བོལ་གོང་ལྡོང་རིའི་གནས་བསྟོད་མདོར་བསྡུས་དད་པའི་ས་བོན། ཡི་དམ་རྡོ་རྗེ།
མཁའ་ཁྱབ་རྒྱལ་བའི་བརྩེ་བ་ཀུན། །
གཅིག་བསྡུས་གངས་རིའི་མདངས་ཤར་བ། །
འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ། །
མི་ཕྱེད་དད་པའི་ཡིད་ཀྱིས་འདུད། །
གཡུ་ལྗོངས་ས་ཡི་བྱེ་བྲག་ལས། །
ལྡོང་རི་ཞེས་བྱ་འཕགས་པའི་གནས། །
སྔོན་ཚེ་རྒྱལ་བས་བྱིན་གྱིས་བརླབས། །
བཻ་རོ་ཡབ་སྲས་སྒྲུབ་ལ་གཞོལ། །
བར་དུ་ལྷ་ལུང་དཔལ་རྡོར་བས། །
མི་སྲུན་སྡེ་བརྒྱད་དབང་དུ་བསྡུས། །
བཀའ་རྟགས་ཡིག་དྲུག་རྡོ་ལ་བཀོད། །
ཕྱི་རབས་དད་པའི་རྟེན་དུ་བཞག །
འགྱུར་མེད་བློ་མཐའ་ཡབ་སྲས་དང་། །
ཁྱད་པར་མགོ་སྤྲུལ་འཇིགས་མེད་པས། །
འགྲོ་དོན་དུས་སུ་སྨིན་གཟིགས་ནས། །
ལུག་ལོར་གནས་ཀྱི་སྒོ་འཕར་ཕྱེས། །
གནས་སྲུང་ལེགས་ལྡན་ནག་པོ་དང་། །
གྲུབ་ཆུའི་ཀླུ་མོ་གཉིས་ལ་གཏད། །
དམ་ལྡན་སྐྱོང་ཞིང་དམ་མེད་ནི། །
དྲག་པོས་སྒྲོལ་བའི་ཐ་ཚིག་བསྒྲགས། །
ཆོས་ཕུང་རྒྱ་མཚོའི་ཡང་སྙིང་བཅུད། །
གསུང་མཆོག་ཡི་གེ་དྲུག་མ་འདི། །
མཇལ་བས་སྔོན་ལས་འཕྲལ་རྐྱེན་སེལ། །
བསྐོར་བས་སྡིག་པའི་ཕུང་པོ་འདག །
གནས་འདིའི་ནང་སྐོར་ལན་གཅིག་ལ། །
ཡིག་དྲུག་དུང་བདུན་ཕན་ཡོན་འཐོབ། །
ཕྱི་སྐོར་ངེས་ལེགས་སྐོར་ལམ་དང་། །
གཅིག་ཅེས་རྒན་རབ་དག་གིས་སྨྲ། །
དེའི་ཚུལ་ཇུ་ནས་ས་མུ་བསྐོར། །
རྫོངས་ཧོའི་ནང་བརྒྱུད་དུང་རྩེའི་རྒྱབ། །
སྨར་གྱི་སྒང་བབ་ལྡོང་རིའི་བར། །
ཡིག་དྲུག་དུང་ཕྱུར་ཉེར་ལྔ་འཐོབ། །
བྲག་དམར་ཆོས་ནོར་གཏེར་གྱི་མཛོད། །
དབང་ཕྱུག་མ་ཧཱ་དེ་ཝའི་གནས། །
གཞན་ཡང་ལྷ་རྒོད་དགྲ་འདུལ་སོགས། །
ཡུལ་སྐྱོང་དུ་མས་ཀུན་ནས་སྲུང་། །
དེ་ཕྱིར་དད་དང་མོས་ལྡན་ཞིང་། །
འདི་ཕྱིའི་དོན་ལ་སེམས་པ་དག །
བསམ་པ་བྱང་ཆུབ་སེམས་ལྡན་པས། །
བསྐོར་ཞིང་རྣམ་དག་སྨོན་ལམ་རེམས། །
འདི་བྲིས་དགེ་བས་སྣོད་བཅུད་ཀྱི། །
རྒུད་པ་རབ་ཞི་ལེགས་ཚོགས་འཕེལ། །
མཁའ་ཁྱབ་མ་གྱུར་འགྲོ་བ་རྣམས། །
སྤྱན་གཟིགས་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་ས་བཅུའི་གྲངས་ལྡན་བསྟོད་ཚིག་འདི་ཡང་གནས་ཡིག་ཕྱོགས་སྒྲིག་བགྱིད་སྐབས་ས་བཅད་སྟོང་མིན་ཙམ་དུ་རྒན་པོའི་ངག་སྒྲོས་ཡིག་ཐོག་ཏུ་འགོད་པ་པོ་ནི་ཡི་དམ་རྡོ་རྗེའོ། །