི་ངོ་བོ་ནི། བདེན་གྲུབ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་དམིགས་པ་དེ་དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ཡིན། དེ་ལ་དབྱེ་ན། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག །མདོ་སྡེ་པའི་དེ། སེམས་ཙམ་པའི་དེ་དང་གསུམ་ཡོད། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་མེད་པར་ཁས་ལེན་ཅིང་ཕྱི་དོན་ཁས་ལེན་པ་ཡང་ཡིན་པའི་གཞི་མཐུན་པའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན་སྡེ་པ་བཅོ་བརྒྱད་དུ་ཡོད། བསྡུ་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། དགེ་འདུན་ཕལ་ཆེན་པའི་སྡེ་པ། གནས་བརྟན་གྱི་སྡེ་པ། མང་པོས་བཀུར་བའི་སྡེ་པ་དང་བཞི་ཡོད། དེ་རྣམས་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུས་གསུམ་རྫས་གྲུབ་ཏུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པར་གྱུར་པའི་གང་ཟག་དེ། མདོ་སྡེའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། རིགས་པའི་རྗེས་འབྲང་གི་དེ་གཉིས། དང་པོ་ནི་མངོན་པ་ཀུན་ལས་བཏུས་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ་ལ་བྱེད། གཉིས་པ་ནི། སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ་ལ་བྱེད། དེ་གཉིས་ལ་མདོ་སྡེ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མདོ་སྡེ་པའི་རྗེས་སུ་འབྲངས་ནས་རང་གི་གྲུབ་མཐའ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གང་ཟག་དེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་དེ་དང་། རིགས་པའི་རྗེས་འབྲང་གི་དེ་གཉིས། དང་པོ་ནི། འབྱེད་རྣམ་གཉིས་དང་། མདོ་སྡེ་རྒྱན་གྱི་ཆེད་དུ་བྱ་བའི་སེམས་ཙམ་པ་ལྟ་བུའོ། །གཉིས་པ་ནི། སྡེ་བདུན་གྱི་ཆེད་དུ་བྱ་བའི་སེམས་ཙམ་པ་ལྟ་བུའོ། །བདེན་གྲུབ་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་དམིགས་པ་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། དེ་ལ་དབྱེ་ན། རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། ཐལ་འགྱུར་བའི་དེ་གཉིས། དང་པོའི་མཚན་ཉིད། རང་རྒྱུད་ཀྱི་རྟགས་ཡང་དག་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ཡིན། དེ་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། རྣལ་འབྱོར་སྤྱོད་པའི་དེ་གཉིས། དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་པོ་ལྟ་བུ། གཉིས་པ་ནི། སློབ་དཔོན་སེང་གེ་བཟང་པོ་ལྟ་བུ། གཉིས་པའི་མཚན་ཉིད། རང་རྒྱུད་ཀྱི་རྟགས་ཡང་དག་ཁས་མི་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དེའི་མཚན་ཉིད་ཡིན། མཚན་གཞི་ནི། དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུའོ། །ཀླུ་སྒྲུབ་ཡབ་སྲས་སྐབས་འདིར་སེམས་ཙམ་པ་ཡིན་ནོ། །

༈ རྣམ་བདེན་རྫུན་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། རྣམ་བདེན་རྫུན་རྩོད་པའི་རྩོད་གཞི་ངོས་བཟུང་བ། དེ་སོ་སོའི་ངོ་བོ། རྣམ་བདེན་རྫུན་གྱི་ཕྱོགས་མཐའ་སྒྲུབ་པ་དང་གསུམ། དང་པོ་ནི། ཡོངས་གྲུབ་དང་ཤེས་པ་གཉིས། རྣམ་བདེན་རྫུན་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་མ་ཡིན་ཏེ། རྣམ་བདེན་རྫུན་གཉིས་ཀས་ཡོངས་གྲུབ་དང་། ཤེས་པ་གཉིས་སྣང་བ་ལྟར་གྲུབ་པར་ཁས་ལེན་པའི་ཕྱིར། ཀུན་བཏགས་དེ་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་མ་ཡིན་ཏེ། ཀུན་བཏགས་དེ་གཉིས་ཀས་སྣང་བ་ལྟར་མ་གྲུབ་པར་ཁས་ལེན་པའི་ཕྱིར། འོ་ན། དེ་གཉིས་རྩོད་པའི་རྩོད་གཞི་གང་ཞེ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ། དེ་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་ཡིན་ཏེ། རྣམ་བདེན་པས་དེ་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་གྲུབ་པར་ཁས་ལེན། གཅིག་ཤོས་ཀྱིས་དེ་ལྟར་མ་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན། ཞེས་དང་། ལྷ་དབང་བློས། རྣམ་པ་དེ་དོན་དམ་པར་འདོད་པ་དེ་ལ་སྐྱོན་འཕེན་པ་ཡིན་གྱི། ང་ལ་མིན་ཞེས་དེ་ལྟར་མི་འདོད། ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རྣམ་བདེན་རྫུན་གང་རུང་གང་ཞིག །ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ལྟར་གྲུབ་པར་ཁས་ལེན་པའི་རིགས་སུ་གནས་པའི་གང་ཟག་དེ། སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་དུ་གྱུར་པའི་སྣ་ཚོགས་གཉིས་མེད་པ། སྒོང་ང་ཕྱེད་ཚལ་བ། གཟུང་འཛིན་གྲངས་མཉམ་པ་དང་གསུམ་དུ་ཡོད། དེ་རྣམས་ལ་རྣམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ལ་རྣམ་པ་ཞེས་བརྗོད་ལ། དེ་སྣང་བ་ལྟར་བདེན་པར་ཁས་ལེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྣམ་བདེན་རྫུན་གང་རུང་གང་ཞིག །ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་དེ་ལྟར་མ་གྲུབ་པར་ཁས་ལེན་པའི་རིགས་སུ་གནས་པའི་གང་ཟག་དེ། སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དྲི་བཅས་རྣམ་རྫུན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། དྲི་མེད་རྣམ་རྫུན་པའི་དེ་གཉིས་སུ་ཡོད། འོ་ན། རྣམ་བདེན་རྫུན་གཉིས་གང་གི་རྗེས་སུ་འབྲང་ཞེ་ན། རྣམ་རྫུན་པའི་རྗེས་སུ་འབྲང་གིས། དེའི་ནང་ནས་ཀྱང་དྲི་མེད་རྣམ་རྫུན་པའི་རྗེས་སུ་འབྲང་ངོ་། །གསུམ་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་བདེན་གྲུབ་ཏུ་ཐལ། ཁྱོད་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ཡོད། ཁྱོད་འཛིན་རང་རིག་མེད་པ་གང་ཞིག །ཁྱོད་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ལ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པའི་ཕྱིར། རྟགས་ཕྱི་མ་རྣམ་བདེན་པ་ལ་ཁས། འདོད་ན། དེ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་པར་ཐལ། སྣང་བ་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། དེའི་དུ་མར་ཡང་མ་གྲུབ་པའི་ཕྱིར། དེ་སྣང་བ་ལྟར་བདེན་པའི་གཅིག་ཏུ་མ་གྲུབ་སྟེ། དེར་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ལ་རང་གི་གོ་ས་ཁེབས་པའི་ཆ་བཅས་སུ་སྣང་བ་ཡིན་པའི་ཕྱིར། ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་སྟེ། སྣང་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཁྱབ་སྟེ། སྣང་བ་ལྟར་བདེན་པར་གྲུབ་ན། སྣང་བ་ལྟར་བདེན་པའི་གཅིག་དང་དེའི་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར། རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། སེམས་ཙམ་རྣམ་བདེན་པ་ཆོས་ཅན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པར་ཐལ། དེ་ལ་དེ་ལྟར་མ་ཞུགས་པར་ཁས་ལེན་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། སེམས་ཙམ་རྣམ་བདེན་པ་རྣམས་ཀྱིས་དབང་པོའི་མངོན་སུམ་ལ་ཕྱི་རོལ་དོན་དུ་སྣང་བའི་ཆ་ལ་བསླད་པ་ཞུགས་ཀྱང་། རགས་པར་སྣང་བའི་ཆ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་བདེན་པར་མ་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། ངག་དོན་འཐད་པའི་ཕྱིར། འདོད་ན། དེ་ལ་གཟུགས་རགས་པར་སྣང་བ་བདེན་པར་མ་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བདག་ཏུ་འཛིན་པའི་རྟོག་པ་ཆོས་ཀྱི་བདག་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཟུགས་བདེན་པར་གྲུབ་པའི་ཕྱིར། །

མཚན་ཉིད་གསུམ་གྱི་རྣམ་གཞག་སོགས་བཤད་པ།

༈ དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རྟོག་པས་སྒྲོ་བཏགས་ཀུན་བཏགས་ཀྱི་མཚན་ཉིད་ཟེར་ན། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཀུན་བཏགས་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཀུན་བཏགས་ཡིན་པར་ཐལ། གཟུགས་གཞན་དབང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཟུགས་ཀྱི་ཀུན་བཏགས། གཟུགས་དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་དེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་ཡིན་པའི་ཕྱིར། དེ་ལྟར་དུ། དྲང་ངེས་རྣམ་འབྱེད་ལས་བཤད་པའི་ཕྱིར། ཁ་ཅིག་ན་རེ། མིང་དང་བརྡས་བཞག་པ་དེ་ཀུན་བཏགས་ཀྱི་མཚན་ཉིད་ཟེར་ན། སྒྲ་རྟག་སྟོང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་རྣམ་འབྱེད་ལས། སྤྱིར་ཀུན་བཏགས་ལ་སྤྱི་མཚན་ཐམས་ཅད་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང་། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་དེ་སྒྲ་རྟག་སྟོང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། དྲང་ངེས་རྣམ་འབྱེད་ལས། དེ་དག་གིས་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པའི་ཡོད་པ་ཡིན་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་ཏེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཞེས་པ་མི་འཐད་པར་ཐལ། སྒྲ་རྟག་སྟོང་དེ་མིང་དང་བརྡས་འཇོག་ནུས་པའི་ཕྱིར། དེ་མིང་དང་བརྡས་བཞག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་སྟོང་དེ་མིང་དང་བརྡས་བཏགས་པ་ཡིན་པར་ཐལ། དེ་རྟོག་པས་བཞག་པ་གང་ཞིག །མིང་དང་བརྡ་ཞེས་པའི་བརྡ་དེ་རྟོག་པ་ལ་བྱེད་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲོ་བཏགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མིང་དང་བརྡ་ཞེས་པའི་བརྡ་དེ་མིང་ལ་བྱེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མིང་དང་བརྡ་གཉིས་ལ་ཟློས་སྐྱོན་ཡོད་པར་ཐལ། མིང་དང་བརྡ་ཞེས་པའི་བརྡ་དེ་ཡང་མིང་ལ་བྱེད་རིགས་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ་མིང་དང་བརྡ་ཞེས་པའི་བརྡ་དེ་མིང་ལ་བྱེད་རིགས་པར་ཐལ། དེ་བརྡ་དུས་སུ་བརྡ་སྦྱར་བ་ལ་ཐ་སྙད་ཀྱི་དུས་སུ་དོན་གོ་ཞེས་པའི་ཐ་སྙད་ལ་བྱེད་རིགས་པའི་ཕྱིར། ཁ་ཅིག་ན་རེ། ཀུན་བཏགས་ཀྱིས་ཆོས་ཉིད་མེད་ཟེར་ན། དེ་ཡོད་པར་ཐལ། ཀུན་བཏགས་ཡོད་པ་གང་ཞིག །འདུས་མ་བྱས་ཀྱི་ཆོས་ཉིད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དྲང་ངེས་རྣམ་འབྱེད་ལས། ཀུན་བཏགས་ནམ་མཁའི་མེ་ཏོག་དང་འདྲ་བ་ནི་རྟོག་པས་བཏགས་པ་ཙམ་གྱི་དཔེ་ཡིན་གྱི་ཤེས་བྱ་ལ་མི་སྲིད་པའི་དཔེ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འདུས་མ་བྱས་ཀྱི་སྟོང་ཉིད་ཡོད་པའི་ཕྱིར། གཞན་ཡང་། ཀུན་བཏགས་ཀྱི་ཆོས་ཉིད་ཡོད་པར་ཐལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ། རང་འབྲས་འཇིག་ལྟའི་རྩ་བ་ཡིན་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་གྱིས་འཇིག་ལྟའི་རྩ་བ་བྱེད་པར་བཞེད་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆོས་ཀྱི་བདག་འཛིན་དེ་འཁོར་བའི་རྩ་བ་ཡིན་པར་ཐལ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་རང་འབྲས་འཇིག་ལྟའི་རྩ་བ་ཡིན་པའི་ཕྱིར། འདོད་ན། འཁོར་བའི་རྩ་བ་སྤངས་པའི་གང་ཟག་ཡིན་ན། ཆོས་ཀྱི་བདག་འཛིན་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཐལ་ཕྱིར། འཁོར་བ་རྩ་བ་ནས་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འཁོར་བ་མ་ལུས་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཐར་པ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་སྒྲིབ་སྤངས་པའི་གང་ཟག་ཏུ་ཐལ་ལོ། །གཞན་ཡང་། འཁོར་བའི་རྩ་བ་དེ་ལ་འཛིན་པ་མི་མཐུན་པ་གཉིས་ཡོད་པར་ཐལ། གང་ཟག་གི་བདག་འཛིན་ཡང་འཁོར་བའི་རྩ་བ་ཡིན། ཆོས་ཀྱི་བདག་འཛིན་ཡང་དེ་ཡིན་པའི་ཕྱིར། འདོད་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་འཛིན་པ་མི་འདྲ་བ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ་ཡིན་ན། གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་སོ་སོའི་ངོ་བོ། མཚན་ཉིད་གསུམ་གྱི་རྣམ་གཞག །ཆོས་བདག་འགོག་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། རང་འཛིན་རྟོག་པས་སྒྲོ་བཏགས་ཀུན་བཏགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་དང་། རྣམ་གྲངས་པའི་དེ་གཉིས། མེད་ངེས་ཡིན་ན། དང་པོ་དེ་ཡིན་པས་ཁྱབ། དང་པོ་དེ་ཡིན་ན་ཡང་མེད་ངེས་ཡིན་པས་ཁྱབ། རྣམ་གྲངས་པའི་ཀུན་བཏགས། ཡོད་པར་གྱུར་པའི་ཀུན་བཏགས། སྤྱི་མཚན་རྣམས་དོན་གཅིག །རང་གི་རྒྱུ་རྐྱེན་ལ་རག་ལས་པ་དེ། གཞན་དབང་གི་མཚན་ཉིད། དེ་ལ་དབྱེ་ན། དག་པའི་གཞན་དབང་དང་། མ་དག་པའི་དེ་གཉིས། དང་པོ་ནི། དག་པའི་སྣོད་ཀྱི་འཇིག་རྟེན་དང་། དེ་ན་གནས་པའི་སེམས་ཅན་ལྟ་བུ། གཉིས་པ་ནི། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། དེ་ན་གནས་པའི་སེམས་ཅན་ལྟ་བུ། ཡུལ་ཅན་རྣམ་དག་གི་དམིགས་པར་གྱུར་པའི་གནས་ལུགས་མཐར་ཐུག་དེ། ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་ཀྱི་སྒོ་ནས་དབྱེ་ན། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་དེ་གཉིས། དང་པོ་དང་ཡོངས་གྲུབ་དོན་གཅིག །གཉིས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ་ལ་བྱེད་དོ། །གཉིས་པ། མཚན་ཉིད་གསུམ་གྱི་རྣམ་གཞག་ནི། གཟུགས་གཞན་དབང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཀུན་བཏགས། དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འདི། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་ཡིན་པའི་ཕྱིར། གང་ཟག་གཞན་དབང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པ་ཀུན་བཏགས། དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འདི། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་ཡིན་ནོ། །གསུམ་པ་ལ། ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་སྤྱིར་བཤད་པ་དང་། རྡུལ་ཕྲ་རགས་འགོག་བྱེད་ཀྱི་རིགས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་གསུངས་ལ། འདིའི་དོན་ལ་ཡང་། རིགས་པ་གསུམ་ཡོད་པ་ལས། མཚན་གཞི་ལྟོ་ལྡིར་བ་དེ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། དེ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་དངོས་དབང་གིས་མ་གྲུབ་པའི་ཕྱིར། དེ་དེ་འདྲའི་འཇུག་གཞིར་དངོས་དབང་གིས་གྲུབ་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡ་མ་སྦྱར་བའི་སྔ་རོལ་ཏུ་ལྟོ་ལྡིར་བ་ལ་དམིགས་པ་ན་འདི་བུམ་པའོ་སྙམ་པའི་བློ་དོན་མཐུན་སྐྱེ་དགོས་པ་ལས་དེ་མི་སྐྱེ་བའི་ཕྱིར། ཞེས་པ་རིགས་པ་དང་པོའོ། །གཉིས་པ། བརྒྱ་བྱིན་ལ་དབང་པོ་དང་གྲོང་འཇོམས་ཞེས་པའི་སྒྲ་གཉིས་འཇུག་པའི་འཇུག་གཞིར་དངོས་དབང་གིས་འཇུག་པར་ཐལ། དེ་ལ་དེ་གཉིས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། དབང་པོ་དང་གྲོང་འཇོམས་ཞེས་པའི་སྒྲ་གཉིས་པོ་དེ་བརྒྱ་བྱིན་ལ་དངོས་དབང་གིས་འཇུག་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་བུ་དེ་དོན་དུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པ་རིགས་པ་གཉིས་པའོ། །གཞན་ཡང་། ལྷས་སྦྱིན་ཞེས་པའི་མིང་གཅིག་འཇུག་པའི་གཞིར་གྱུར་པའི་སྐྱེས་བུ་གཉིས། ལྷས་སྦྱིན་ཞེས་པའི་མིང་འཇུག་པའི་འཇུག་གཞིར་དངོས་དབང་གིས་གྲུབ་པར་ཐལ། དེ་དེ་གཉིས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། ལྷས་སྦྱིན་ཞེས་པའི་མིང་དེ་སྐྱེས་བུ་དེ་གཉིས་ལ་དངོས་མིང་དུ་འཇུག་པར་ཐལ་ལོ། །འདོད་ན། སྐྱེས་བུ་དེ་གཉིས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པ་ནི་རིགས་པ་གསུམ་པའོ། །དེ་ལྟར་ཡིན་ན་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡ་མ་སྦྱར་བའི་སྔ་རོལ་དུ་ལྟོ་ལྡིར་བ་ཡོད་དམ་ཞེ་ན། དེ་ལ་ཐེག་བསྡུས་ཀྱི་གཞུང་དེ་དང་མཐུན་པ་ལྟར་དུ་དྲང་ངེས་རྣམ་འབྱེད་ལས། བྱང་སར་དོན་སྔར་ཡོད་ལ་འདི་འདིའོ་ཞེས་མིང་ཕྱིས་འདོགས་ན་དེ་ལྟར་མ་བཏགས་པའི་ཚེ་དོན་དེའི་ངོ་བོ་མེད་པར་འགྱུར་ལ། མ་བཏགས་པའི་ཚེ་ཡང་ངོ་བོ་ཡོད་པ་ལ་ཕྱིས་འདོགས་ན་མིང་མ་བཏགས་པའི་དུས་སུ་འདི་གཟུགས་སོ་སྙམ་པའི་བློ་སྐྱེ་བར་འགྱུར་ཞེས་བཀག་གོ །གསུངས་ལ། འདིའི་དོན་ལ་རྗེ་ནོར་བཟང་པའི་ཞལ་ནས། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བའི་སྔ་རོལ་ཏུ་ལྟོ་ལྡིར་བ་ཡོད་ཅིང་། དེ་བུམ་པ་ནི་མ་ཡིན་ཏེ། བུམ་པ་ཞེས་པའི་སྒྲས་བརྗོད་མི་ནུས་པའི་ཕྱིར། དེ་ལྟར་ན་དེ་མིང་མེད་ཀྱི་དངོས་པོའི་མཚན་གཞི་ཡིན་ནོ་ཞེ་ན། འོ་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བའི་སྔ་རོལ་ཏུ། ལྟོ་ལྡིར་བ་བུམ་པ་ཡིན་པར་ཐལ། དེའི་སྔ་རོལ་དུ་ལྟོ་ལྡིར་བ་བུམ་པ་ཡིན་པ་ཡོད་པའི་ཕྱིར། དེའི་སྔ་རོལ་ཏུ་ལྟོ་ལྡིར་བ་ཡོད་ཅིང་། ལྟོ་ལྡིར་བ་དང་ལྟོ་ལྡིར་བ་བུམ་པ་ཡིན་པ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གཞན་ཡང་། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་མ་ཡིན་པར་ཐལ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་དངོས་མིང་མ་ཡིན་པའི་ཕྱིར། དེ་ལྟོ་ལྡིར་བ་ལ་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། ལྟོ་ལྡིར་བ་གྲུབ་པའི་རྗེས་སུ་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་ཡིན་པའི་ཕྱིར། རང་ལུགས་ལ་དེའི་དོན་ནི། དོན་གྲུབ་ཅེས་པའི་སྒྲ་འཇུག་པའི་བྱིས་པ་ཆུང་ངུ་དེ་ལ་དོན་གྲུབ་ཅེས་པའི་བརྡ་སྦྱར་བའི་ཚེ། དེ་ལྟ་བུའི་དོན་གྲུབ་དེ་ཡིན་པར་ཐལ། དེ་ལྟ་བུའི་བྱིས་པ་ཆུང་ངུ་དེ་དོན་གྲུབ་ཅེས་པའི་སྒྲ་འཇུག་གཞིར་དངོས་དབང་གིས་གྲུབ་པའི་ཕྱིར། དེ་དེའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། ཞེས་པའི་དོན་ཡིན་ནོ། །

༈ གཉིས་པ་རྡུལ་ཕྲ་རབ་འགོག་བྱེད་ཀྱི་རིགས་པ་བྱེ་བྲག་ཏུ་བཤད་པ་ནི། ཉི་ཤུ་པ་ལས། དྲུག་གིས་གཅིག་ཆར་བསྐོར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས། འདིའི་དོན་ནི། བར་མཚམས་མེད་པར་ཕྱོགས་དྲུག་ནས་རྡུལ་ཕྲ་རབ་དྲུག་གིས་བསྐོར་བའི་དབུས་རྡུལ་ཕྲ་མོ་གཅིག་ཡོད་པར་ཐལ། རྡུལ་ཕྲ་རབ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལྟ་བུའི་དབུས་རྡུལ་ཕྲ་མོ་དེ་དང་ཕྱོགས་དྲུག་གི་རྡུལ་ཕྲ་རབ་དྲུག་པོ་དེ་རྣམས་ཕན་ཚུན་རེག་པ་ཡིན་པར་ཐལ། དེ་རྣམས་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཅན་ཡིན་པ་གང་ཞིག །དེ་རྣམས་བར་མཚམས་མེད་པར་གནས་པ་ཡིན་པའི་ཕྱིར། འདོད་ན། དེ་ལྟའི་དབུས་རྡུལ་ཕྲ་མོ་དེ་ཕྱོགས་དྲུག་གི་རྡུལ་ཕྲ་རབ་དྲུག་གིས་རེག་པའི་ཆ་དྲུག་དང་བཅས་པ་ཡིན་པར་ཐལ། འདོད་པ་གང་ཞིག །དེ་གཅིག་ལ་རེག་ངོས་དེ་གཞན་ལྔ་ལ་རེག་པ་མ་ཡིན་པའི་ཕྱིར། འདོད་ན། དེ་ལྟ་བུའི་དབུས་རྡུལ་ཕྲ་མོ་དེ། ཕྱོགས་ཀྱི་ཆ་དྲུག་དང་བཅས་པའི་རྡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྡུལ་ཕྲ་རབ་ཀུན་གྱི་ཆུང་ཐ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པའི་དོན་ཡིན་ནོ། །ངག་དོན་ནི། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། གཟུགས་འཛིན་ཚད་མའི་ཡང་གནས་ལུགས་ཡིན་ཏེ། ཕྱི་ནང་གཉིས་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གོང་དུ་བཀག་ཟིན་པའི་ཕྱིར། རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེ། འཁོར་བའི་རྩ་བ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་དེ་དེའི་ཕྱིར། འདོད་ན། རྒྱུན་མཐའི་བར་ཆད་མེད་ལམ་དེ། དེའི་རྩ་བར་གྱུར་པའི་དེའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པར་ཐལ། དེ་ཡོད་པ་གང་ཞིག །ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ། དེའི་དེར་གྱུར་པའི་དེ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྩ་བར་གྱུར་པའི་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡོད། དེ་འདྲ་བའི་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡོད་པའི་ཕྱིར་ན་མ་ཁྱབ། གཉིས་པ་མ་གྲུབ་ན། ཉན་ཐོས་དགྲ་བཅོམ་པ་དེས། དེའི་རྩ་བར་གྱུར་པའི་མ་རིག་པ་སྤངས་པར་ཐལ། ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ་འཁོར་བའི་དེར་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པའི་ཞེན་ཡུལ་བཀག་པའི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་མ་རིག་པའི་ཞེན་ཡུལ་མ་གྲུབ་པ་དེ་སྟོང་ཉིད་ཡིན་པར་ཐལ་ལོ་ཟེར་ན། ཁོ་རང་ལ་ཆོས་ཀྱི་བདག་འཛིན་དེ་འཁོར་བའི་རྩ་བ་ཡིན་པར་ཐལ། གཟུགས་དང་དེ་འཛིན་པའི་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར་ཏེ། འཁོར་བ་པ་དེ་རྣམས་གཟུགས་དང་དེའི་ཚད་མ་རྫས་གཞན་དུ་རྟོག་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན་པའི་ཕྱིར། གཟུང་དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། །

༈ ༼ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཞེས་པ་ནས། འདིའི་བར་ཡན་ལ། མ་དཔེ་མི་འདྲ་བ་གཉིས་ཡོད་པའི་ནང་ནས། ཅུང་ཟད་བསྡུས་པ་བཞིན་བཀོད་པ་ཡིན་ནོ། །༽གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། རང་རེས། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཤེར་ཕྱིན་གྱི་མདོའི་དགོངས་གཞི་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། དེ་འདྲ་བ་དེས་སྟོང་པ་དེ་སྟོང་ཉིད་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཤེས་པ་དང་དེར་འཛིན་གྱི་ཚད་མ་རྫས་གཞན་གྱིས་སྟོང་པ་དེ་ཡང་སྟོང་ཉིད་དུ་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པ་ཕྱི་རོལ་དོན་གྱིས་སྟོང་པ་དེ་སྟོང་ཉིད་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་སྡེ་པས་ཤེས་པ་ཕྱི་རོལ་དོན་གྱིས་སྟོང་པར་ཚད་མས་གྲུབ་པའི་ཕྱིར་ཏེ། དེས་དེ་བེམ་པོ་མ་ཡིན་པར་ཚད་མས་ངེས་པའི་ཕྱིར་ཟེར་ན། མདོ་སྡེ་པས་ཤེས་པ་དང་དེར་འཛིན་གྱི་ཚད་མ་གཉིས་རྫས་གཞན་གྱིས་སྟོང་པར་ཚད་མས་གྲུབ་པར་ཐལ། དེ་འདྲའི་སྟོང་པ་དེ་སྟོང་ཉིད་མ་ཡིན་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་གཉིས་རྫས་གཞན་དུ་ཁས་ལེན་པའི་ཕྱིར་ཏེ། དེས་ཁྱོད་དངོས་པོ་ཡིན་ན། ཁྱོད་ཁྱོད་འཛིན་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། རང་ལུགས་ནི། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། དེ་ལྟར་ཁས་བླང་དུ་མི་རུང་བའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། འཁོར་ལོ་ཐ་མ་དང་པོའི་མཚན་གཞི་དང་། འཁོར་ལོ་བར་པ་དང་འཁོར་ལོ་དང་པོ་གཉིས། གཉིས་པའི་མཚན་གཞི་ཡིན་ནོ། །

༈ ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། རང་རེས། མདོ་སྡེ་པ་དེས་བྱ་བྱེད་བདེན་པས་སྟོང་པ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཤེར་ཕྱིན་གྱི་མདོའི་དགོངས་གཞིར་ཁས་ལེན། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པའི་ལུགས་གཞིར་བཞག་ལ། བྱ་བྱེད་བདེན་པས་སྟོང་པ་དེ་སྟོང་ཉིད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱ་བྱེད་བདེན་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། བདག་མེད་ཕྲ་མོ་ཡིན་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པའི་ཕྱིར་ཏེ། སྟོང་ཉིད་ཡིན་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱ་བྱེད་བདེན་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། བྱ་བྱེད་བདེན་པར་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་བདག་འཛིན་ཡོད་པའི་ཕྱིར་ཏེ། ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་ཡོད་པའི་ཕྱིར་ཏེ། ཤེས་སྒྲིབ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་སྒྲིབ་ཡིན་ན། ལྡན་མིན་འདུ་བྱེད་ཡིན་དགོས་པའི་ཕྱིར། འོ་ན། ཤེས་སྒྲིབ་གང་ཞེ་ན། ཉོན་མོངས་ཀྱི་བག་ཆགས་ལྟ་བུ་དེ་ཤེས་སྒྲིབ་ཡིན་ནོ། །ཁོ་ན་རེ། མདོ་སྡེ་པས་འཁོར་ལོ་དང་པོ་དེ། བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོར་ཁས་ལེན་པ་ཡིན་ནོ་ཞེ་ན། མདོ་སྡེ་པའི་ལུགས་གཞིར་བཞག་ལ། འཁོར་ལོ་དང་པོ་དེ། བསྟན་བཅོས་འདིའི་དེ་མ་ཡིན་པར་ཐལ། འཁོར་ལོ་དང་པོ་དེ་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་གང་ཞིག །བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ན། ཐེག་ཆེན་གྱི་མདོ་ཡིན་དགོས་པའི་ཕྱིར་ཏེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ཐེག་ཆེན་གྱི་རིགས་ཅན་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། འཁོར་ལོ་ཐ་མ་དེ། བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། འཁོར་ལོ་ཐ་མ་དེ་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་མདོ་ཡིན་པ་གང་ཞིག །བསྟན་བཅོས་འདི་མདོ་སྡེ་པའི་བསྟན་བཅོས་ཡིན་པའི་ཕྱིར། མདོ་སྡེ་པའི་ལུགས་གཞིར་བཞག །རང་རེས། ཤེར་ཕྱིན་གྱི་མདོ་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། འཁོར་ལོ་བར་པ་དེ་བསྟན་བཅོས་འདིའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། ཤེར་ཕྱིན་གྱི་མདོ་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་པར་ཐལ། མངོན་པའི་སྡེ་སྣོད་བསྟན་བཅོས་འདིའི་དེ་ཡིན་པའི་ཕྱིར། བསྟན་བཅོས་འདི་མངོན་པའི་སྡེ་སྣོད་ཀྱི་དགོངས་པ་གཙོ་བོར་འགྲེལ་བའི་བསྟན་བཅོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡུམ་གྱི་མདོ་དེ་བསྟན་བཅོས་འདིའི་དེ་ཡིན་པར་ཐལ། ཤེར་ཕྱིན་གྱི་མདོ་དེ་དེ་ཡིན་པའི་ཕྱིར། འདོད་ན། ཡུམ་གྱི་མདོ་ལས་བཤད་པའི་སྟོང་ཉིད་ཉི་ཤུ་ཡོད་པར་ཐལ་ལོ། །འདོད་ན། ཕྱི་སྟོང་པ་ཉིད་ཡོད་པར་ཐལ་ལོ། །འདོད་ན། བུམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་ཕྱི་སྟོང་པ་ཉིད་ཡིན་པར་ཐལ་ལོ། །འདོད་ན་དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། ཕྱི་སྟོང་པ་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། བུམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར་ཏེ། གང་ཟག་གི་ཕུང་པོ་དེ་ལྟར་དུ་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར་ཏེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་གང་ཞིག །ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ་གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡིན། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དངོས་གཉེན་བར་ཆད་མེད་ལམ་ཡོད་པའི་ཕྱིར། གཞན་ཡང་། གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ། དེ་ཡིན་པ་གང་ཞིག །དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པའི་ཕྱིར། དང་པོ་མ་གྲུབ་ན། གང་ཟག་ཆོས་ཅན། ཁྱོད་དེས་སྟོང་པ་དེར་ཐལ། ཁྱོད་ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞི་གྲུབ་ན། ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པར་ཐལ། བུམ་པ་དེས་སྟོང་པ་དེ་དེ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་ནམ་མཁའ་དེས་སྟོང་པར་ཚད་མས་ངེས་པའི་ཕྱིར་ཏེ། དེས་ནམ་མཁའ་རྫས་ཡོད་ཀྱིས་སྟོང་པར་ཚད་མས་ངེས་པའི་ཕྱིར། དེས་ནམ་མཁའ་རྫས་སུ་མ་གྲུབ་པར་ཚད་མས་ངེས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། གང་ཟག་ཆོས་ཅན། རྫས་སུ་མ་གྲུབ་པར་ཐལ། རྫས་ཡོད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བཏགས་ཡོད་ཡིན་པའི་ཕྱིར་ཏེ། རང་གི་ཕུང་པོ་ལ་བཏགས་པའི་བཏགས་ཡོད་ཡིན་པའིི་ཕྱིར། བྱས་པ་ལ་ཁོ་ན་རེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་ནམ་མཁའ་རྫས་ཡོད་ཀྱིས་སྟོང་པར་ཚད་མས་ངེས་པར་ཐལ། དེས་ནམ་མཁའ་བཏགས་ཡོད་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་ནམ་མཁའ་རྟོག་པས་སྒྲོ་བཏགས་སུ་ཁས་ལེན་པའི་ཕྱིར། །


previousཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་བཤད་པ།next