Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of གཡར་ཁང་
[Clear Hits]


  
 collapse section
  
  
  
  
  
  
  
  
  
  
 
  
collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་མེ་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
 
  
  
  
  
  
 
  
  
  
  
  


3 occurrences of གཡར་ཁང་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །མེ་རྟ་སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས། གནམ་ལོ་གསར་ཚེས་ཀྱི་ལེགས་སྐྱེས་འཕྲིན་ཡིག་བྱུང་བའི་ལན། སྒྲུབ་པའི་དམ་བཅའ་ཕ་རོལ་དུ་ཕྱིན་པར་བསྔགས་པ། པྲཱ ར ཀྟ རོ མ རུ ཙི བྷ རྵ ཧ ཡཱ ཎ མ ངྒ ལྱཾ ཤྲེ ཡེ ཅི ཧྞ ཅ ས མུ དྲི ཀ པཱུ ལ ལ གྷྱ། ཙཱ ཏུ རྠ སེ ན ན བ དྷཱ བ ཙ ལེ ན སཽ ཧི ཏྱཾ བྷཱུ ཏྶ སུ ཥྚ ཙ ར ཎཱ དི ཅ ན ནྡ ཀོ ཏྶ། རབ་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)དམར་སྤུ་སྡུག་ལྡན་པ་གནམ་ལོའི་རྟ། །བཀྲ་ཤིས་དགེ་མཚན་རྒྱ་མཚོའི་སྒ་སྲབ་ཅན། །སྡེ་བཞིའི་གསར་འགྲོས་བང་གིས་ཕན་བདེའི་སར། །དཀྱུས་ཐོག་གཅོད་པའི་ཐོག་མའི་དགའ་སྟོན་ཚེ། །(༡༧༠བ)


GLG019_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་ཚངས་དབང་སྲས་མོ་ཉེར་ཞུགས་པ། །སྙན་གྲགས་ཕྱོགས་ཀྱི་མཐར་ཁྱབ་དཔྱོད་ལྡན་གྱི། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་པི་ཝང་ལས། །ཉམས་དང་འགྱུར་བའི་རྒྱུད་མངས་འཁྲོལ་ཏེ་སོན། །རྟག་ཏུ་གསོང་པོར་སྨྲ་བའི་མཐུ་བརྟས་པ། །བདེན་ཚིག་གྲུབ་པའི་ཤིས་བརྗོད་འཕྲེང་བ་དང་། །ལྷན་ཅིག་བདོག་པའི་སྐྱེས་ཀྱི་མུ་ཏིག་ཆར། །འབབ་པའི་འཁྲི་ཤིང་གཉིས་པ་མངོན་སུམ་བཞིན། །སྐྱེ་བར་ཕྱིན་དྲུག་སྤྱོད་པའི་རྒྱ་མཚོ་ཆེ། །སྨོན་ལམ་རི་དབང་སྒྲིལ་ལས་རབ་འཐོན་པ། །འདུ་ཕུང་ཡོངས་འདུའི་མཆེད་ཟླ་གྲུབ་རིས་ཀྱི། །བསྟན་པའི་ནམ་མཁར་ཆ་ཐུན་གང་འདི་མཛེས། །འདི་ན་འགྲོ་ཀུན་བདེ་སྐྱིད་རྒྱལ་བསྟན་དུ། །ངེས་ནས་མི་ནུབ་སྤེལ་ཕྱིར་ཐོས་བསམ་སྒོམ། །བསྒྲུབ་འདོད་བརྩོན་པའི་ཤུགས་ལྡན་རང་གི་སེམས། །ཟླ་འོད་སྟོང་གིས་འཁྱུད་པའི་གངས་རི་བཞིན། ཁྱོད་བློ་ཡངས་པའི་མིག་རྒྱང་རིང་པོ་ཡིས། །གནས་ལྔ་རིག་པའི་ཕ་མཐའ་ཡོངས་གཞལ་བས། །འཕགས་ཡུལ་ཙནྡྲ་གོ་མིའི་རྣམ་པར་ཐར། །ལྗོངས་འདིའི་འགྲོ་ལ་མངོན་སུམ་སྟོན་པ་བཞིན། །སྔོན་བྱུང་གྲུབ་པའི་རིང་ལུགས་ལྗོན་པའི་ཚལ། །རྩོད་དུས་རླུང་གིས་སྦར་བའི་ཆགས་སྡང་མེས། །བསྲེགས་པའི་སྡོང་དུམ་ཚངས་པའི་ཡུལ་ས་ལས། །བརྒལ་བར་རྩོམ་འདི་སྙིགས་མའི་རང་མཚང་སྐྱོན། །ཉོན་མོངས་ནད་ཀུན་གསོ་བྱེད་སྨན་གྱི་བླ། །ཕག་གྲུའི་ཐུགས་རྗེས་གང་གི་སྙིང་དབུས་སུ། །སིམ་པས་སྙིང་པོ་གྲུབ་པའི་རྒྱལ་མཚན་རྐང་། །འཛིན་པའི་དམ་བཅའི་ཕ་རོལ་ཕྱིན་ནམ་སྙམ། །འོན་ཏེ་དུས་ངན་གདུལ་བྱ་ཐ་རྒོད་སར། །ངེས་དོན་ས་བོན་ཕལ་ཆེར་ཆུད་གཟོན་རྒྱུ། །མི་ཟད་ཚིག་གི་གཏེར་ལ་མཐའ་མེད་ཀྱང་། །ཐོས་པས་ངོམས་མེད་ཤེས་ལྡན་སྤྱི་ཡི་ལུགས། །མཁས་ཁྱོད་འཛུམ་པའི་གཡར་ངོ་ལས་སྐྱུགས་ཀུན། །ལེགས་བཤད་རོ་བརྒྱ་བདའ་བའི་ཕུང་པོ་སྟེ། །སླད་མར་འཛད་མེད་(༡༧༡ན)


GLG019_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལོ་བཟེད་ཞལ་དུ། །རྟག་པར་འཁྱིལ་བའི་དགའ་སྟོན་ལྷུར་བྱོས་ཤིག །མོལ་མཆིད་འཕྲིན་ཡིག་དྲི་ཟའི་གར་མཁན་ཅན། །བཀྲ་ཤིས་རེ་ཁ་ཐགས་རིས་རབ་བཀྲའི་གོས། །མནབས་ཏེ་ཐུན་མཚམས་རྟགས་ཀྱི་དགའ་མ་ཡིས། །འཁྱུད་པའི་རྩེ་དགའ་ཁོང་ནས་དགོད་འདིའོ། །མེ་རྟ་བསམ་ཡས་ནས་བསྟན་སྲུངས་གནོད་སྦྱིན་ཆེན་པོས། མགོ་བརྙན་ཅན་གྱི་རྒྱལ་མཚན་གསར་དུ་བཟོ་བཞེང་གི་སྟ་གོན་སྐབས། རྒྱལ་མཚན་གྱི་ཁྲར་འོས་པའི་གོས་ཕྱིར་བསྲིངས་དགོས་ཚུལ་གྱི་གསུང་འཕྲིན་མཆོད་དཔོན་བློ་བཟང་མཐུ་སྟོབས་ལ་བསྐུར་བ་ལྟར། འཕྱོང་རྒྱས་ལྕང་གླིང་པ་བསོད་ནམས་དབང་པོ་འཕུལ་བར་བཏང་སྐབས་ཀྱི་འཕྲིན་གསོལ་གནོད་སྦྱིན་དགྱེས་ཞལ་རབ་འཛུམ། མཐུ་སྟོབས་གནམ་ལྕགས་རྡོ་རྗེ་ཡིས། །དགྲ་བགེགས་བྲག་རི་ཕྱེར་འཐག་ཀྱང་། །སྒྲུབ་པོའི་རེ་བ་སྐོང་བ་ལ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ། །བསྟན་སྲུངས་གནོད་སྦྱིན་ཆེན་པོ་ཞེས། །དྲེགས་པ་ཀུན་གྱི་དབང་ཕྱུག་ཆེའི། །རྡོ་རྗེའི་གསུང་ཤོག་ཐུན་འཚམས་ཀྱི། །ཕྱག་རྒྱའི་ལང་ཚོའི་སྤྲོས་པ་འབྱོར། །དུས་གསུམ་སངས་རྒྱས་མ་ལུས་པའི། །བདག་ཉིད་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཞལ་བཞེས་གཡར་དམ་ལས། །ནམ་ཡང་གཡོ་བ་མེད་པའི་ཕྱིར། །བླང་དང་དོར་བྱའི་གནས་རྣམས་ཀུན། །མངོན་སུམ་གཟིགས་པའི་སྤྱན་རས་ཀྱིས། །བསྟན་ལ་ཡིད་སྤྲོས་བརྗེད་མེད་དུ། །ཇི་བཞིན་བསྒྲུབ་པའི་འདུན་སར་གནས། ཁ་དོག་སྣ་ལྔའི་གོས་ཡུག་དང་། །ཤམ་བུར་འོས་པའི་དར་ཡུག་གསུམ། །སྔགས་དང་ཕྱག་རྒྱས་འཛད་མེད་ཀྱི། །ནམ་མཁའ་མཛོད་དུ་སྤྲུལ་ནས་འབུལ། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་དང་། །ས་དབང་རྒྱལ་པོའི་མངའ་ཐང་སྤེལ། །རིགས་འཛིན་བདག་གི་བསམས་པའི་དོན། །ལྷུན་གྱིས་གྲུབ་པར་མཛོད་ཅིག་ཀྱེ། །སྙན་ཤལ་དར་དཀར་ཟུང་འབྲེལ་དང་། །ས་ཡི་ཟླ་བ་ཞོ་བཞིར་བཅས། །བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན། །(༡༧༡བ)


GLG019_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་པོ་ཏ་ལ་ནས་བྲིས། །འབྲི་གུང་ཀ་ཚལ་བླ་མ་དཀོན་ཅོག་ལྷུན་གྲུབ་བཅས་གསང་ཆེན་སྙིང་མར་གསལ་ཤིང་གྲུབ་བརྙེས་དེས་འཕྲིན་ཡིག་བྱུང་བའི་ལན་ཐེག་མཆོག་བདུད་རྩིས་མྱོས་པའི་མི་ཤིགས་སྲོག་གི་ཀ་བ། སཻ ངྒ ལ བཱ ཧཱུ ཏྤཱ ལི རྡོ ལོ ཙྪ ཡཡཛྙཱ ཁ ཌྒ ཀེ ས རཱ ཏེ།བྷ བ ཤི བ ཡཱ ཛ ཊ ཧཱ རཱཿ ཙྪེ ད ན ཀ དྷི ཥྛཱ ན ཡུ ཥྨ ང སཱི། དམར་(སྡེབ་སྦྱོར་འཕགས་མ།)སེར་དཔུང་པས་བཏེག་པའི་ཨུཏྤ་ལའི། །གེ་སར་ནས་གདེངས་མཁྱེན་པའི་རལ་གྲི་ཡིས། །སྲིད་ཞི་ཀུན་ཏུ་རྨོངས་ཆེན་དྲ་བ་རྣམས། །གཅོད་མཛད་འཇམ་དཔལ་རྡོ་རྗེས་ཁྱོད་བྱིན་རློབས། །གཙུག་ལག་མང་པོར་ལྟ་བའི་བློ་གྲོས་མིག །ནམ་མཁའི་ཕ་མཐའ་འཚོལ་བ་བཞིན་བགྲངས་ཀྱང་། །ཐེག་ཀུན་རྩེ་མོར་སོན་པ་རྫོགས་པ་ཆེའི། །རྣལ་འབྱོར་མཆོག་ལ་གཞོལ་དེའི་འཕྲིན་རྟེན་སོན། །སྐྱེ་མང་ཉེར་གོམས་ལེགས་བྱས་ས་བོན་ཚོགས། །དར་དྲག་ཡོངས་སྨིན་(༡༧༢ན)


GLG019_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བཟང་ཡོངས་འདུའི་ལྗོན། །ལང་ཚོའི་ཡལ་འདབ་ཕང་ཕུང་གཡོ་བའི་རྩེར། །ཐོས་བསམ་སྒོམ་པའི་འབྲས་བུ་དུད་དེ་སྤྲོ། །འདི་ན་སྦྲང་མའི་སྦྲང་རྩི་ལྟར་བསགས་ཆོས། ཁ་བཤད་རང་རྒྱུད་དྲེགས་པོར་ལུས་བཞིན་དུ། །གཞན་སྨིན་འགྲོ་ཕན་ལ་རྫུའི་སླུ་བྲིད་མར། ཁྲེལ་ཡང་ཉེར་འཇུག་སྨྱོན་པའི་ཟློས་གར་བཞིན། །ཟབ་གསང་ཆུས་གང་བཤེས་གཉེན་ཁྲོན་པ་ཡིས། །རྗེས་སུ་བསྙེགས་ཀྱང་ཕྱོགས་དེའི་ཡིད་ཅན་ཕལ། །འཐུང་འདོད་སེམས་ཀྱི་གདུང་བ་རྟ་རྔའི་ཆ། །བརྒྱ་ཕྲག་གཤགས་པའི་ཚད་བཞིན་རྣམ་པར་ཕྲ། །འོན་ཏེ་ཆེས་རྨོངས་སྐྱེ་རྒུ་སྦྱིན་སྐྱེས་དབུས། །གསར་རྙིང་གདམས་པའི་བདུད་རྩི་རབ་བཏུངས་ནས། །ངེས་ལེགས་སྲོག་གི་ཟུངས་ཐོབ་དཔྱོད་ལྡན་ཁྱོད། །ལྗོངས་འདིའི་ལྷ་མིན་དབང་པོ་སྒྲ་གཅན་བཞིན། །ཆོས་ཀུན་ཡེ་ནས་དག་པའི་མཁའ་དབྱིངས་ངོས། །སྣང་བཞིའི་འཇའ་ཚོན་རང་རིག་རྡོ་རྗེ་སེམས། །མངོན་སུམ་རང་ངོ་འཕྲོད་ལས་སངས་རྒྱས་པ། །གུད་ནས་འཚོལ་བར་བྱེད་རྣམས་བྱིས་པའི་བློ། །མ་དག་འདོད་པའི་ཁམས་ན་རྣམ་སྨིན་ལུས། །གནས་བཞིན་ལོངས་སྐུའི་ཞིང་ཁམས་མྱུལ་ནུས་པ། །པད་འབྱུང་དྲི་མེད་བཤེས་གཉེན་སྙིང་ཐིག་ལམ། །ཉམས་བསྟར་དལ་འབྱོར་ཐོབ་འཚེངས་འདི་ཀོ་མཚར། །དཀར་པོའི་བ་གམ་མཐོར་བརྩེགས་ལའང་ཁྱབ། །ཡིད་སྲུབས་ཆོ་ག་རྫོགས་པ་དགྲ་བགེགས་གཤེད། །ནག་པོ་མངོན་སྤྱོད་ལྕགས་རིའི་ཁོར་ཡུག་ནས། །དྲག་སྔགས་དམོད་པའི་མཚོན་ཆར་འབེབས་ཏེ་འཇེབས། །སྔོན་བྱུང་འཇམ་ཡིག་འཁྲུལ་པའི་རི་དྭགས་རྗེས། །བསྙེགས་ནས་མཁས་གྲགས་སཱི་ཏ་འཚོལ་འདོད་པ། །མི་བསྐྱོད་ནག་པོའི་ཅོད་པན་འཆང་བ་སོགས། །མང་ཞིག་ཆོས་སྤོང་མྱ་ངམ་ཐང་ལ་འཁྱམས། །དེ་ཕྱིར་རང་བཟོ་ཆོས་ལྟར་བཅོས་སྟོན་(༡༧༢བ)


GLG019_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཁན། །ལྟར་སྣང་བཤེས་གཉེན་མ་ཡིན་མུ་ཏིག་བཙན། །རིམ་བརྒྱུད་རཏྣ་སླར་བྱོན་ཆོས་ཀྱི་གྲགས། །བསྟེན་གང་བསོད་ནམས་བརྒྱ་ཕྲག་བསྐལ་པར་བསྒྲུབས། །ད་སྟེ་སྔོན་ཐོས་བསགས་པ་དོན་ལྡན་ཆེད། །སྒྲུབ་སྡེ་བརྒྱད་དང་བྱེ་བྲག་ཟིལ་གནོན་སོགས། །ཡི་དམ་ཆོས་སྲུངས་བསྙེན་སྒྲུབ་མཆོད་བསྟོད་དང་། །བདག་གཞན་བསྟན་པའི་དོན་པོར་ལས་ཀུན་རྩོམས། །ཀ་དག་སྣང་བཞིའི་བོགས་དབྱུང་དྷཱུ་ཏཱིའི་ལམ། །རྡུལ་དཀར་འབར་འཛག་མི་ཤིགས་འཁོར་ལོའི་ཁྱོན། །ཡོངས་གང་ལྷན་སྐྱེས་བདེ་ཆེན་གདོད་མའི་ཞལ། །ལྟ་བའི་རྣལ་འབྱོར་ལ་གཡུར་སྐལ་བཟང་དཔྱིད། །ཕྲ་ཞིབ་གཅོད་ཚེ་རྟོག་གེའི་ཐ་སྙད་ལ། །གོམས་པར་རིགས་མེད་ཨ་འཐས་འཁོར་བའི་རྒྱུ། །རྣལ་འབྱོར་མཆོག་གི་མ་དྲོས་ཀླུང་ཆེན་ལས། །གོང་འཕེལ་ཉམས་རྟོགས་སྐུ་བཞིའི་རྒྱ་མཚོར་འབབ། །བླང་དོར་རང་ཉམས་བསྟར་མི་ནུས་བཞིན་དུ། །གཞན་སྦྱོར་སྨྲ་བ་དམ་པའི་ཚུལ་མིན་ཀྱང་། །སྤོབས་པ་དགེ་བའི་མགྲིན་ལས་ལེགས་བཤད་ཀྱི། །རྒྱུད་མངས་གླུ་རུ་ལེན་ལ་ཟད་མཐའ་ཅི། །ཡིད་ཀྱི་ཀུནྡ་བཞད་ནུས་མཆིད་འཕྲིན་ཟླ། །རིགས་འཛིན་གདུང་གསོབ་ཁྱོད་བློའི་གསེར་རི་ནས། །རྟག་འཆར་ཛཧྣུ་ཡི་བུ་མོའི་འགྲོས། །ལམ་གསུམ་བགྲོད་པའི་རྗེས་སུ་རྐང་འཇོག་རིགས། །ཤོག་བུའི་ར་བར་ཡི་གེའི་ཟློས་གར་མཁན། །ཉམས་འགྱུར་མགྲིན་པའི་དྲིལ་འཁྲོལ་གཡོན་མིག་མའི། །གོས་བཟང་དུ་ཀཱུ་ལ་ཡི་ཁ་རྫར་ཅན། །རབ་དཀར་ལྷག་བསམ་ཁ་དོག་མཚོན་འདིའོ། །དབུ་རུ་སྐ་བཙལ་གྱི་བླ་མ་རིག་སྔགས་འཆང་བ་དཀོན་ཅོག་ལྷུན་གྲུབ་ཀྱིས་སྙན་ངག་གི་འཕྲིན་ཡིག་བྱུང་བའི་ལན་འཇམ་མགོན་སྙིང་ལ་ཞུགས་པའི་བདེན་གཏམ།(༡༧༣ན)


GLG019_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ ག རྻཱ ནཽ ཏྟ མྱི ཀ ཨ ཪྠཱ བ ཏུ པཱ པི རྦྷཱ བ ནྱཱ ཚཱ ཀཱ ཤ ཙ ཏུ རྡཱི བྷི ཏི མ རྒ། ཕུ ལླ རྫ མྦོ མྦ རྴོ ར ར བ ཧཱུཾ ད དྷྱ སུ བ ཙྱཱ ཝ རྞ ཤྲེ ཏཻཿ མ ཉྫ ནི ཀི བྷོ ཏ ཙ ཀཱ བི། དོན་(སྡེབ་སྦྱོར་རྨ་བྱ་མྱོས་པ།)ལྡན་ཐེག་པ་མཆོག་གི་རྣལ་འབྱོར་གྱིས། །འོད་གསལ་སྣང་བཞིའི་ལམ་ལ་ཉེར་གོམས་ཀྱང་། །མང་ཐོས་རྒྱ་མཚོར་སྙན་ངག་འཛམ་བུའི་འབྲས། །འཕྲིན་རྟེན་གསེར་གྱི་སྙེ་མ་ལེགས་སྨོན་སོན། །རྣམ་དཀར་ལས་ཀྱིས་འཕངས་པའི་རྟེན་བཟང་ཟླ། །ཚོར་བ་དུཿཁའི་ཉེར་འཚེ་ར་རི་དང་། །མི་ལྡན་ཐོས་བསམ་སྒོམ་པའི་ཆ་ཤས་ཀུན། །ཡོངས་གང་གཞན་ཕན་གཟིགས་མ་སྤྲོ་དེ་སྙན། །འདི་ན་སྔོན་བསགས་དཀར་མིན་ས་བོན་ལས། །ནད་ཀྱི་ཟུག་རྔུས་མནར་ཡང་དག་བྱེད་སྨན། །མཐོ་རིས་ལྷ་ཡི་ཆུ་བོས་རབ་བཀྲུས་ནས། །མི་ཤིགས་སྲོག་གི་ཀ་བ་འཛུགས་ལ་བྲེལ། །རིང་མིན་སྒོ་གསུམ་བག་མེད་ལས་དབེན་པར། །འཇམ་མགོན་ཟུར་ཕུད་ལྔ་པ་ཞི་ཁྲོ་ཡི། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་བཟང་ལ། །གཅིག་ཏུ་གཞོལ་ཁྱོད་འབད་པ་དོན་དང་ལྡན། །(༡༧༣བ)


GLG019_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ས་ལྟར་གདངས་མཆེ་བ་རྣོ་དབལ་རྩེར། །ཆེར་སྙིགས་བརླང་སྤྱོད་མི་བསྲུན་དགྲ་བགེགས་སྲོག །མི་རྟག་ལམ་དུ་བཀོད་ཚེ་ཡིད་སྲུབས་དཔུང་། །སྙིང་ཤུབས་ནས་མཐོན་ལྐོག་མར་བྲོས་ཏེ་བརྒྱལ། །ནག་པོའི་སྡེར་ཁྲོས་ཕྱག་རྒྱ་ཟིལ་གནོན་ལྷ། །ཀུན་ལ་ཆེས་འཇམ་རྣ་བར་སྙན་པའི་གསུང་། །དབྱངས་སུ་འཚེར་བ་རིགས་ལྔའི་རྣལ་འབྱོར་གྱིས། །ཚེ་འདིར་ཕུང་པོ་འོད་སྐུར་སྨིན་དེ་མཚར། །ཚུལ་འདི་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། །གནུབས་ཆེན་བརྒྱུད་པར་བཅས་པའི་བཀའ་སྲོལ་རྣམས། །འཕྲུལ་མེད་འཛིན་པའི་སྔགས་འཆང་མུ་ཐི་ལའི། །འཕྲེང་བ་ཚར་དུ་དངར་ལས་གཞན་ན་སུ། །རིག་པའི་ལམ་དུ་ཤེས་བྱར་གང་སྲིད་ནོར། །མཁྱེན་དཔྱོད་ཤིང་རྟས་འདྲེན་མཁས་ལོ་པཎ་གྱི། །རྣམ་ཐར་ལ་དད་བ་སྤུའི་འཁྲི་ཤིང་ཚོགས། །གདུང་བའི་ལྷོ་ཕྱོགས་རླུང་གིས་ཅིར་ཡང་ལྡང་། །འོན་ཏེ་ཆོས་ཀྱི་ཕ་མཐའ་ཚད་བཟུང་བྲལ། །ཚེ་འདིའི་ཆུ་བོ་སུམ་གཉིས་ལོ་ཡིས་བརྒལ། །དེ་ཕྱིར་མཁའ་འགྲོའི་ཁ་རླང་བུན་ནེ་པ། །ཐེག་མཆོག་སྙིང་པོར་གཞོལ་བ་གཏན་འདུན་སྙམ། །མཁས་དང་དམ་པར་རློམ་མལ་དམན་པའི་རོ། །ཤ་ཐར་ལངས་པའི་ལན་གསུམ་ལྕེ་རྐྱོང་བ། །གཅོད་པའི་ནུས་ལྡན་དཀོན་ཕྱིར་དངོས་གྲུབ་གསེར། །རེ་བའི་བླུན་མང་ཕུང་བར་མཆི་མ་བཀུ། །ཚུལ་དེས་ཡིད་འབྱུང་བསམ་གཏན་ཁུང་བུ་རུ། །ཀ་དག་སྣང་བཞིར་གཅིག་ཏུ་གཞོལ་སེམས་ཀྱང་། །མཁན་སློབ་ཆོས་རྒྱལ་བཞེད་དོན་བོད་འབངས་ཀྱི། །བདེ་ཐབས་སྒྲུབ་ལ་སྙིང་ལས་ལྕིད་དུ་ཆེ། །ཐོས་བསམ་དོན་ཡོད་ཉམས་བསྟར་རིགས་འཛིན་ཁྱོད། །རིང་པོར་འཚོ་བའི་ཐབས་ཚུལ་མི་དམན་ངོས། །མ་དག་དྲི་མ་འཁྲུད་པའི་ཞབས་བསིལ་དུ། །འཕྲིན་ཡིག་ལེགས་བཤད་གངྒཱ་རྣམ་པར་སྒྲོངས། །བློ་བྲིད་ཉམས་དང་འགྱུར་བར་སྒྲོ་བཏགས་པའི། །ཀུན་རྟོག་སྣ་ཚོགས་རི་མོར་བྲིས་པའི་བྱ། །ཚེ་རིང་དོན་ལྡན་རྐང་འཐུང་འདབ་ཁྱེར་ནས། །དབུ་རུ་མཐའ་འདུལ་གཙུག་ལག་ཁང་དེར་འཕུར། །མང་ཐོས་རུ་ཐོག་དབང་པོའི་སྙན་ཚིག་གི་འཕྲིན་ལན་སྲོང་བཙན་རིགས་ཀྱི་ཟླ་བ་(༡༧༤ན)


GLG019_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གསལ། སཽ ཀྲྀ ཏྭཾ ཁཾ ཧཱི པྲ ད ཡོ ནྣ སྱ ཙ གཏྲཾ བྷཽ མཱི ཙཱ རི སཱ མི བ ཛཱ ཏཾ ན ར པ ཏྱཾ། བྷཱ བཻ རྴ ཏྣཾ ཤྲཱི གུ རྞ བ ཏྲཾ བ བྷུ བཱ མོ མཱུ རྑཱ ནཱཾ ཧཱི ཤ ཏྲུ བི ཛཱ ཡཻ ཏི ཀ ལེ ཁཾ། ལེགས་(སྡེབ་སྦྱོར་རྨ་བྱ་མྱོས་པ།)བྱས་གནམ་གྱིས་རབ་བྱིན་མཐོན་པོའི་རིགས། །ས་སྤྱོད་བརྒྱུད་དུ་ཉེར་བཙས་མི་ཡི་བདག །སྲིད་ཞིའི་ཕུན་ཚོགས་ཡོན་ཏན་སྣོད་གྱུར་པས། །རྨོངས་པའི་དགྲ་ལས་རྣམ་པར་རྒྱལ་དེའི་འཕྲིན། །རང་བློ་མཚོན་པའི་རས་དཀར་ནོར་འཛིན་ལས། །ས་ཟླའི་འཁོར་ལོ་ཆ་ཤས་ཡོངས་གངས་ཅན། །བཀྲ་ཤིས་ཐགས་ཀྱིས་བསིལ་ཟེར་འབུམ་འཕྲོ་བ། །ཕོ་ཉའི་ལག་སོར་ཤར་རིའི་རྩེ་ནས་ཐོན། །ཉིན་ཞག་རེར་ཡང་ཆོས་དཀར་དགེ་བའི་དངོས། །སྤེལ་ནུས་མཁས་ཁྱོད་དོན་ལྡན་བཟང་པོའི་རྟེན། །འཚེ་མེད་བདེ་བར་འཚོ་བའི་གཏམ་སྙན་པོ། །ཕང་འགྲོའི་སྒྲ་དབྱངས་དེ་ཡིས་བསྐྲུན་ནུས་མིན། །འདི་ན་གཙུག་ལག་ཀུན་ལ་བལྟ་བའི་མིག །རྒྱང་རིང་ཤེས་བྱའི་མཐའ་མྱུལ་ལ་གཡེངས་ཀྱང་། །སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་ལམ། །རྡོ་(༡༧༤བ)
རྗེའི་རྣལ་འབྱོར་སྤྱོད་པར་ལྷོད་མེད་ཙམ། །ལྷ་ཉིད་ལོ་མང་སྨིན་པའི་ན་ཚོད་དང་། །ལྷན་ཅིག་སྲིད་ཞིའི་ཡུལ་རྣམས་གཞལ་ནུས་བློ། །ཆེས་སྒམ་ཆོས་ནོར་འདོད་ཐར་ཞལ་གྱི་སྒོ། །བཞི་ལྡན་ལྗོངས་འདིར་གནས་པ་ཚངས་པའི་སྤུན། །གང་གི་མགྲིན་པ་སྐྱེ་བ་ལྔ་པའི་དུང་། །རབ་དཀར་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ལས། །མ་སྨད་བླང་དང་དོར་བྱ་ཚར་དངར་བ། །འཛད་མེད་རྣ་བའི་བཅུད་དུ་ཅི་ཡང་ལེན། །འབངས་རིགས་བརླང་པོར་སྤྱོད་པའི་སྤྲིན་རུམ་ལས། །སྲོང་བཙན་རིགས་ཀྱི་ཟླ་བ་མཐར་བྱེད་པ། །ཚེ་རིང་གནམ་གྱི་དཔུང་བའི་དྲི་བཞོན་ཤུགས། །ལས་དཀར་དགུན་གྱི་ཕོ་ཉས་འདྲེན་ནམ་སྙམ། །དཔའ་གཏུམ་ཞེ་སྡང་དབང་གིས་གཡུལ་ངོ་རུ། །བ་སྤུ་ལྡང་བ་ཏུ་རུ་སྐ་ཡི་དཔུང་། །རྟག་ཏུ་རང་རྒྱུད་སྡིག་དང་མི་འགྲོགས་ཀྱང་། །རྒྱལ་རྔ་ལན་བརྒྱར་བརྡུངས་པ་དངོས་པོའི་གཤིས། །ཤེས་བྱའི་ཕ་རོལ་ཟད་མཐར་མ་སྦྱངས་པའི། ཁྱོད་ཡོན་མེད་ཕྱིར་སླད་མར་བསྒྲུབ་བྱ་བ། །ཨ་ཧང་མི་ཤིགས་སྲོག་གི་ཀ་བ་དེ། །འཛུགས་ཆེད་ཚེ་མཐའ་ཡས་པའི་མགོན་པོ་བསྟན། །ཆུད་མི་འཛའ་བར་གང་བསགས་འཕྲལ་ཡུན་དུ། །བསོད་ནམས་གསེར་གྱི་ཕུང་པོར་སྒྱུར་ནུས་པ། །བྱང་ཆུབ་སེམས་ཀྱི་ཆུ་གཏེར་ཆེན་པོའི་གོང་། །དགེ་ཚོགས་འཛམ་བུའི་འབྲས་བུ་ལྷུང་དེ་རྨད། །ཀུན་རྟོག་པིར་གྱིས་བྲིས་པའི་རི་མོ་ལ། །འདི་རྗེས་ཚད་དུ་གཟུང་བར་ནུས་མིན་ཡང་། །ལུགས་ཟུང་འབྲེལ་བའི་གླེང་འོས་གངྒཱའི་རྒྱུན། །ཤོག་བུའི་ལམ་གསུམ་ངོས་སུ་ཆད་མེད་དྲོངས། །མང་བཀུར་རྒྱལ་ཁབ་ཆེན་པོར་ཉེར་བཏགས་གོས། །ལྷབ་ལྷུབ་གྱོན་པའི་འཆི་མེད་གར་མཁན་མ། །སྙན་ཚིག་མགྲིན་པའི་དྲིལ་ཆུང་འཁྲོལ་བཞིན་དུ། །མི་བདག་གནས་ལྔ་རིག་པའི་གམ་དུ་སོང་། །


previousརབ་བྱུང་བཅུ་གཅིག་པའི་མེ་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext