Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར།
   
   


 
previousབླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར།next

བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར།


GTD003_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་བཞུགས་སོ། །ན་མོ་གུ་རུ་ནཱ་ཐཱ་ཡ། འདིར་བླ་མགོན་དབྱེར་མི་ཕྱེད་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྐྱབས་སེམས་སྔོན་དུ་བཏང་སྟེ། དགེ་བའི་འདུན་པ་ཤུགས་དྲག་པོའི་སྒོ་ནས། སྤྱི་བོར་པད་ཉི་ཚོགས་ཀྱི་བདག་པོའི་སྟེང། །ཧཱུཾ་ཡིག་མཐིང་ནག་འོད་ཀྱི་འཕྲོ་འདུ་ལས། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །སྐུ་མདོག་མཐིང་ནག་སྲིན་པོ་ཁྲོས་པའི་ཚུལ། །ཕྱག་གཡས་གྲི་གུག་ཐོད་འཕྲེང་ཌཱ་མ་རུ། །གཡོན་ན་ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །སྦྲུལ་གྱི་རྒྱན་སྤྲས་སྟག་ལྤགས་ཤམ་ཐབས་ཅན། །མེ་དཔུང་འབར་བའི་དབུས་ན་བཞུགས་པ་ཡི། །སྤྱི་བོར་སྐྱབས་གསུམ་ཀུན་འདུས་ངོ་བོ་ཉིད། །བཀའ་དྲིན་གསུམ་ལྡན་བླ་མ་ཐུགས་རྗེའི་གཏེར། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །དགྱེས་བཞིན་བཞུགས་པ་གཉིས་ཀའི་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་གྱིས། །ཆོས་ཀྱི་དབྱིངས་ནས་རང་འདྲའི་ཡེ་ཤེས་པ། །སྲས་བཅས་རྒྱལ་བས་བསྐོར་བ་སྤྱན་དྲངས་ཏེ། །ཐིམ་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །ཁྱད་པར་ལྷན་སྐྱེས་དགའ་བའི་རོལ་པ་ཡི། །འོད་ཀྱི་དྲ་བས་འབྲེལ་བའི་སྣང་སྟོང་གཟུགས། །གཅིག་དང་དུ་མར་སྣང་ཡང་མི་ཕྱེད་པའི། །བདག་ཉིད་གཅིག་ཏུ་དགྱེས་བཞིན་བཞུགས་པར་གྱུར། །ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ། །མི་བཟད་སྡིག་ལྟུང་ཇི་སྙེད་བགྱིས་པ་ཀུན། །རྩེ་གཅིག་གདུང་བའི་ཡིད་ཀྱིས་མཐོལ་བཤགས་ན། །བླ་མགོན་དབྱེར་མེད་ཐུགས་རྗེས་བྱང་གྱུར་ཅིག །མཆོག་གསུམ་མཐུ་དང་ཆོས་


GTD003_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་བདེན་བའི་སྟོབས། །སྔགས་དང་ཏིང་འཛིན་ཕྱག་རྒྱས་སྤྲུལ་པ་ལས། །བཤམས་དང་ཡིད་ཀྱིས་མོས་བཞིན་མཆོད་པའི་སྤྲིན། །མ་ཚང་མེད་པས་ས་གསུམ་ཁྱབ་པ་འདིས། །བླ་མ་མགོན་པོ་དབྱེར་མེད་ཐུགས་དམ་བསྐང། །མཐའ་ཡས་སྐྱབས་གསུམ་འདུས་པའི་ཐུགས་དམ་བསྐང། །དམ་པའི་ཆོས་ཀྱི་བར་ཆད་ཀུན་ཞི་ཞིང། །ཡང་དག་ལམ་བཟང་འགྲུབ་པར་བྱིན་གྱིས་རློབས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །རྒྱལ་བའི་དགོངས་པ་མཐའ་དག་སྒྲུབ་བྱེད་ཅིང། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་འགག་སྟེ། །རང་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མདོར་ན་དེང་ནས་བྱང་ཆུབ་བར། །ཁྱོད་མིན་རེ་ས་གཞན་མེད་པས། །སྲིད་ཞིའི་འཇིགས་པ་ཀུན་སེལ་ཞིང། །དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །མགོན་པོ་བླ་མ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བར་གཅོད་མ་ལུས་སེལ་བར་ཤོག །ཅེས་བདུན་ནམ། ཉེར་གཅིག་གམ། བརྒྱ་སྟོང་སོགས་འདོན། མཇུག་ཏུ། དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང། །དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །མྱུར་མཛད་མགོན་པོས་གཡེལ་མེད་འགྲུབ་གྱུར་ཅིག །ཁྱད་པར་དུ་ཡང་སྐྱེ་བའི་ཕྲེང་བ་རུ། །བླ་མ་མཆོག་གིས་འབྲལ་མེད་རྗེས་འཛིན་ཞིང། །ངེས་འབྱུང་བྱང་
སེམས་ཡང་དག་ལྟ་བ་སོགས། །རྣམ་དག་ལམ་བཟང་མངོན་དུ་འགྱུར་བར་ཤོག །འདི་སྣང་འགག་ཚེ་བླ་མ་མགོན་པོ་ཡིས། །འཇིགས་རུང་བར་དོའི་གཡང་ས་ལས་བསྒྲལ་ཏེ། །ཞིང་མཆོག་བདེ་བ་ཅན་དང་པོ་ཏ་ལར། །སྐྱེས་ནས་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག ། ཅེས་སོགས་བསྔོ་སྨོན་བྱ་ཞིང་། བླ་མ་མགོན་པོའི་སྤྱི་བོ་ནས་མར་ཕེབས་ཏེ་དེའི་ཐུགས་ཀར་བཞུགས། མགོན་པོ་ཡང་རང་གི་སྤྱི་བོ་ནས་དབུ་མའི་ལམ་བརྒྱུད་དེ་སྙིང་གར་བྱོན་ནས་བཞུགས་པར་བསམས་ལ་རྒྱུན་དུ་བླ་མ་ལྷའི་སྣང་བ་དང་མ་བྲལ་བའི་སྒོ་ནས་གསོལ་བ་འདེབས་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ། བྱ་བྱེད་ཀུན་ལ་དེ་ཉིད་དཔང་པོར་བཞུགས་ཏེ་བླང་དོར་ཚུལ་བཞིན་བྱེད་པ་སོགས་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པར་བྱའོ། །ཞེས་བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་རྒྱུན་འཁྱེར་དུ་བྱ་བ་འདི་ནི་དད་བརྩོན་བློ་གྲོས་མཆོག་དང་ལྡན་པ་ཁྱོམ་ཙ་རབ་འབྱམས་པ་འཇིགས་མེད་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ད་ཚང་ལྷུན་གྲུབ་གླིང་དུ་བྲིས་པའོ། །


previousབླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར།next