Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་བཅུ་པ་ཆོས་སྤྲིན་བཤད་པ།
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousས་བཅུ་པ་ཆོས་སྤྲིན་བཤད་པ།next

ས་བཅུ་པ་ཆོས་སྤྲིན་བཤད་པ།


GLG012_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་པ་ཆོས་སྤྲིན་བཤད་པ།གང་ཞིག་མཁྱེན་པའི་ལྕགས་ཀྱུ་ཡིས། །དགེ་བའི་ཡོན་ཏན་ཀུན་སྡུད་པ། །དགེ་སྦྱོང་ཆོས་ཀྱིས་ཉེར་ཞི་བའི། །དགེ་ལེགས་འཕེལ་མཛད་བླ་མ་རྒྱལ། །བཞི་པ་ལ་ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། ས་བཅུ་པ་ལ་གནས་པ་དེ་ཡིས་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་འཐོབ་སྟེ། །ཕྱོགས་བཅུ་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་དམ་པ་འཐོབ་པའི་ཕྱིར། དེ་ཆོས་ཅན། ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་འཐོབ་སྟེ། དེའི་མི་མཐུན་པས་གཏན་ནས་མ་གོས་པའི་ཡེ་ཤེས་འཐོབ་པའི་ཕྱིར། ཤེས་བྱ་ཆོས་ཅན། ས་


GLG012_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟ་བར། འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་སྤེལ་བའི་ཆེད་དུ། རྒྱལ་སྲས་འདི་ལས་ཀྱང་ལྷུན་གྱིས་གྲུབ་པའི་ཆོས་ཆར་འབེབས་པའི་ཕྱིར། གཉིས་པ་ནི། ཡོན་ཏན་འཐོབ་ཚུལ་ཡོད་དེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་འཐོབ་པའི་ཕྱིར། མཐུ་ཕུལ་དུ་བྱུང་ཚུལ་ཡོང་དེ། ཤེས་སྒྲིབ་ཟད་པར་སྤངས་ནས་སངས་རྒྱས་ཀྱི་སར་འཕོ་ནུས་པའི་ཕྱིར། སྐྱེ་བ་འཛིན་ཚུལ་ཡོད་དེ། ལྷའི་བུ་དབང་ཕྱུག་ཆེན་པོར་སྐྱེ་བའི་ཕྱིར། ཆོས་ཀྱི་སྤྲིན་ཞེས་བརྗོད་དེ། རྒྱན་ལས། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་པའི་ཕྱིར། ཛྙཱ་ཁོང་དུ་ཆུད་པའི་བྱིངས་ལས། ཨིནྲ་ཛི་ཀྲོ་ཥི་རྣམས་ལས་ན་ཀྲའོ་ཞེས་པས་ན་ཀྲའི་རྐྱེན་བྱིན་པས་ཛྙཱ་ན་ཞེས་པ་ཡེ་ཤེས་སོ། །ཤེས་བྱ་ཆོས་ཅན། དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཅུ་པ་བཤད་དེ། དེའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟན་པའི་ཕྱིར། སྨྲས་པ། བ་མོ་ལྟ་བུའི་མགོ་སྐྱེས་ཅན། །བློ་གྲོས་ཆེས་ཆེར་རྨོངས་རྣམས་ལ། །བྱེད་པོ་བཞིན་དུ་མང་སྤྲུལ་ཡང་། །བྱ་རྩོལ་ཙམ་གྱིས་ངལ་བའི་རྒྱུ། འཇུག་པ་གསལ་བྱེད་ཐེག་ཆེན་རྒྱ་མཚོའི་གྲུ་རྫིངས་ལས། སེམས་བསྐྱེད་པ་བཅུ་པ་བཤད་ཟིན་ཏོ། །བློ་གྲོས་ཆུ་འཛིན་དག་ལས་ཕར་ཕྱིན་གྱི། །ལེགས་བཤད་གྲུ་ཆར་མང་དུ་གཡོས་ཟིན་ནས། །སླར་ཡང་ས་བཅུ་འབྲས་བུར་བཅས་པ་ཡི། །རྣམ་གཞག་དབྱར་གྱི་རྔ་གསང་འདི་ནའོ། །གཉིས་པ་ས་བཅུའི་ཡོན་ཏན་བསྟན་པ་ལ་གསུམ།


GLG012_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་པོའི་ཡོན་ཏན་བཤད་པ། ས་གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ། དག་པ་ས་གསུམ་གྱི་ཡོན་ཏན་བཤད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་དང་པོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་སྟེ། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡིས་ནི་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་། བརྒྱ་པོ་དེ་དག་གིས་རང་བྱིན་གྱིས་བརླབས་ཀྱང་སྟེ་བརླབས་པ་ཡང་བྱང་སེམས་འདི་ཡིས་རྟོགས་པ་དང་། ས་དང་པོ་ལ་གནས་པ་དེ་ཉིད་ཀྱི་ཚེ་ན་ཚེ་བསྐལ་པ་བརྒྱར་གནས་པར་ནུས་པ་དང་། སྔོན་དང་ཕྱི་མའི་མཐའི་བསྐལ་པ་བརྒྱར་ཡང་ཡེ་ཤེས་ཀྱི་གཟིགས་པ་ཡང་དག་པར་འཇུག་པ་དང་། བློ་ལྡན་ཏེ་བྱང་སེམས་འདིས་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་གཏོང་བ་སྟེ་ལྡང་བར་བྱེད་པ་དང་། བྱང་སེམས་འདི་ཡིས་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་སྣང་བར་ནུས་པ་དང་། དེ་བཞིན་དུ་རྫུ་འཕྲུལ་གྱིས་བྱང་སེམས་དེས་སེམས་ཅན་བརྒྱ་ཕྲག་སྨིན་པར་བྱེད་པ་དང་། བརྒྱ་ཕྲག་གི་གྲངས་དང་རྗེས་སུ་འབྲེལ་བ་སྟེ་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཡང་འགྲོ་བར་འགྱུར་བ་དང་། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་མི་འདྲ་བ་བརྒྱ་རྣམས་ཡང་དག་པར་འབྱེད་པར་བྱེད་པ་དང་། ཐུབ་དབང་གི་སྲས་པོ་འདིས་རང་གི་ལུས་ལ་ལུས་བརྒྱ་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན་པ་དང་། ལུས་ནི་བརྒྱ་པོ་རེ་རེ་ཞིང་ཡང་རྒྱལ་བའི་སྲས་པོ་བརྒྱ་ཕྲག་རེ་རེ་དག་དང་རྗེས་སུ་འབྲེལ་བའང་སྟོན་པའི་རང་གི་འཁོར་དང་བཅས་པས་མཛེས་


GLG012_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འབྱོར་པ་དང་བཅུ་གཉིས་འཐོབ་པའི་ཕྱིར། གཉིས་པ་ནི། བློ་ལྡན་ས་རབ་ཏུ་དགའ་བར་གནས་པས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་གྱུར་ནས་ས་གཉིས་པར་འཕོས་པ་ན་ས་དང་པོ་ལ་བཤད་པ་དེ་བཞིན་ཁོ་ནར་དྲི་མ་མེད་པ་ལ་གནས་པས་ཆོས་ཅན། ས་དང་པོ་ལས་ཡོན་ཏན་ལྷག་སྟེ། ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་སྟོང་དུ་བྱས་པ་ནི་ཡང་དག་པར་ཐོབ་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། ས་གསུམ་པ་ནས་བདུན་པའི་བར་ལྔ་པོ་འདི་དག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྔ་པོ་ཡིས་ནི་སྔ་མ་སྔ་མ་ལས་ནི་ཕྱི་མ་ཕྱི་མ་ཡོན་ཏན་ལྷག་པ་འཐོབ་པ་ཡིན་ཏེ། གསུམ་པར་ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་འབུམ་ཕྲག་རེ་དང་བཞི་པར་བྱེ་བ་བརྒྱ་ཕྲག་འཐོབ་ཅིང་། ལྔ་པར་བྱང་སེམས་དེ་ཡིས་བྱེ་བ་སྟོང་འགྱུར་འཐོབ་ལ། དེ་ནས་དྲུག་པར་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཏེ་བྱེ་བ་འབུམ་ཡང་འཐོབ་ཅིང་། བདུན་པར་བྱེ་བ་ཕྲག་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་པ་དང་། བྱེ་བ་ཕྲག་ཁྲག་ཁྲིག་ཕྲག་བརྒྱ་པོ་དེ་སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་བས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མཐའ་དག་རབ་ཏུ་ཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ས་བརྒྱད་པ་བ་དེ་ས་བདུན་པ་མན་ཆད་ལས་ཆེས་ལྷག་པ་ཡིན་ཏེ། ས་བརྒྱད་པ་མི་གཡོ་བའི་སར་གནས་པ་བདེན་འཛིན་གྱི་རྣམ་རྟོག་མེད་པ་དེས་ཡོན་ཏན་བཅུ་གཉིས་པོ་དེ་དག་ནི་རེ་རེ་ནས་ཀྱང་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པ་སྟེ་སྟོང་གསུམ་འབུམ་ཕྲག་གཅིག་གི་འཇིག་


GLG012_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་རྡུལ་གྱི་གྲངས་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པ་ཐོབ་པར་འགྱུར་བའི་ཕྱིར། ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ནི་ཆོས་ཅན། ས་བརྒྱད་པ་མན་ཆད་ལས་ཡོན་ཏན་ཆེས་ལྷག་སྟེ། སྔར་བསྟན་པའི་ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་སྟོང་གསུམ་གྲངས་མེད་བརྒྱ་ཕྲག་སྟོང་དུ་སྟེ་འབུམ་དུ་ཡང་དག་པར་བསྡོམས་པ་ཕྲག་བཅུའི་རྡུལ་གྱི་གྲངས་ཚད་དང་མཉམ་པ་ཐོབ་པར་འགྱུར་བའི་ཕྱིར། རེ་ཞིག་ས་བཅུ་པ་འདིར་ཆོས་ཅན། ས་དགུ་པ་མན་ཆད་ལས་ཆེས་ལྷག་པའི་ཡོན་ཏན་འཐོབ་སྟེ། ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་ངག་གི་སྤྱོད་ཡུལ་ལས་ཆེས་འདས་པར་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མ་ཡིན་པ་བསྡོམས་པ་སྟེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ན་རྡུལ་གྱི་གྲངས་དང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་ཐོབ་པར་འགྱུར་བའི་ཕྱིར་དང་། རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་དང་། རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲང་བ་ལས་འདས་པ་རེ་རེ་ཞིང་བྱང་སེམས་དཔག་གིས་མི་ལང་བའི་འཁོར་དང་ལྷན་ཅིག་པ་རྣམས་དང་། དེ་བཞིན་དུ་འགྲོ་བ་རིགས་ལྔའི་ལྷ་དང་ལྷ་མིན་མི་ལ་སོགས་པ་ཐ་དད་པ་དག་ཀྱང་མ་འདྲེས་པར་སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས་པའི་ཕྱིར་རོ། །སྨྲས་པ། ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས། ལེགས་འོངས་སྐུ་གསུམ་རྟ་ལྗང་ཅན། །ཕན་བདེའི་འོད་སྟོང་འགྱེད་པ་ཡི། །ཆོས་ཚུལ་འདི་


GLG012_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཀོས་ཡིད་རབ་འཕྲོགས། དཀོན་མཆོག་རྒྱལ་བ་མ་ལུས་པའི། །ཆོས་ཚུལ་འཕེལ་མཛད་བླ་མ་རྗེ། །སྨྲ་བའི་རྣམ་དཔྱོད་དེ་དྲན་ཚེ། །འཇམ་དབྱངས་གཞོན་ནུར་ངེས་པ་རྙེད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འབྲས་བུའི་ས་ལ་ལྔ། དང་པོར་སངས་རྒྱས་པའི་ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་གཞགསྤྲུལ་སྐུ་བསྟན་པ། ཐེག་པ་གཅིག་ཏུ་བསྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། རྩོད་སྤོང་ངོ་། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། འོག་མིན་དུ་ནི་གང་གི་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་ཏུ་ཞི་བ་ཡོན་ཏན་མཐའ་དག་མཐར་ཐུག་ཅིང་མཚུངས་པ་མེད་པའི་བླ་ན་མེད་པ་ཡེ་ཤེས་དེ་ཁྱོད་ཀྱིས་བརྙེས་ཏེ། གང་གི་ཕྱིར་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་སྣང་བས་གཟུགས་གསལ་བར་གྱུར་པ་ལྟར། སྔོན་གྱི་ཚེ་སྟོབས་བཅུ་པ་བསྐྱེད་པའི་ས་བཅུ་པ་ལ་ཁྱོད་ཀྱིས་སླར་ཡང་འབད་པར་གྱུར་པའི་འབྲས་བུ་མཐར་ཐུག་བརྙེས་པའི་ཕྱིར། དེ་ཆོས་ཅན། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ། རོ་མཉམ་ཉིད་དུ་དེ་ཁོ་ན་ཉིད་ཡང་དག་པར་ཐུགས་སུ་ཆུད་པར་མཛད་པ་མཐར་ཕྱིན་པར་གྱུར་པའི་ཕྱིར་ཏེ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་ཐོགས་བཅས་ཀྱི་རེག་པ་བཀག་ཙམ་མ་གཏོགས་པའི་དབྱེ་བ་མེད་པ་དེ་ལྟར་དུ། དངོས་པོས་བྱས་པའི་དབྱེ་བ་འགའ་ཡང་མེད་པའི་དེ་ཁོ་ན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེའི་ཕྱིར། གཉིས་པ་ལ་རྩོད་ལན་གཉིས། དང་པོ་ནི། གང་གི་


GLG012_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རང་བཞིན་གྱིས་ཞི་བ་དེ་ཁོ་ན་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་པར་མི་འགྱུར་ཞིང་། བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་དུ་ངེས་པར་རིགས་པའང་མ་ཡིན་ལ་ཡུལ་ཀུན་ནས་ཤེས་པ་མེད་པར་ནི་ཤེས་པར་ཇི་ལྟར་འགྱུར་ཏེ། ཤེས་པར་འགལ་བར་འགྱུར་ལ། དེ་ལྟ་ན་དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་པར་ཁྱེད་ཀྱིས་གཞན་ལ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་འདི་ལྟ་བུའོ་ཞེས་སུ་ཞིག་སྟོན་པར་བྱེད་རིགས་ཏེ་མི་རིགས་སོ་ཞེ་ན། གཉིས་པ་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་རྩོད་པ་སྤང་བ། མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། དེ་ཆོས་ཅན། ཆོས་སྟོན་པའི་ཀུན་སློང་གི་རྟོག་པ་མེད་ཀྱང་ཐ་སྙད་བདེན་པ་ལ་ཉེ་བར་བརྟེན་ནས་དེ་ཁོ་ན་ཉིད་རིག་པ་ཡིན་ཏེ། དེ་ཁོ་ན་ཉིད་དེའི་རྣམ་པ་བསྟེན་པ་སྟེ་འཛིན་པ་ལས་ཁྱོད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་བཞག་པའི་ཕྱིར་ཏེ། གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་པ་དེ་ཁོ་ན་ཉིད་ཡིན་ཞིང་བློ་ཡང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བའི་རྣམ་པ་ཅན་དུ་སྐྱེས་པ་དེའི་ཚེ་སྟེ་དེའི་ཕྱིར། ཇི་ལྟར་སྔོན་པོ་འཛིན་པའི་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ་སྔོན་པོ་དེ་ཡོངས་སུ་ཤེས་པར་བཞག་པ་དེ་བཞིན་ནོ། །གཉིས་པ་ནི། དེ་ཆོས་ཅན། ཀུན་སློང་གི་རྣམ་རྟོག་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་ཟིན་པའི་སངས་རྒྱས་དེ་ཡི་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པ་དང་སྤྲུལ་པ་དེའི་མཐུས་ནམ་མཁའ་དང་རྩི་ཤིང་སོགས་གཞན་ལས་སྒྲ་གང་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་འབྱུང་བ་དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཁོ་ན་ཉིད་རིག་པའི་ཕྱིར། དེ་ཆོས་ཅན། ཆོས་


GLG012_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། ད་ལྟ་རྣམ་རྟོག་སྐྱེས་པའི་རྩོལ་བ་མེད་བཞིན་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ཉིད་ལ་བཞུགས་པ་དེའི་འཕྲིན་ལས་འཇུག་པ་ནི་གདུལ་བྱའི་སྐྱེ་བོའི་དགེ་བ་དང་རང་གི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་འཕངས་པ་ལས་ཆེས་བསམ་གྱིས་མི་ཁྱབ་པའི་ཕྱིར། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འཇིག་རྟེན་འདིར་ཡུན་རིང་དུ་ཆེས་འབད་པས་བསྐོར་བའི་འཁོར་ལོ་ནི་རྫ་མཁན་དེའི་རྩོལ་བ་ད་ལྟར་སྐྱེས་པ་མེད་བཞིན་དུའང་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུར་མཐོང་བ་ལྟར་དེ་བཞིན་ནོ། །གཉིས་པ་ལ་གཉིས། སྐུའི་རྣམ་གཞག་དང་། སྟོབས་ཀྱི་ཡོན་ཏན་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། རྒྱུ་མཐུན་གྱི་སྐུ་བཤད་པའོ། དང་པོ་ནི། གཉིས་སྣང་གི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པས་དྲི་མ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཉིད་ཞི་བ་དེ་ཆོས་ཅན། རྒྱལ་བ་རྣམས་ཀྱི་ཆོས་སྐུ་ཞེས་བྱ་སྟེ། དྲི་མ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་ཆོས་ཅན། དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་སྐུ་དེ་མངོན་དུ་མཛད་དེ། སེམས་སེམས་བྱུང་གི་རྣམ་རྟོག་འགགས་པའི་སྒོ་ནས་དེ་ཁོ་ན་ཉིད་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཕྱིར། གཉིས་པ་ནི། འདི་ནི་ཆོས་ཅན། སྤྲོས་པ་ཞི་བའི་སྐུ་ཡིན་ཀྱང་སེམས་ཅན་གྱི་དོན་མཛད་པའི་ནུས་པ་གསལ་བར་གྱུར་པ་ཡིན་ཏེ། དཔག་བསམ་གྱི་ཤིང་ལྟ་བུ་དང་ཡིད་བཞིན་གྱི་ནོར་བུ་ཇི་བཞིན་དུ་རྣམ་པར་མི་རྟོག་བཞིན་དུ་མཉམ་གཞག་ཏུ་གཉིས་སྣང་གི་སྤྲོས་པ་དང་བྲལ་བའི་བྱང་སེམས་ལ་


GLG012_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་འགྱུར་བའི་སྒོ་ནས་འགྲོ་བ་ཐམས་ཅད་གྲོལ་གྱི་བར་དུ་འཇིག་རྟེན་གྱི་འབྱོར་པའི་སླད་དུ་རྟག་པར་བཞུགས་པའི་ཕྱིར། གསུམ་པ་ལ་གསུམ། སྐུ་དང་བ་སྤུའི་ཁུང་བུ་གཅིག་ཏུ་རང་གི་སྤྱོད་པ་ཀུན་སྟོན་ཚུལ། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པའོ། །དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་གི་སྤྱོད་ཚུལ་ཀུན་སྐུའི་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། དུས་གཅིག་ཁོ་ནར་ཐུབ་དབང་གི་ལོངས་སྤྱོད་རྫོགས་པ་སྐུ་དེའི་རྒྱུ་མཐུན་གྱི་གཟུགས་སྐུ་གཅིག་ལ་རང་གི་སྐྱེ་བའི་གནས་སྐབས་སྔར་བྱུང་ཟིན་ད་ལྟ་འགགས་པ་གསལ་བ་དང་མ་འཚོལ་བ་སྔར་བྱུང་ཚུལ་ནི་མ་ལུས་ཀྱིས་བཀྲ་བ་མཐའ་དག་སྟོན་པར་མཛད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཇི་འདྲར་ཐུབ་དབང་དེ་དང་། སངས་རྒྱས་དེ་དག་གི་སྐུ་དང་སྤྱོད་པའི་མཐུ་སྟོབས་ཇི་འདྲ་དང་། འཁོར་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་ཇི་ལྟ་བ་དང་། ཞིང་དེར་བྱང་སེམས་རྣམས་གཟུགས་ཇི་འདྲ་དང་། ཇི་འདྲའི་ཆོས་བསྟན་པ་དང་། ཞིང་དེར་བདག་ཇི་འདྲར་གྱུར་པ་དང་། ཆོས་ཐོས་ནས་སྤྱོད་པ་གང་ལ་སྤྱོད་པ་དང་། སངས་རྒྱས་སྲས་བཅས་དེ་དག་ལ་སྦྱིན་པ་གང་ཇི་ཙམ་ཕུལ་བ་དེ་ནི་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སྤྱོད་པའི་ཚེ་སྔར་གྱི་གནས་སྐབས་གང་མ་ཚང་བ་མེད་པ་དེ་དག་དང་། སྔོན་གྱི་རང་ཉིད་ཀྱི་སྤྱོད་པ་ཀུན་སྐུའི་བ་སྤུའི་ཁུང་བུར་ཡང་གསལ་བར་སྟོན་པའི་ཕྱིར།


GLG012_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། དེ་ཆོས་ཅན། གཞན་གྱི་སྤྱོད་ཚུལ་ཀུན་སྐུའི་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། སངས་རྒྱས་གང་དག་འདས་པ་དང་འབྱུང་བར་འགྱུར་བ་གང་དང་། གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར་གསུང་གི་གདངས་མཐོན་པོས་ཆོས་སྟོན་པས་སྡུག་བསྔལ་གྱིས་བཟུང་བ་སྟེ་གཟིར་བའི་འགྲོ་བ་རྣམས་དབུགས་འབྱིན་ཞིང་འཇིག་རྟེན་ན་བཞུགས་པ་དང་། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སྙིང་པོའི་བར་དུ་སངས་རྒྱས་དེ་དག་གི་སྤྱོད་པ་ཀུན་དངོས་པོ་རྣམས་མིག་འཕྲུལ་གྱི་རང་བཞིན་ལྟ་བུར་མཁྱེན་ནས་བདག་གི་སྤྱོད་ཚུལ་སྟོན་པ་དེ་བཞིན་དུ་བ་སྤུའི་ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན་པའི་ཕྱིར་དང་། དེ་བཞིན་དུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་འཕགས་པ་དང་། ཉན་ཐོས་མ་ལུས་པའི་སྤྱོད་པ་དང་། དེ་དག་གི་ལྷག་མ་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ནི་ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་གི་ཚེ་སྟོན་པའི་ཕྱིར། གསུམ་པ་ནི། སངས་རྒྱས་ཆོས་ཅན། བཞེད་པ་ལ་མངའ་བསྒྱུར་ཏེ། ཉེས་ཀུན་དག་པ་འདི་ནི་བཞེད་པ་ཙམ་གྱིས་འཇུག་པ་ཡིས། རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་སྟོན་པ་དང་། འཇིག་རྟེན་མཐའ་ཡས་པའི་ཕྱོགས་ལ་རྡུལ་གཅིག་གིས་ཁྱབ་པར་སྟོན་མོད་ཀྱང་། རྡུལ་རགས་པ་དང་འཇིག་རྟེན་ཕྲ་བར་ཡང་མི་འགྱུར་བའི་ཕྱིར། རྣམ་རྟོག་མི་མངའ་བ་ཁྱོད་ཀྱིས་སྲིད་མཐའི་བར་དུ་སྐད་ཅིག་མ་དེ་རེ་རེ་ལ་སྤྱོད་པ་སྣ་ཚོགས་པ་ཇི་སྙེད་སྟོན་པ་དེ་སྙེད་ནི། འཛམ་བུའི་གླིང་མ་ལུས་པའི་རྡུལ་གྱི་གྲངས་གང་དེ་སྙེད་
ཀྱི་གྲངས་ལ་མེད་པའི་ཕྱིར།


previousས་བཅུ་པ་ཆོས་སྤྲིན་བཤད་པ།next