ཕུར་རྩ་ཚུལ་ཁྲིམས་ལ་གདམས་པ།
བླ་མའི་ཞབས་ལ་གུས་པས་ཕྱག་བྱས་ནས། །ཁྱོད་ལ་བརྩེ་བས་མཆིད་འདི་བདག་གིས་བྲི། །མི་ལུས་འདི་ནི་ཤིན་ཏུ་རྙེད་པར་དཀའ། །མི་རྟག་འཆི་བ་ནམ་འོང་ངེས་པ་མེད། །མཚན་ལྡན་བླ་མ་མཇལ་བ་ད་རེས་ཙམ། །ད་རེས་མྱུར་དུ་ཆོས་ལ་མ་འབད་ན། །ཕྱི་ནས་འདི་འདྲའི་སྐལ་བཟང་རྙེད་དཀའ་བས། །གཅིག་ཏུ་བརྩོན་པས་མི་ཚེ་དོན་ཡོད་གྱིས། །ཡིད་ཆེས་བློ་གཏད་ནམ་ཡང་མི་འགྱུར་བས། །མཆོག་གསུམ་བླ་མ་སྤྱི་བོའི་ཐོད་བཞིན་བཀུར། །གེགས་དང་གོལ་ས་བར་ཆད་མི་འབྱུང་ཞིང་། །ཆེ་འབྲེལ་ཆུང་འབྲེལ་གཅིག་ཏུ་ཚང་བའི་ཆོས། །ཉམས་ལེན་སྙིང་པོ་རིན་ཆེན་བྱང་ཆུབ་སེམས། །འདི་དང་རང་སེམས་འདྲེས་པའི་སྐལ་བཟང་ཞིག །བྱུང་ན་དེ་བས་ལྷག་པའི་ཆོས་མི་དགོས། །ཟ་ཉལ་འགྲོ་འདུག་བྱ་བ་ཇི་བྱེད་ཀྱང་། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །བསམ་པ་བཟང་པོ་འདི་དང་མ་བྲལ་ན། །རྒྱལ་བའི་ལམ་ལས་གཞན་དུ་འཕྱུགས་པ་མེད། །འདུ་འབྲལ་མེད་པའི་མོས་གུས་གདུང་ཤུགས་ཀྱིས། །རྩ་བའི་བླ་མར་རྒྱུན་དུ་གསོལ་བ་ཐོབ། །ལས་འབྲས་བསླུ་མེད་དཔང་པོར་བཙུགས་ནས་ནི། །སྲོག་གི་ཕྱིར་ཡང་སྡིག་པའི་བྱ་བ་སྤོང་། །འཆི་ཚེ་རང་ལ་འགྱོད་པ་མི་འབྱུང་ཙམ། །བྱུང་ན་དལ་འབྱོར་དོན་ཡོད་བྱ་བ་ལགས། །ལྷ་དང་བླ་མ་མཆོག་གི་བྱིན་རླབས་དང་། །བདག་གི་ལྷག་བསམ་དག་པའི་རྟེན་འབྲེལ་གྱིས། །སྨྲས་པའི་ཚིག་འདི་གྲོགས་པོ་ཁྱོད་ཉིད་ཀྱི། །རྒྱུད་ལ་འབྱོར་ནས་བསམ་པ་འགྲུབ་པར་ཤོག །ཅེས་ཕུར་རྩ་ཚུལ་ཁྲིམས་ལ་གདམས་པ་དགེའོ།། །།