Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
 
  
  
  
  
  
ཐ་མ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདའ་བ་བསྟན་པ།
  


16 occurrences of ཆུ་བཟང་
[Clear Hits]

 
previousཐ་མ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདའ་བ་བསྟན་པ།next

ཐ་མ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདའ་བ་བསྟན་པ།


GTN006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནི། དགུང་གྲངས་རེ་བདུན་བཞེས་པ་ཆུ་གླང་ལོ་དེར། གླང་ལུག་བདུན་ཟུར་ཕུང་གྱོད་ལ་བབ་པ་དེའི་ཚེ་སྐུ་མི་རྟག་པའི་སྔ་ལྟས་རྣམས་བྱུང་ཞིང་ཞལ་བཞེས་ཀྱང་མཛད། བསྙུན་གཞི་ཡང་ཚབས་ཆེན་གྱི་གཞི་བཏིང་བ་སྨན་དཔྱད་རིམ་གྲོ་ལ་སོགས་ཀྱིས་བཟློག་ཐབས་མ་བྱུང་བ། ཕུག་ལུགས་པའི་རྒྱ་རྩིས་ལོ་མགོ་ཧོར་ཟླ་བཅུ་གཅིག་པ་མགོ་ཟླ་བ་ཉི་མ་གཞུ་ཁྱིམ་དུ་སླེབ་པ། དཔྱིད་ར་སྟག་ལ་བཞེད་པའི་ཤིང་སྟག་གནམ་ལོ་གསར་ཚེས་དགུང་གྲངས་རེ་བརྒྱད་ངོ་མཐོང་དཔྱིད་འབྲིང་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཉི་ཐལ་བྱ་ཡི་དུས་ཚོད་ལ་བབ་པ་ན། ཇི་སྐད་དུ་ཐེག་བསྡུས་ལས། མཛད་པ་རྫོགས་པར་གྱུར་པའི་ཕྱིར། །ཞི་བ་མི་འདོད་བཟློག་པའི་ཕྱིར། །སངས་རྒྱས་བརྙས་པ་བཟློག་པའི་ཕྱིར། །སྤྲོ་བ་བསྐྱེད་པ་བྱ་བའི་ཕྱིར། །སོ་སོ་རང་བརྩོན་བརྩམ་བྱའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ། །གཏན་དུ་བཞུགས་པ་མི་བཞེད་དོ། །ཞེས་གསུངས་པ་ལྟར། སྐྱེ་སྲིད་སྤྲུལ་སྐུའི་ཕྲིན་ལས་ཀྱི་རྣམ་རོལ་དང་བཅས་པ་རེ་ཞིག་ཞིང་འདིར་བསྡུ་བའི་ཚུལ་བསྟན་ནས། འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་དུ་མཛད་པ་སྟེ། དེ་ཡང་ཐོག་མར་ཉེ་བར་གནས་པ་དག་ལ། ད་ནི་བདག་ལ་ས་སོགས་ཐིམ་རིམ་རྣམས་འཆར་བྱུང་བས། རྒྱལ་ཚབ་སྤྲུལ་སྐུ་བྱོན་ཞུས་གསུངས་པ། དེ་མ་ཐག་སྤྲུལ་སྐུ་བྱོན་རྒྱུ་མ་བྱུང་བ། སྤྱན་ནམ་མཁའ་ལ་ཅེར་གྱིས་གཟིགས་པ་མཛད་དེ། སྐུ་དྲང་


GTN006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྲངས། ཞབས་སྐྱིལ་ཀྲུང་དང་། ཕྱག་མཉམ་བཞག་མཛད་དེ། རླུང་དང་དྲོད་ཐམས་ཅད་གྱེན་དུ་ལྡོག་སྟེ། སྦྲུལ་གྱི་ཤུན་པ་བརྗེ་བ་ལྟར་འདིར་སྣང་གི་ཞེན་འཛིན་དང་། གནད་གཅོད་ཀྱི་ཟུག་རྔུ་སོགས་ཕྲ་མོ་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ། དེ་འཕྲལ་རྒྱལ་ཚབ་རིན་པོ་ཆེ་ཕེབས་ནས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སྐུ་གསུམ་གྱི་དགོངས་པའི་ངོ་སྤྲོད་རྣམས་ལེགས་པར་གསུངས། ཞག་གསུམ་སོང་ཐོག་མཆོད་དཔོན་ཆོས་དར་སོགས་དད་དམ་གཙང་བ་འགས་གདུང་ཆོས་རིགས་ལྔ་སོགས་ལོངས་སྐུའི་རྣམ་པ་ལྟ་བུ་བྱེད་སྲོལ་འདུག་པ་ལྟར་བྱས། ཞག་གསུམ་མཆོད་འབུལ་ལ་རྫོགས་ཆེན་དཔོན་སློབ་བྱོན། བླ་མ་མཆོད་པ་དང་། དེ་དང་འབྲེལ་བར་འབྲེལ་ཐོགས་ལ་ཁྲུས་ཆབ་མཛད། སྐུ་མ་གཤེགས་སྔོན་བླ་མ་དོན་དཔལ་གྱིས་ཉིད་ཞལ་མ་རྟག་ན། གསོལ་དགུང་དང་། མཆོད་འབུལ་རྣམས་ཇི་ལྟར་བྱ་ཞུས་པ་ལས། རྫོགས་ཆེན་རིན་པོ་ཆེ་བྱོན་རྒྱུ་འདྲ་རེད་འོང་ན་ཕྲན་ཐ་མལ་གྱི་ཚུལ་ལྟར་གྱིས། གཞན་དགོན་ཡར་མར་གྱི་བླ་སྤྲུལ་སུ་བྱོན་རུང་མཆོག་གི་གདུང་ལྟར་གྱིས་དང་ཆོག་གསུངས་པ་ལྟར་ཐམས་ཅད་ཀྱིས་དེ་ལྟར་མཛད། ཕྲན་ཡང་དཔོན་སློབ་ཀྱི་བྱང་འདྲེན་པར་འོང་ཡོད་པ། མཚན་ཐུབ་བརྒྱ་མཆོད་ཅིག་ཕུལ། མཚན་ཐོག་ཐག་ལ་བླ་མ་མཆོད་པ་བཏོན་ནས་གསོལ་བ་གང་ཤེས་བཏབ། གསོལ་དགུང་མ་ཟིན་བར་གདུང་ཞེ་ཆེན་བླ་བྲང་དུ་བཞག །དགོན་ཁག་གི་བླ་མ་གདན་ཞུས་དགོས་རིགས་བྱོན།


GTN006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཚམས་ནས་ད་དུང་གདུང་ནམ་ཚའི་བབ་ཀྱིས་རུལ་ཉེན་མེད་པས་དགོན་སྟོད་ནོར་བུ་རྩེའི་གཟིམ་ཤག་ཏུ་དྲངས་ནས། བླ་མ་དོན་དཔལ་སོགས་ཀྱིས་མཆོད་འབུལ་དང་གསོལ་འདེབས་ཞུས་ཏེ་ཟླ་གཅིག་ཙམ་བཞག །དེ་མཚམས་ནས་ཞེ་དགོན་བླ་མཆན་བཞིས། དོང་སྤྲུགས་སོགས་བཀའ་གཏེར་གྱི་ཆོ་ག་བཞིའི་སྒོ་ནས་ཞུགས་ལ་སྦྱངས། གདུང་རུས་འགའ་ཞབས་དྲུང་རྡོ་རྗེ་འཆང་འཇམ་དཔལ་དབྱངས་མཁྱེན་བརྩེ་སོགས་དད་འབྱོར་ལྡན་པའི་སློབ་བུ་རྣམས་ཀྱིས་རྟེན་གསར་བཞེངས་ཀྱི་ནང་གཟུངས་སོགས་སུ་སྤྱན་དྲངས། ཕོན་མང་བ་སཱཙྪ་ཆོ་ག་བཞིན་བསྒྲུབས་ཏེ་མཆོད་རྟེན་ནང་ལ་འབུལ་རྒྱུ་བྱས། མཆོད་རྟེན་བླ་མ་དོན་དཔལ་དང་། ཕྱག་མཛོད་ཀུན་འགྲུབ་གྲོས་བསྟུན་གྱི་སྒོ་ནས་མདའ་ཚད་ལྷག་ཙམ་གསེར་ཟངས་ཀྱིས་བཞེངས། ཕྲ་རྒྱན་སོགས་ཆེ་ཡག་ཆུང་མཛེས་ཟེར་བའི་དཔེ་ལྟར་བྱས་ནས་བླ་བྲང་ཡང་སྟེང་སྐུ་གདུང་ཁང་དུ་བཞུགས་སུ་གསོལ་བ་འདི་ལྟར་ལགས། གང་ལྟར་ཡང་རང་ཅག་ཐ་མལ་པ་རྣམས་ནི་གཟུང་འཛིན་བདེན་གྲུབ་ཀྱིས་བཅིངས་པས་སྐྱེ་ཤི་བར་དོ་རང་མཚན་པ་མྱོང་ལ། དམ་པ་འདི་ལྟ་བུ་རྣམས་ནི། གཞན་ངོར་སྐྱེ་བ་སོགས་སྒྱུ་མའི་རྣམ་རོལ་དུ་སྟོན་པ་ཡིན་ཏེ། འཕགས་པ་སྡུད་པ་ལས། འགྲོ་བ་འཁྲུལ་བ་རི་དྭགས་རྒྱར་ཚུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟར་རོ། །
སྨྲས་པ། འཆི་བའི་རྣམ་རྟོག་སྒྱུ་མའི་ཚུལ་ཤེས་ནས། །འཆི་བའི་སྡུག་བསྔལ་རང་མཚན་གྱིས་མནར་འགྲོ། །འཆི་མེད་བདེ་ཆེན་བཙན་སར་མྱུར་བགྲོད་སླད། །འཆི་ཚུལ་བརྩོན་འགྲུས་བསྐུལ་མ་བསྟན་པར་མཛད། །འཆི་ཞེས་གཟུགས་སྐུའི་ཟླ་བ་སྟོང་པའི་མཐར། །ཆོས་དབྱིངས་ནམ་མཁའི་མཐོངས་ལས་ཕྱེད་མིན་ཡང་། །རྫོགས་སྨིན་སྦྱངས་པའི་ལག་རྗེས་ཚེས་པའི་ཟླ། །འཆར་བཞིན་གདུལ་བྱའི་རྫིང་བུའང་ཅིག་ཆར་མཛེས། །མཁའ་འདིའི་ཁྱོན་མཉམ་ཡིད་ཅན་ཐམས་ཅད་ཀུན། །ལས་ཉོན་ཀུན་དཀྲིས་ཞགས་པས་མ་བཅིངས་མེད། །རྒྱལ་བའི་ཕན་བདེའི་ཕྲིན་ལས་ཡང་དེ་དང་མཉམ། །དེས་ན་འགྲོ་འདུལ་སྤྲུལ་སྐུའང་རྒྱུན་ཆད་མིན། །ཞེས་ཚིགས་སུ་བཅད་པས་མཚམས་སྦྱར་ནས།


previousཐ་མ་རྟག་འཛིན་ཅན་གྱི་ངོར་མྱ་ངན་ལས་འདའ་བ་བསྟན་པ།next