Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


 expand section
  
 expand section
 expand section
 expand section
 collapse section
བདུན་པ་གསང་བ་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་ཁྲིད་ཡིག་ཟབ་མོའི་སྐོར་ལ།
  
  
  
  
  
  
  
  
 expand section
 expand section
 expand section
  
  
  
  
  
 expand section
 expand section
expand section
 
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousབདུན་པ་གསང་བ་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་ཁྲིད་ཡིག་ཟབ་མོའི་སྐོར་ལ།next

བདུན་པ་གསང་བ་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་ཁྲིད་ཡིག་ཟབ་མོའི་སྐོར་ལ།

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ།


LRD005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །


LRD005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཧཱ་སནྡྷི་ཙིཏྟ་ཏཱ་སྭ་མུཀྟི་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་རྣམ་དག་བསམ་ཡུལ་འདས་པ་ལས། །རང་བཞིན་ལྷུན་གྲུབ་སྙིང་པོའི་གདངས་ཤར་བ། །མཚན་ཉིད་སྣ་ཚོགས་གཟུང་་འཛིན་དག་པའི་སེམས། །རྒྱ་ཆད་ཕྱོགས་ལྷུང་བྲལ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །སྣང་སེམས་ཡེ་གྲོལ་འཛིན་མེད་ཕྱམ་བརྡལ་བ། །རྨད་བྱུང་རྒྱལ་པོ་སེམས་ཉིད་རང་གྲོལ་ནི། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ལྟ་བ་རྣམ་དག་མཐའ་་དབུས་མེད་པ་ལ། །འདི་ཞེས་མི་མཚོན་ཡངས་དོག་མཐོ་དམན་མེད། །རྟག་ཆད་ལས་འདས་མུ་བཞིའི་དྲི་མ་བྲལ། །བཙལ་ན་མི་རྙེད་བལྟས་པས་མཐོང་བ་མེད། །ཕྱོགས་དང་རིས་བྲལ་བསམ་ཡུལ་ཀུན་ལས་འདས། །གྲུབ་པའི་མཐའ་མེད་སྟོང་དང་མི་སྟོང་མེད། །རྟོགས་


LRD005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རྟོགས་རྩིས་གདབ་གཟའ་གཏད་མེད། །ཆོས་ཀུན་ཡེ་ནས་རྣམ་དག་བྱང་ཆུབ་པས། །མ་སྐྱེས་མི་འགག་སྨྲ་བསམ་བརྗོད་དུ་མེད། །དག་དང་མ་དག་རང་བཞིན་དག་པའི་དབྱིངས། །ཐམས་ཅད་མི་དམིགས་མཉམ་རྫོགས་ཆེན་པོ་ཉིད། །བཅིང་གྲོལ་མེད་པས་འགྲོ་འོང་གནས་པ་མེད། །སྣང་སྟོང་ཀུན་བརྟགས་གཟུང་འཛིན་སྒྱུ་མའི་ངང་། །འཁོར་འདས་བདེ་སྡུག་རྨི་ལམ་བཟང་ངན་འདྲ། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །དེ་ལས་སྐྱེ་འགག་ཆེན་པོ་རྟེན་འབྲེལ་ཉིད། །རྨི་ལམ་སྒྱུ་མ་མིག་ཡོར་དྲི་ཟའི་གྲོང་། །བྲག་ཅ་གཟུགས་བརྙན་འདྲ་སྟེ་ངོ་བོ་མེད། །སྐྱེ་སོགས་ཆོས་ཀུན་རང་བཞིན་མ་སྐྱེས་པས། །ནམ་ཡང་མི་འགག་དུས་གསུམ་འཕོ་འགྱུར་མེད། །གང་ནས་མ་འོང་གང་དུ་མ་སོང་ཞིང་། །གར་ཡང་མི་གནས་རྨི་ལམ་སྒྱུ་མ་འདྲ། །མི་མཁས་བདེན་པར་ཞེན་པའི་སྣང་འདི་ལ། །ཐེར་ཟུག་ཆོས་སུ་ང་བདག་་འཛིན་པ་ནི། །སྒྱུ་མའི་ན་ཆུང་


LRD005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པས་ཞིག་པ་འདྲ། །བསླུ་བས་མི་བདེན་སྣང་ངོར་དོན་བྱེད་བཞིན། །འགྲོ་དྲུག་གནས་དང་སངས་རྒྱས་ཞིང་རྣམས་ཀྱང་། །རྡུལ་ཕྲན་འདུས་མིན་འགྲོ་སེམས་རང་སྣང་ཙམ། །ཇི་ལྟར་རྨི་ལམ་སངས་རྒྱས་སེམས་ཅན་རྣམས། །བདེན་བདེན་ལྟར་སྣང་རང་བཞིན་དཔག་མེད་ཀྱང་། །སད་པའི་ཚེ་ན་སྐད་ཅིག་ཡིད་ཀྱི་ཡུལ། །དེ་བཞིན་འཁོར་འདས་ཆོས་རྣམས་ཤེས་པར་བྱ། །སྣང་བའི་ངོས་ལས་ལོག་པའི་སྟོང་པ་མེད། །མེ་དང་མེ་ཡི་རང་བཞིན་ཚ་བ་བཞིན། །ཐ་དད་མོས་པ་བློ་ཡིས་དབྱེ་བ་སྟེ། །ཆུ་དང་ཆུ་ཟླ་དབྱེར་མེད་རྫིང་བུར་གཅིག །དེ་བཞིན་སྣང་སྟོང་ཆོས་ཉིད་ཆེན་པོར་གཅིག །སྣང་འདི་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ། །དྲི་མེད་རང་བཞིན་དག་པའི་གཟུགས་བརྙན་འདྲ། །དེ་ལ་་ཡོད་མེད་བློས་བརྟགས་འཁྲུལ་པས་ན། །གང་སྣང་དོན་ལ་དམིགས་གཏད་མ་བྱེད་ཅིག །སྣང་ཡུལ་དེ་ཡང་སེམས་ཀྱི་གཟུགས་བརྙན་ཏེ། །བྱད་དང་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཉིས་སུ་མེད་བཞིན་གཉིས་སུ་སྣང་བ་ནི། །ཐོག་མེད་བགས་ཆགས་གོམས་པའི་རང་བཞིན་ཏེ། །སེམས་དང་རྨི་ལམ་གཉིས་སུ་མེད་མོད་ཀྱང་། །གཉིད་མྱོས་པ་ལ་རྨི་ལམ་སྣང་བ་བཞིན། །ངོ་བོ་ཐ་དད་མེད་པར་ཤེས་པར་བྱ། །ཇི་ལྟར་བུ་ཆུང་མེ་ལོང་མཐོང་བ་བཞིན། །བྱིས་པས་ཕྱི་རོལ་ཡུལ་ལ་དགག་སྒྲུབ་བྱེད། །ཨ་མས་མཐོང་བས་མེ་ལོང་ཕྱིས་པ་ལྟར། །རྒྱུ་འབྲས་ཐེག་པས་ཕྱི་རོལ་བཅོས་སྒྱུར་བྱེད། །བཟང་མོས་མཐོང་སྟེ་བཞིན་ལ་ཕྱི་བ་ལྟར། །དེ་ཉིད་ཤེས་པ་ནང་གི་སེམས་ཉིད་བལྟ། །འདི་ནི་དངོས་མེད་སྙིང་པོའི་ཐེག་པ་ཡིན། །སེམས་གང་ངོ་བོ་མེད་ལ་སྣ་ཚོགས་ནི། །ཡུལ་གྱི་རྐྱེན་གྱིས་ནང་དུ་ཤར་བ་་སྟེ། །མེ་ལོང་རྒྱ་མཚོར་གཟུགས་བརྙན་སྣང་བ་བཞིན། །ངོ་བོ་སྟོང་ལ་རང་བཞིན་མ་འགགས་པ། །


LRD005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་སྣ་ཚོགས་སྣང་བའི་ཆོ་འཕྲུལ་ནི། །སེམས་ཉིད་གཅིག་ལ་འཁོར་འདས་གཉིས་འཕྲོ་བ། །དཀར་ནག་རས་ལས་ཤེལ་ལ་བསྒྱུར་བ་བཞིན། །ངོ་བོ་མི་འགྱུར་འཆར་གཞི་རྐྱེན་སྣང་གིས། །སྣང་བ་སྣ་ཚོགས་སྣང་དུས་འགྱུར་འདྲ་ཡང་། །དོན་ལ་མ་འགྱུར་ཤེལ་སྒོང་་དག་པ་བཞིན། །ཡེ་སྟོང་རྩ་བ་བྲལ་བའི་སེམས་ཉིད་ལ། །འཁོར་འདས་ཆོས་རྣམས་སྣང་བས་མ་གོས་སོ། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་ངང་། །གཞི་རྫོགས་འཕོ་འགྱུར་མེད་པའི་ངོ་བོ་ལ། །ཡུལ་དྲུག་སྣང་བས་མ་གོས་ཆུ་ཟླ་འདྲ། །མེད་སྣང་སྤྲུལ་པ་ལྟ་བུའི་འཁོར་འདས་ལ། །བླང་་དོར་དགག་སྒྲུབ་རེ་དོགས་མ་བྱེད་ཅིག །སྤྲུལ་པའི་རང་བཞིན་ཤེས་པས་གྲོལ་བ་ནི། །སྒྱུ་མའི་དཔུང་ཚོགས་མཐོང་བས་བཟུང་ན་ཡང་། །རང་བཞིན་ཤེས་པས་འཇིགས་སྐྲག་མེད་པ་བཞིན། །སྣང་བའི་ཡུལ་རྣམས་ལོགས་སུ་སྤོང་མི་དགོས། །འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད། །ཡེ་ནས་མ་སྐྱེས་མྱ་ངན་འདས་པས་ན། །སྲིད་པའི་རང་བཞིན་སེམས་ཉིད་མཐོང་བས་གྲོལ། །དེ་ཚེ་ཞི་བ་གཞན་ཞིག་བསྒྲུབ་ཏུ་མེད། །རང་གི་དཔུང་ལ་གཞན་དུ་སྐྲག་པ་ལས། །ཕྱིས་ནས་ཤེས་པས་སླར་ཡང་བདེ་བ་ཐོབ། །དེ་རིང་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །སྲིད་པའི་ཀུན་རྟོག་ཆོས་སྐུར་ངོ་འཕྲོད་པས། །རང་བབས་བདེ་ཆེན་ནང་ནས་ཤར་བ་ཡིན། །སྤང་བླང་མི་དགོས་སྣང་སྲིད་བླ་མར་ཤར། གདམས་ངག་མི་ཟད་ཐམས་ཅད་བྱང་ཆུབ་གྲོགས། །ཞེ་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །ཐམས་ཅད་ཡིད་བདེ་ཆོས་ཉིད་བརྡལ་བ་ལས། །སྣ་ཚོགས་ཆོས་ཅན་མ་འགག་རོལ་པ་ནི། །ཆོས་སྐུ་གཟུགས་སྐུ་སྣང་སྟོང་ཚོགས་གཉིས་སྟེ། །ཐབས་དང་ཤེས་རབ་མཉམ་རྗེས་ལྷུན་གྱིས་གྲུབ། །མ་བྱས་རང་བབས་སྐུ་ལྔ་ཡེ་ཤེས་ལྔ། སྣང་


LRD005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཛིན་མེད་རིག་པའི་ངང་དུ་རྫོགས། །ས་དང་ལམ་དང་གཟུངས་དང་ཏིང་འཛིན་ཏེ། །ཡོན་ཏན་ལྷུན་རྫོགས་ཆོས་ཉིད་གཉུག་མའི་ངང་། །ཕྱོགས་བྲལ་རིག་པ་རང་ཤར་ཆེན་པོ་ལ། །བཟུང་བས་མ་བསླད་འཛིན་པས་བཅིངས་པ་མེད། །སྒྱུ་མའི་རང་བཞིན་གཉིས་མེད་དག་པ་ལ། །བསམ་བརྗོད་ཏིང་འཛིན་བསྒོམ་པས་ཅི་ཞིག་བྱ། །བསྐྱེད་དང་རྫོགས་མེད་གཉིས་མེད་ཟུང་འཇུག་མེད། །གྲུབ་པའི་མཐའ་མེད་ཐེག་པའི་རྣམ་དབྱེ་མེད། །དེ་དག་ཀུན་བརྟགས་བློ་ཡི་རི་མོ་སྟེ། །རང་ཤར་ངང་ལ་རང་གྲོལ་བཏགས་པ་ཙམ། །འདི་ཡིན་གཟའ་གཏད་མེད་པའི་རིག་པ་ལ། །འདི་ཞེས་ཆེད་དུ་མ་མཛིན་བློ་ལས་འདས། །བྱར་མེད་ལྷུན་གྱིས་རྫོགས་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོས་མ་བསླད་གང་བདེར་ཐོངས། །རྟོགས་དང་མ་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་འཆིང་བའི་གཟེབ་ཀྱིས་མ་བསླད་ན། །གནས་ལུགས་དོན་ལ་་ཡོད་མེད་སྣང་སྟོང་མེད། །གཅིག་དང་དུ་བྲལ་ལ་སོགས་མི་མཚོན་ཞིང་། །ལྟ་སྒོམ་ལས་འདས་གྲུབ་བསལ་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་སྒྱུ་མ་རྨི་ལམ་ཞེས། །བདེན་པ་གཉིས་དོན་བདེན་ཞེན་དགག་ཕྱིར་ཏེ། །རྣལ་མའི་དོན་ལ་དོན་དམ་ཀུན་རྫོབ་མེད། །གང་ལྟར་བརྟགས་པ་དེ་ལྟར་མི་གནས་ཤིང་། །འདི་ཞེས་འཛིན་པ་དེ་ཡི་གཟེབ་ཏུ་འཆིང་། །ཇི་ལྟར་་འདོད་ཀྱང་ཞེན་པའི་མཐར་ལྷུང་ཞིང་། །རྩོལ་སྒྲུབ་ཆོས་ཀྱིས་འཁོར་བ་རྒྱུན་མི་འཆད། །བཟང་ངན་ལས་ཀྱིས་སྲིད་པ་འདིར་འཁྱམས་ཏེ། །བདེ་སྡུག་མཐོ་དམན་ཟོ་ཆུའི་འཁྱུད་མོ་བཞིན། །དུས་གསུམ་འཁོར་བར་ཁམས་གསུམ་འགྲོ་བ་འཁྲུལ། །མ་རིག་ཀུན་བརྟགས་རྩོལ་བའི་ནད་ཀྱིས་གདུང་། །ཐོག་མཐའ་དུས་མེད་སེམས་ཅན་སྙིང་རེ་རྗེ། །ཀྱེ་ཧོ་དེ་ཀུན་རྨི་ལམ་སྒྱུ་


LRD005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཙམ། །ངེས་པའི་དོན་ལ་འཁོར་དང་མཁོར་མཁན་མེད། །ཐམས་ཅད་ཡེ་གྲོལ་ཀུན་ཏུ་བཟང་པོའི་ངང་། །གཞི་རྩ་དངོས་པོ་མེད་པས་བློ་རེ་བདེ། །མ་གཅོས་གདོད་ནས་དག་པའི་སེམས་ཉིད་ལ། །སྣང་སྲིད་ཆོས་ཀྱིས་མ་གོས་གཟུགས་བརྙན་འདྲ། །སྣང་བའི་ཡུལ་ལ་གཟུང་བ་མི་དམིགས་ཤིང་། །རང་ཤར་བློ་ལ་འཛིན་པ་མི་དམིགས་པའི། །གཉིས་མེད་ཡེ་ཤེས་གཉིས་སུ་སྣང་ལས་བྱུང་། །དེ་ཕྱིར་ཡུལ་སེམས་མི་འགགས་རྒྱན་དུ་ཆེ། །འཛིན་མེད་གླང་ཆེན་ཐབ་ལ་ཡན་པ་ནི། །རང་གྲོལ་འགྲོས་ཅན་གཉིས་མེད་དྲ་བས་མཛེས། །བླང་དོར་རེ་དོགས་འདམ་བུའི་ཚལ་འཇོམས་ཤིང་། །རྟོགས་པའི་སྟོབས་འཆང་གཉིས་མེད་རྒྱ་མཚོར་འཇུག །ཤར་གྲོལ་རིམ་པ་སྣ་མེད་ཡན་པ་ལ། །སྤང་གཉེན་ཞེན་པའི་ཐག་པས་མ་འཆིང་བར། །རླབས་ཆེན་རྫོགས་པའི་ལྟ་བ་ཁ་ཡན་སྐྱོང་། །རྩལ་ཆེན་རྫོགས་པའི་སྣང་སྲིད་ཆོས་སྐུར་འཆར། །ཡུལ་དྲུག་མ་འགགས་སྣང་མཁན་ངོ་བོས་སྟོང་། །མཐའ་བྲལ་སེམས་ཉིད་གཏད་མེད་གྲོལ་བ་ན། །འཁོར་འདས་གཉིས་མེད་རིག་པ་གཞི་ཐོག་ཕྱིན། །མཆོག་གི་དངོས་གྲུབ་བརྙེས་ཞེས་དེ་ལ་བྱ། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་པས། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་ཡིན། །ཨེ་མ་ཕྱུགས་དང་འདྲ་བའི་བསམ་གཏན་པ། །འདུ་ཤེས་བཀག་ནས་རྟོག་མེད་གནས་པ་ལ། །གནས་ལུགས་ཉིད་ཅེས་མངོན་པའི་ང་རྒྱལ་འཛིན། །དེ་ཉིད་གོམས་པས་དུད་འགྲོའི་སར་འཕེན་ཅིང་། །མ་གོམས་ན་ཡང་བསམ་གཏན་གཟུགས་མེད་ཉིད། །འཁོར་བའི་གནས་ལས་གྲོལ་བའི་སྐབས་མེད་དོ། །དེ་བས་ཆེས་ཆེར་མངོན་པའི་ང་རྒྱལ་ཅན། །རང་རང་གྲུབ་མཐའི་གདོན་གྱིས་ཟིན་པ་དག །བློས་བརྟགས་འཁྲུལ་པའི་ཆོས་


LRD005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་འབྲང་བྱེད། །ཀུན་བརྟགས་དྲི་མས་ཆོས་ཉིད་དོན་མི་མཐོང་། །བདེན་གཉིས་གཞལ་ཀྱང་རྟག་ཆད་མཐར་ལྷུང་ཞིང་། །མཐའ་བྲལ་གཞལ་ཡང་སྲིད་རྩེའི་ལྟ་བ་སྟོན། །ཇི་ལྟར་བྱས་ཀྱང་གྲུབ་པའི་མཐས་བཅིངས་ནས། །གཉུག་མའི་ཡེ་ཤེས་ནམ་ཡང་མཐོང་མི་འགྱུར། །རྣལ་མའི་དོན་ནི་བསམ་བརྗོད་དམིགས་པས་སྒྲིབ། །བསམ་བརྗོད་དམིགས་ནི་རྣལ་མར་མ་ཤེས་པས། །བཙལ་བའི་དོན་ནི་རྩོལ་མཁན་བྱས་པས་གོལ། །སེམས་དང་ཡེ་ཤེས་ཆུ་དང་རླན་བྱད་བཞིན། །དུས་རྣམས་་ཀུན་ཏུ་འདུ་འབྲལ་མེད་པ་ལ། །སྤང་བླང་ཡིད་ཀྱིས་སོ་སོར་ཕྱེ་བས་བསླད། །གང་སྣང་ཡུལ་སེམས་གཉུག་མའི་ངོ་བོ་ལ། །ཕྱོགས་རིས་འཛིན་པས་ནམ་མཁའ་གུད་དུ་བཅད། །ད་ནི་དམིགས་མེད་ཆོས་སྐུའི་དོན་འདོད་ན། །གཉུག་མའི་ཡུལ་ལ་ཚོལ་ཁྲོ་མ་བྱེད་པར། །གང་ཤར་རྒྱལ་པོ་དམིགས་གཏད་ཞེན་པ་བཤོལ། །ཕྱོགས་རིས་མ་བཅད་འདི་ཡིན་ངོས་བཟུང་མེད། །གང་ལྟར་ཤར་བ་དེ་ལྟར་མ་གྲུབ་ཅིང་། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད། །ཐ་མལ་སྣང་སེམས་ཡེ་གྲོལ་ཟང་ཀ་མ། །རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ཡིན། །ཆོས་རྣམས་རང་བཞིན་ནམ་མཁས་མཚོན་བྱས་ཀྱང་། །ནམ་མཁའི་རང་བཞིན་ཆོས་རྣམས་དམིགས་སུ་མེད། །སེམས་ཉིད་མ་སྐྱེས་ཆོས་རྣམས་མཁའ་འདྲ་ཞེས། །མིང་ཙམ་བརྗོད་ཀྱང་བརྡ་ཙམ་བཏགས་པ་ཙམ། །ཡིན་མིན་ཕྱོགས་བྲལ་བསམ་ལས་འདས་པ་ལ། །འདི་ཞེས་མི་མཚོན་ཡེ་རྫོགས་ཕྱམ་གཅིག་གོ། ཀྱེ་ཧོ་སྣང་སྲིད་རང་བཞིན་རྣམ་དག་ལ། །འཛིན་མེད་རིག་པ་གློ་བུར་རྣམ་དག་ཤར། །ཤར་ཙམ་ཉིད་ནས་གང་དུ་མི་གནས་པ། །རང་གྲོལ་རྫོགས་ཆེན་ནམ་ཞིག་མཐོང་བར་འགྱུར། །རྩ་བྲལ་གདོད་ནས་དག་པའི་སེམས་ཉིད་ལ། །བྱ་རྒྱུ་བྱེད་


LRD005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་མེད་པས་བློ་རེ་བདེ། །ཐམས་ཅད་གཟའ་གཏད་མེད་པའི་རིག་པ་ལ། །འདི་ཡིན་ཆེད་འཛིན་ཞིག་པས་དང་རེ་སྤྲོ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་སྒོམ་ལ། །ཡངས་དོགས་མཐོ་དམན་མེད་པས་ཉམས་རེ་དགའ། །བླང་དོར་རེ་དོགས་མེད་པའི་སྤྱོད་འབྲས་ལ། །ཐོབ་དང་མ་ཐོབ་མེད་པས་བག་རེ་དྲོ། །ཐམས་ཅད་མཉམ་རྫོགས་སྒྱུ་མའི་རང་བཞིན་ལ། །བཟང་ངན་བླང་དོར་མེད་པས་དགོད་རེ་བྲོ། །སྣང་སེམས་འལ་འོལ་སང་སིང་ཁྲལ་མ་ཁྲོལ། །བན་བུན་ཆད་ཆོད་ཟང་ཐལ་གཉུག་མ་ལ། །གང་སྣང་དེར་ཡིན་དེར་སྣང་་འཛིན་པ་མེད། །ཡིན་མིན་བློ་ཡིན་བློ་བྲལ་ཆོས་སྐུ་ཡིན། །གཏད་མེད་་ཡུལ་ལ་ངེས་མེད་སྣང་བ་ཤར། །འཛིན་མེད་ཤེས་པ་གཉིས་མེད་གྲོལ་བའི་ཚེ། །སྣང་སེམས་ཆོས་རྣམས་སེམས་ཀྱི་རོལ་མོར་ཆེ། །གཞི་རྩ་དངོས་པོ་མེད་པའི་སེམས་ཉིད་ལ། །མ་བྱས་ལྷུན་གྱིས་གྲུབ་པའི་ཡོན་ཏན་རྫོགས། །དགག་སྒྲུབ་ཆོས་སྐུར་གྲོལ་བས་བློ་བདེ་རྙེད། །ཆེད་དུ་དམིགས་པ་ཐམས་ཅད་བཅོས་མ་སྟེ། །དམིགས་མེད་གང་ཤར་ཤར་ན་ཡེ་ཤེས་དངོས། །སྤང་བླང་རང་སར་གྲོལ་བས་བློ་བདེ་རྙེད། །སྤང་བླང་རང་སར་གྲོལ་བས་བསམ་ཡུལ་འདས། །མ་ལུས་རང་བཞིན་དག་པའི་སངས་རྒྱས་ནི། །རང་སེམས་ཉིད་ལས་གཞན་དུ་བཙལ་མི་བྱ། །ཚོལ་མཁན་གོལ་བས་བཙལ་བྱ་ལོག་ན་མེད། །སྒྱུ་མའི་རིགས་དང་སྨིག་རྒྱུའི་ཆུ་སྙེགས་འདྲ། །འཁོར་འདས་གཉིས་མེད་གཉིས་སུ་འཛིན་པ་ནི། །རང་བྱུང་རིག་པ་བཅོས་བསླད་མེད་པར་ཟད། །གང་གིས་ཆོས་ཀུན་མཉམ་པའི་དོན་མཐོང་ནས། །སེམས་ཉིད་མ་སྐྱེས་མཁའ་ལྟར་རྟོགས་པ་ནི། །སྣང་སྲིད་སྣོད་བཅུད་རང་བཞིན་དག་པའི་ཞིང་། །མ་སྐྱེས་ལྷུན་རྫོགས་མཉམ་པའི་ངང་དུ་ཕྱིན། །


LRD005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་ངོ་བོ་སྟོང་པས་ཆོས་སྐུའི་དོན། །རང་བཞིན་མ་འགགས་ལོངས་སྐུའི་སྣང་བ་ལ། །མཚན་ཉིད་སྣ་ཚོགས་སྤྲུལ་པའི་སྐུར་ཤེས་པས། །ཐམས་ཅད་སྐུ་གསུམ་ཡེ་ཤེས་དག་པའི་ཞིང་། །བཅོས་བསྒྱུར་སྤང་གཉེན་མེད་པའི་བློ་བདེ་འོ། །ཨེ་མ་འགྲོ་བས་གཉིས་སུ་བཟུང་བ་ཡིས། །རྨི་ལམ་འཁྲུལ་པའི་འཁོར་བར་གནས་དུས་འདིར། །ཇི་ལྟར་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཏེ། །མི་རྟོག་ཀུན་གཞི་གོམས་པས་གཟུགས་མེད་ལ། །གསལ་སྟོང་ཀུན་གཞིའི་རྣམ་ཤེས་གཟུགས་ཀྱི་ཁམས། །ཚོགས་དྲུག་ཉིད་ལ་གོམས་པས་འདོད་པར་འཁྲུལ། །སེམས་ཀྱིས་བཅོས་བསྒྱུར་སྲིད་པའི་་ཐེམ་སྐས་ལ། །ཐར་འདོད་རྣམས་ཀྱིས་མ་བཅོས་རྣལ་མའི་དོན། །སེམས་ལ་ལས་མེད་དལ་དུ་འཇུག་པ་འོ། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་ལ། །འཁོར་འདས་འཛིན་པས་མ་གོས་རང་སར་གྲོལ། །དེ་ལྟར་གྲོལ་བས་རང་བབ་སྐད་ཅིག་ལ། །གནས་ལ་མི་རྟོགས་ཆོས་སྐུའི་ངང་ཉིད་ལ། །འཆར་གཞི་མ་འགག་གསལ་སྟོང་ལོངས་སྤྱོད་རྫོགས། །འཕྲོ་ན་ཤར་གྲོལ་སྤྲུལ་སྐུར་ཐག་ཆོད་པས། །འཁོར་བའི་ཀུན་རྟོག་མྱ་ངན་འདས་པར་ངེས། །ཀྱེ་ཧོ་སྣང་སེམས་རང་བཞིན་འགྱུར་བས་ཀྱང་། །ཆོས་སྐུ་གཟའ་གཏད་བྲལ་བའི་མེ་ལོང་ལྟོས། །གཏད་མེད་ཆོས་ལ་འཛིན་མེད་ཤར་བ་ནི། །སེམས་ཀྱི་གསང་ཡིན་གཞན་ཞིག་མཚོན་དུ་མེད། །ལྷུན་གྲུབ་རིག་པ་གང་ཤར་སྙིང་པོའི་དོན། །རང་བཞིན་བབས་ཡིན་བཅོས་བསླད་མ་བྱེད་ཅིག །ཆོས་རྣམས་དངོས་པོ་མེད་པའི་རང་བཞིན་ལ། །འཛིན་མེད་སེམས་ཀྱི་ནམ་མཁའ་མཐའ་དབུས་མེད། །མ་བྱས་འགག་པ་མེད་པའི་རང་ཤར་ཡང་། །དགག་སྒྲུབ་མཚན་འཛིན་མེད་པ་རྣལ་མའི་


LRD005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །དུས་གསུམ་འཕོ་འགྱུར་མེད་པར་ཤེས་པར་བྱ། །ཡུལ་སེམས་གཉིས་མེད་གཉུག་མའི་ཡེ་ཤེས་ནི། །རྟོགས་པས་མཚོན་ཏེ་བསྟན་ཅིང་བསྟན་དུ་མེད། །དོན་དམ་སེམས་ཉིད་རང་བཞིན་གནས་ན་མཛེས། །བསམ་གཏན་མི་གཡོ་རྟོག་དཔྱོད་ཤེས་རབ་དང་། །ལུང་རིག་མན་ངག་མང་པོས་གོ་ཡུལ་ཙམ། །རྗེན་པའི་ཡེ་ཤེས་ནམ་ཡང་ཐོབ་མི་ནུས། ནམ་མཁའ་འདི་ཞེས་མཛུབ་མོས་མཚོན་བྱས་ཀྱང་། །མཐོང་བའི་ཡུལ་མིན་རྣམ་ཕྱེའི་གོ་བ་ཙམ། །བླ་མའི་དྲིན་གྱིས་རྟོགས་པར་འཆར་བ་ནི། །ཉི་མའི་སྙིང་པོས་མུན་པ་བསལ་བ་བཞིན། །སྐད་ཅིག་རིག་པས་ཆོས་སྐུར་མཐོང་མ་ཐག །མ་རིག་ཡེ་ཤེས་ཉོན་མོངས་མཚོན་པར་་སོང་། །དངོས་པོ་ཀུན་གྱིས་གཡོ་མེད་བསྙེན་པར་བཀུར། །མཆོག་དང་ཐུན་མོངས་དངོས་གྲུབ་ཚེ་འདིར་ཐོབ། །རྨོངས་རྣམས་སྲིད་སྔངས་མྱ་ངན་འདས་པ་འཚོལ། །ནམ་ཡང་མི་རྙེད་ནོར་བུ་དོར་བྱས་ནས། །བྱི་དོར་བྱ་བའི་ནོར་བུ་གཞན་བླངས་ཏེ། །དྲི་མ་སྦྱངས་ཤིང་འཆིང་བུ་འཚོལ་བ་བཞིན། །སེམས་ཉིད་རང་གྲོལ་ནོར་བུ་རིན་པོ་ཆེ། །རང་ངོ་ཤེས་པས་འཁྲུལ་པའི་དྲི་མ་དག །དེ་ཉིད་ཤེས་པས་ཡོན་ཏན་རིན་ཆེན་གཏེར། །རང་གཞན་དོན་གཉིས་འབྱོར་པའི་སྙིང་པོ་ཡིན། །སེམས་ཉིད་དོན་གྱི་རྟོགས་པ་ཤར་བ་ན། །ཆུ་དང་རླབས་བཞིན་འཕྲོ་གནས་ཆོས་སྐུའི་ངང་། །གང་ལྟར་བྱུང་ཡང་དགག་སྒྲུབ་མི་དགོས་པས། །དུས་རྣམས་ཀུན་ཏུ་དགག་སྒྲུབ་བྱ་མི་དགོས། །དུས་རྣམས་ཀུན་ཏུ་བློ་བདེའི་རྣལ་འབྱོར་ལ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན། །ཐམས་ཅད་མཉམ་རྫོགས་རང་བཞིན་ཆེན་པོའི་ངང་། །རིག་ཙམ་ཤར་བས་ངང་དྭངས་འོད་གསལ་ཞིང་། །ཡང་གཅིག་འཕྲོས་ཀྱང་དེ་བཞིན་


LRD005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ངང་། །འོད་གསལ་རིག་པ་མཐའ་དབུས་མེད་པའི་ཚེ། །ཉོན་མོངས་གཉེན་པོ་གཉིས་སུ་མེད་པས་ན། །སྤང་གཉེན་བྲལ་ཐོབ་རེ་དོགས་རང་སར་གྲོལ། །ནོར་བུ་སྒྲོན་མེའི་བརྟགས་པ་མ་ཤེས་པས། །སྒྲོམ་མེའི་འོད་ལ་ནོར་བུར་ཞེན་པ་ཡིན། །རང་གྲོལ་ཉམས་དང་བསམ་གཏན་མ་ཕྱེད་ན། །ཤར་གྲོལ་རང་ལ་ཞེན་པས་འཆིང་བ་བྱེད། །ཉམས་་དང་རྟོགས་པའི་དབྱེ་བ་མ་ཤེས་ན། །གོམས་པའི་ཉམས་ལ་རྟོགས་པར་འཛིན་པས་འཁྲུལ། །རྟོགས་ནས་དུས་ཀུན་བཟང་ངན་འཕོ་འགྱུར་མེད། །དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། །ཇི་ལྟར་མཁའ་ལ་འབྱུང་བཞིའི་འཕོ་འགྱུར་གྱིས། །ནམ་ཡང་མི་གཡོ་ནམ་མཁའ་སྔོན་བཞིན་གནས། །དེ་བཞིན་སེམས་ཉིད་རྟོགས་པའི་རྣལ་འབྱོར་ལ། །འཕེལ་འགྲིབ་ཉམས་ཀྱི་རྟོགས་པ་བཟང་ངན་མེད། །བཟང་ངན་བྱུང་ན་ཉམས་ཡིན་རྟོགས་པ་མིན། །ཐག་ཆོད་རྟོགས་པ་དམ་པའི་དྲུང་དུ་བཙལ། །ཕྱི་ནས་མི་གཡོ་དེ་བཞིན་མཉམ་པར་གནས། །འདི་བསྒོམ་ངེས་པ་དོན་གྱི་ལྟ་བ་སྟེ། །ཡང་རབ་དབང་པོ་དེ་ཉིད་མཐོང་བས་གྲོལ། །གོམས་ལ་མི་ལྟོས་ཐམས་ཅད་རྟོགས་པ་འཆར། །སྤང་བྱ་མེད་པས་གོམས་བྱེད་གཉེན་པོ་མེད། །ནད་མེད་པ་ལ་སྨན་དག་མི་དགོས་བཞིན། །ཕྱོགས་བྲལ་ལྟ་བ་་འཛིན་མེད་ཤེས་པར་གྱིས། །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། །གཞི་རྟོགས་པས་གྲོལ་པའི་ལེའུ་སྟེ་ངང་པོའོ།། །།སྒོམ་པ་རང་བབ་རང་གྲོལ་ཆེན་པོ་ལ། །བཅོས་བསྒྱུར་མི་དགོས་གང་ཤར་རྫོགས་པ་ཆེ། །བླང་དོར་མི་དགོས་གདོད་མའི་ངང་ཉིད་དུ། །ཕྱི་ནང་འཁོར་འདས་ཆོས་རྣམས་ཕྱམ་བརྡལ་ལོ། །གང་བྱུང་རིག་པ་ཚོགས་དྲུག་ལྷུག་པ་ལ། །མ་བཅོས་རིག་པ་བུ་ཆུང་ལྟ་བུར་ཞོག །གཞི་བྲལ་ངང་


LRD005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བློ་བྲལ་ལས་འདས་ན། །བསམ་མེད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་ལ། །རང་བབ་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་ཤེས་པ་བཅོས་བསླད་བྲལ་བར་བཞག །བྱར་མེད་ཤེས་པ་ཆོས་ཉིད་ཆེན་པོར་གནས། །སེམས་དལ་ཁོང་ཡངས་ངང་གིས་བློ་བདེ་ལ། །རང་བབ་ལྷུན་ཆགས་རྒན་བུ་ལྟ་བུར་ཞོག །ཐུན་མཚམས་རྩི་མེད་རང་ཤར་ཆེན་པོའི་ངང་། །རང་གྲོལ་རིག་པ་རྒྱ་ཡན་ཆེན་པོར་གནས། །གཏད་མེད་རིག་པ་ཟང་ཐལ་ཆེན་པོ་ལ། །འཛིན་མེད་རིག་པ་སྨྱོན་པ་ལྟ་བུར་ཞོག །བརྟུལ་ཞུགས་རིག་པ་ཕྱོགས་རིས་མེད་པའི་ངང་། །རྐྱེན་ངན་སྣ་ཚོགས་ཆོས་ཉིད་རོལ་པར་འཆར། །སྣ་ཚོགས་རང་སེམས་རིག་པའི་ཆོ་འཕྲུལ་ལ། །ཉམས་ང་མེད་པ་སེང་གེ་ལྟ་བུར་ཞོག །འཁྲུལ་སྣང་ཟིལ་གནོན་ཡེ་ཤེས་ཆེན་པོའི་ངང་། །ཤུགས་འབྱུང་རིག་པ་རང་གྲོལ་ཆེན་པོར་འཆར། །རྟོགས་པའི་ངོ་བོ་ཀློང་དུ་མ་གྱུར་བར། །ཉིན་མཚན་གཉིས་མེད་ལྕེ་སྤྱང་མིག་ལྟར་ཞོག །གོམས་ཤིང་འདྲིས་པས་མ་བུ་འཕྲོད་གྱུར་ན། །ཐམས་ཅད་ཕྱམ་གཅིག་རྒྱ་་ཡན་ཆེན་པོར་འཆར། །ཕྱོགས་བྲལ་རིག་པ་མཐའ་དབུས་མེད་པ་ལ། །འདི་ཞེས་མི་མཚོན་ནམ་མཁའ་ལྟ་བུར་ཞོག །སྒོམ་མེད་རིག་པ་བཅོས་བསླད་མེད་པའི་དོན། །རང་བྱུང་རིག་པ་རང་བཞིན་ཁོང་ནས་འཆར། །ཉོན་མོངས་རྙོག་བྲལ་རང་དྭངས་ཆེན་པོ་ལ། །ངང་དྭངས་རིག་པ་རྒྱ་མཚོ་ལྟ་བུར་ཞོག །ཤར་གྲོལ་རིག་པ་རྦ་རླབས་ཆེན་པོ་བཞིན། །བྱད་དང་མེ་ལོང་གཟའ་སྐར་གཟུགས་བརྙན་འཆར། །སེམས་ཉིད་མི་གཡོ་འཕོ་འགྱུར་མེད་པ་ལ། །ཆོས་ཉིད་མི་གཡོ་རི་རྒྱལ་ལྟ་བུར་ཞོག །མཉམ་རྫོགས་རིག་པ་ལྷུན་རྫོགས་འདུས་མ་བྱས། །བྱ་རྩོལ་གཉིས་མེད་བཏང་སྙོམས་ལྷུན་གྱིས་གྲུབ། །གཉུག་


LRD005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སེམས་ཉིད་རང་ཤར་རང་གྲོལ་ལ། །རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུར་ཞོག །ཅི་སྐྱེས་རྣམ་རྟོག་ཆོས་སྐུ་རོ་གཅིག་པས། །སྤང་བླང་མི་དགོས་ཕྱམ་གཅིག་མྱ་ངན་འདས། །མདོར་ན་གང་ཤར་ཆོས་ཉིད་རོལ་པ་ལ། །དམིགས་མེད་རང་གྲོལ་མཉམ་གཞག་ལྷུན་གྱིས་གྲུབ། །རེས་འཇོག་མི་དམིགས་སྒོམ་ཡུན་ཆེན་པོའི་ངང་། །ལེ་ལོ་མེད་པར་རྟོགས་པའི་རྩལ་སྦྱང་བྱ། །དེ་ཡི་བོགས་འབྱིན་ལམ་གྱི་ཆ་རྐྱེན་དུ། །སྒྱུ་མའི་སྤྱོད་པས་བླང་དོར་གཉིས་མེད་པས། །རྐྱེན་ངན་ལམ་ལྷོངས་མཉམ་རྗེས་བསྲེ་བའི་ཕྱིར། །རི་རྩེ་དུར་ཁྲོད་མཚོ་གླིང་ཚོང་དུས་སོགས། །ཡུལ་གྱིས་་སེམས་ལ་གཡེངས་བའི་གནས་སོང་ནས། །ལུས་ནི་བྲོ་གར་ངག་ནི་གླུ་ལེན་ཅིང་། །སེམས་ནི་ཀུན་རྟོག་སྣ་ཚོགས་སྤྲོས་བྱས་ལ། །སྐད་ཅིག་རང་གྲོལ་ལྟ་སྒོམ་ངང་དུ་བསྲེ། །ཕྱི་ནས་ཐམས་ཅད་ལམ་དུ་ལྷོངས་པ་ཡིན། །བར་འགའ་སྣང་སྲིད་བླ་མའི་མོས་གུས་དང་། །ཚོགས་བསགས་སྒྲིབ་སྦྱང་མི་རྟག་འཆི་བ་བསྒོམ། །སྣང་སྲིད་ཆོས་རྣམས་རྨི་ལམ་སྒྱུ་མའི་ངང་། །སྒྲ་བརྙན་སྨིག་རྒྱུ་གཟུགས་བརྙན་སྤྲུལ་པ་འདྲ། །མིག་ཡོར་ཆུ་ཟླའི་རང་བཞིན་་སྟོང་པའི་ངང་། །སྣ་ཚོགས་སྣང་བ་བདེན་མེད་འལ་འོལ་དུ། །སྐད་ཅིག་སྐད་ཅིག་ངོས་བཟུང་མེད་པར་སྦྱངས། །ཉིན་མཚན་མ་ཡེངས་མཉམ་རྗེས་རྩལ་སྦྱངས་པས། །ཤར་གྲོལ་རང་གནས་བདེ་གསལ་མི་རྟོག་དང་། །རང་གནས་སྒོམ་པ་རྒྱུན་མི་འཆད་པ་ལ། །འཁྲུལ་པའི་རྨི་ལམ་བདེན་མེད་་འོད་གསལ་དུ། །ཉིན་མཚན་འདྲེས་པས་འཁོར་འདས་རང་སར་གྲོལ། །ལྟ་བས་ཡུན་ཐོབ་སྒོམ་པས་ཡེངས་ཐུབ་ཅིང་། །སྤྱོད་པས་རྐྱེན་ཐུབ་འབྲས་བུས་གོལ་ས་ཐུབ། །རྟོགས་པའི་རང་བཞིན་མི་རྟོག་ཡེ་ཤེས་སུ། །དུས་རྣམས་ཀུན་ཏུ་འཕོ་འགྱུར་མེད་པ་གནས། །དེ་ཚེ་


LRD005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཅིག་སྟེ་གདོད་མའི་སར། །སྒོམ་མེད་དོན་ལ་གཏན་སྲིད་ཟིན་པ་ཡིན། །ཕྱི་ནས་་འབྲས་བུ་བདེ་ཆེན་བཙལ་དུ་མེད། །གང་ཤར་རིག་པ་སྐུ་གསུམ་ལྷུན་གྲུབ་ལ། །རང་གཞན་དོན་རྣམས་འབད་རྩོལ་མེད་པར་འགྲུབ། །རིག་པ་ཡོན་ཏན་ཕྱོགས་བྲལ་ཉག་གཅིག་འཆར། །དེ་ལྟར་ཚེ་འདིར་གྲོལ་བའི་རྣལ་འབྱོར་པ། །ས་ཆུ་མེ་རླུང་རྣམ་ཤེས་འོད་གསལ་ཐིམ། །ཡེ་ཤེས་ངང་ལ་དབྱིངས་དང་རབ་འདྲེས་ནས། །གདོད་མའི་ས་ལ་གཏན་སྲིད་ཟིན་པ་ཡིན། །གཞན་དོན་སྐུ་གཉིས་ཡེ་ཤེས་རྨི་ལམ་བཞིན། །འགྲོ་ལ་སྣང་བ་་དགོས་པའི་ཡོན་ཏན་ཡིན། །འདི་ནི་རིག་པའི་རང་བཞིན་སེམས་ཀྱི་གསང་། །སྐད་ཅིག་རང་སར་གྲོལ་བའི་མཆོག་རིག་ནས། །ཆེས་ཆེར་གོང་དུ་འཕེལ་བའི་ཡོན་ཏན་ནི། །ཚེས་གཅིག་ནས་བཟུང་བཅོ་ལྔའི་བར་་འཕེལ་བས། །ཟླ་བ་རྒྱས་འདྲ་འཇིག་རྟེན་སྣང་མོད་ཀྱང་། །དོན་ལ་འཕེལ་འགྲིབ་གང་ཡང་མེད་པར་ལྟར། །རྟོགས་པའི་ངོ་མཐོང་གོམས་པའི་རྩལ་རྒྱས་ཀྱང་། །རྟོགས་པ་མི་གཡོ་གོམས་པའི་ཡོན་ཏན་འབྱུང་། །ཟླ་བ་གསལ་བས་གྲིབ་མ་ཆུང་པའམ། །ཁ་ཅིག་གྲིབ་མ་ཆུང་བས་ཟླ་རྒྱས་ལྟར། །གཉིས་འཛིན་བྲལ་བས་ཉམས་རྟོགས་འཕེལ་བའམ། །རྟོགས་པ་འཕེལ་བས་ཉོན་མོངས་ཆུང་གྱུར་སྟེ། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཡང་། །ངོ་བོ་མི་འགྱུར་རང་བཞིན་མི་འགག་ཅིང་། །ཆོས་ཉིད་སྣ་ཚོགས་རྐྱེན་གྲོལ་རྣམ་པར་དག །མདོར་ན་ཉོན་མོངས་རྟོགས་པར་མ་ཤར་ན། །དུག་ལྔ་སྤངས་ནས་ལམ་མཆོག་གཞན་ན་མེད། །སྐུ་གཅིག་རང་གྲོལ་གསང་འདི་མ་ཤེས་ན། །ཉོན་མོངས་གཉེན་པོ་གཉིས་སུ་འཛིན་པས་བསླུ། །འགགས་ལ་གཟུང་འཛིན་རང་སར་མ་གྲོལ་ན། །ཁ་ལྟ་མཐོ་ཡང་


LRD005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་གསང་ཚིག་ཙམ། །བསམ་གཏན་བཟང་ཡང་གོང་མའི་བདེ་འབྲས་ཙམ། །ཇི་ལྟར་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཙམ། །ལྟ་བ་ཡང་ལ་སྒོམ་པ་ཁ་ཟླུམ་ཞིང་། །སྤྱོད་པ་དུལ་ཞིང་ཆེད་འཛིན་གྲོལ་བ་གཅེས། །གང་ལ་ཤར་གྲོལ་གཉིས་མེད་ཡངས་པའི་ངང་། གཏད་མེད་ཆོས་ལ་ཡེངས་མེད་ཤར་བའི་ཚེ། །རྣལ་འབྱོར་སྲིད་པའི་རྒྱ་མཚོ་བརྒལ་བའི་རྟགས། །གཟུང་བས་མ་བཅིངས་འཛིན་པའི་ཞེན་པ་མེད། །ཐམས་ཅད་མཉམ་རྫོགས་ཆོས་སྐུར་བདེ་ཀློང་འཁྱིལ། །ལ་བརྒལ་ལུང་བརྒལ་འཕྲང་བརྒལ་་འཇིགས་པ་མེད། །རང་ཡུལ་ཕྱིན་པས་རེ་དོགས་ཀུན་ལས་འདས། །དེ་ལྟར་གོམས་པས་འབྱུང་བ་རྣམ་པ་བཞི། །འཛིན་མེད་ལམ་གྱི་དྲོད་ཚད་འདི་བཞིན་འབྱུང་། །སྔོན་བསགས་ལས་དང་བླ་མའི་ཐུགས་རྗེ་དང་། །དུས་་ཐབས་མཁས་པས་རྟེན་འབྲེལ་ཚོགས་པའི་ཚེ། །རང་བྱུང་རིག་པ་ཟང་ཐལ་ཁ་གང་མ། །ཤར་གྲོལ་འཛིན་མེད་ལྷག་གིས་རྟོགས་པའི་ཚེ། །ཆོས་ཉིད་མངོན་སུམ་སྣང་བ་ཆེན་པོ་ཡིན། །ཕྱི་ནང་སྣང་བརྟགས་ཆོས་སྐུར་ཐག་ཆོད་པས། །ཇི་ལྟར་ཤར་ཡང་བླང་དོར་བཅོས་བསྒྱུར་མེད། །ཐམས་ཅད་རྟོགས་པའི་རྩལ་སྦྱོང་གཅིག་ཏུ་འཆར། །དེ་ཉིད་གོམས་པས་གོང་དུ་འཕེལ་བའི་ཚེ། །ཕྱི་ནང་དགག་སྒྲུབ་རྐྱེན་ངན་ལམ་དུ་བསླང་། །ཤར་བས་གྲོལ་ལ་གནས་པས་བདེ་བ་རྙེད། །གོམས་པས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །རིག་པའི་ཡོན་ཏན་སྣ་ཚོགས་ཤར་བ་ན། །ཉམས་སྣང་གོང་་འཕེལ་སྣང་བར་ཤེས་པར་བྱ། །དེ་ལས་ཆེས་ཆེར་གོམས་པ་ཀློང་གྱུར་པས། །རིག་པ་གསལ་སྟོང་རྗེན་པའི་ཡེ་ཤེས་ལ། །བྱིང་རྒོད་གཉིས་མེད་ཡེངས་དང་མ་ཡེངས་མེད། །མཉམ་རྗེས་གཉིས་མེད་རྟག་ཏུ་ཆུ་བོ་འདྲ། །ཡོན་ཏན་དྲོད་ཚད་ཁྱད་འཕགས་ཐོབ་པའི་


LRD005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །རིག་པ་ཚད་ཕེབས་སྣང་བ་མཐོང་བ་ཡིན། །དེ་ཉིད་ངང་ལས་རྟག་ཏུ་མི་གཡོ་ཞིང་། །མཚན་འཛིན་མི་དམིགས་སྤང་གཉེན་ཞེན་ཡུལ་འདས། །ཐམས་ཅད་མཉམ་རྫོགས་ཆེད་་འཛིན་གཟའ་གཏད་བྲལ། །ཕྱི་ནང་ཆོས་ལ་འཛིན་པ་ཟད་པ་ན། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བ་ཡིན། །དེ་ནས་རིག་པ་བཞི་ལ་མཐར་ཕྱིན་པས། །ཆོས་སྐུའི་ངང་དུ་གཟུགས་སྐུ་མྱ་ངན་འདས། །སྣང་འཛིན་སྟོང་པ་ལས་འདས་གྲོལ་པའི་ཚེ། །གདོད་མའི་ས་ལ་གཏན་སྲིད་ཟིན་པ་ཡིན། །དེ་ལྟར་གོམས་ཚེ་ལམ་ཉིད་མ་འཆུགས་པས། །རྨི་ལམ་ཚད་ཀྱང་རྣམ་པ་གསུམ་དུ་བསྟན། །དང་པོར་སྣང་སེམས་ཤར་གྲོལ་རྩལ་སྦྱངས་པས། །ངན་པའི་རྨི་ལམ་བཟང་པོ་བསྒྱུར་བ་ན། །ལས་ངན་བྱང་བས་དགེ་བ་རོ་གཅིག་རྟགས། །མེ་ལས་དུ་བ་ས་བོན་མྱུ་གུ་བཞིན། །བར་དུ་གོམས་པས་རྨི་ལམ་ཟིན་པ་དང་། །སྐད་ཅིག་གྲོལ་བས་དུས་མཉམ་འབྱུང་བ་ནི། །གཉེན་པོ་ཉིད་ཀྱང་རང་སར་གྲོལ་བའི་རྟགས། །ཀློང་དུ་གྱུར་པས་ཤིན་ཏུ་གོམས་པ་ནི། །རྨི་ལམ་རྒྱུན་ཆད་ཉིན་མཚན་འོད་གསལ་གནས། །འཁོར་བའི་ཀུན་རྟོག་དཔྱིས་སུ་ནུབ་པའི་རྟགས། །རང་བཞིན་མྱ་ངན་འདས་ནས་ཕྱམ་གཅིག་པས། །གདོད་མའི་ཟད་སར་གཏན་སྲིད་ཟིན་དུ་ཉེ། །ཁམས་གསུམ་སྒོ་གསུམ་སྐུ་གསུམ་སར་གྲོལ་ནས། །ཞི་བའི་དབྱིངས་སུ་མི་གནས་མྱ་ངན་འདས། །ཡེ་ནས་གྲུབ་བསལ་མེད་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོ་མི་དགོས་གཉུག་མའི་ངང་། །ཕྱོགས་རིས་འཛིན་པ་་ཀུན་ལས་གྲོལ་བས་ན། །སྒོམ་དང་བསྒོམ་བྱ་མེད་པར་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་པ་ཐ་མལ་རང་གྲོལ་ལ། །ཕྱི་ནང་མི་དམིགས་གཟུང་འཛིན་མཐའ་ལས་འདས། །


LRD005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དགག་སྒྲུབ་རང་གྲོལ་སྤང་གཉེན་གཉུག་མར་ཤར། །གང་ཡིན་འདི་ཡིན་གཟའ་གཏད་མེད་པར་གྲོལ། །བླང་དོར་མི་དགོས་ཀུན་ཁྱབ་ཡེ་ཤེས་ནི། །ཕྱོགས་བྲལ་བདེ་ཆེན་མ་བཙལ་ལྷུན་གྱིས་གྲུབ། །ཡེ་གྲོལ་སོར་བཞག་ཡོངས་གྲོལ་ཆེན་པོ་ནི། །གང་ཡིན་འདི་ཡིན་ཀུན་ཡིན་ངོས་བཟུང་མེད། །གཏད་མེད་འཛིན་མེད་ཡོད་མེད་མཐའ་ལས་འདས། །ཀྱེ་ཧོ་ཕྱོགས་གཅིག་ཡེ་ནས་ཡོངས་གྲོལ་བས། །འབད་མེད་རིག་པ་མཉམ་པའི་ངང་དུ་གྲོལ། །ལྷུན་རྫོགས་རྒྱལ་པོ་མ་སྐྱེས་མི་འགག་པས། །མི་གནས་མི་དམིགས་རང་བཞིན་བརྗོད་དུ་མེད། །ཐམས་ཅད་བྱར་མེད་གཉུག་མའི་ངང་ཉིད་དོ། །ཨ་ཧོ། །རང་བཞིན་གདོད་ནས་དག་པའི་སྣང་བ་ལ། །ཡ་མཚན་གད་མོ་འཆོར་བའི་རིག་པ་ཤར། །ཡུལ་སེམས་གཉིས་མེད་སྣང་མཁན་ངོ་བོས་སྟོང་། །འདི་ཞེས་མི་མཚོན་གཏད་མེད་ཆེན་པོར་གྲོལ། །ཐབས་དང་ཤེས་རབ་མཉམ་རྫོགས་གཅིག་གི་ངང་། །ཐམས་ཅད་མི་གཡོ་་དེ་བཞིན་མཉམ་པར་གནས། །གཟའ་དང་རྒྱུ་སྐར་ཚེས་གྲངས་མི་དམིགས་ཤིང་། །དུས་དང་སྦྱོར་བ་བྱེད་པའི་ཡུལ་ལས་འདས། །གླིང་བཞི་མི་གནས་རི་རབ་ཉི་ཟླ་སྟོང་། །དཀྱིལ་འཁོར་མི་དམིགས་བཟླས་བརྗོད་དཀའ་ཐུབ་མེད། །ཡུལ་རྣམས་མི་དམིགས་རྩ་ཁམས་འཁོར་ལོར་སྟོང་། །ཕྱི་རོལ་ཉིད་ཀྱང་སྣང་བཞིན་མི་དམིགས་པས། །འཇིག་རྟེན་ཁམས་ཀུན་་ཡུལ་ལྔ་ངོ་བོས་སྟོང་། །ཐམས་ཅད་མ་བྱུང་རང་བྱུང་གཞལ་ཡས་ཁང་། །བྱེད་པོ་མི་དམིགས་སྙིང་པོ་དོན་གྱི་ལྷ། །རྣམ་རྟོག་འཕྲོ་འདུ་ཡེ་ཤེས་རོལ་མོར་ཆེ། །ཡུལ་རྣམས་མཆོད་སྤྲིན་ཡེ་ཤེས་ལྷ་མཆོད་པས། ཚོགས་ཆེན་ལྷུན་རྫོགས་སྒྲ་ཚིག་གསང་སྔགས་ཆེ། །ཉོན་མོངས་ཡེ་ཤེས་རང་བྱུང་རྫོགས་རིམ་ཉིད། །བྱ་རྩོལ་མི་དགོས་རང་བཞིན་


LRD005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །ས་་དང་ལམ་རྫོགས་ཕ་རོལ་ཕྱིན་པའི་ངང་། །དབུ་མར་མི་གནས་ཟུང་འཇུག་རྣམ་པར་དག །སྤང་གཉེན་གོལ་སྒྲིབ་རྡུལ་ཙམ་མི་དམིག་པས། །གང་ཤར་སྒོམ་པ་མ་བྱས་ལྷུན་གྱིས་གྲུབ། །རྣམ་པར་དབྱེ་དང་རྣམ་དབྱེ་མེད་པའི་ཆོས། །དཀར་ནག་དགེ་སྡིག་ལས་འབྲས་རྟེན་འབྲེལ་ཙམ། །རང་ངོས་་སྟོང་ལ་གཟུགས་བརྙན་མི་འདོར་བས། །ཀུན་ནས་འདས་པའི་རང་གྲོལ་ཤེས་པར་བྱ། །བཟང་ངན་ལས་ཀྱིས་འཁོར་བ་མཐོ་དམན་གྲུབ། །ལས་ལས་འདས་ན་རང་བཞིན་མྱ་ངན་འདའ། །བླང་དོར་བྱེད་ན་མི་དགེ་ངེས་པར་གྲོལ། །དགེ་བ་སྒྲུབ་ཀྱང་ཞེན་པས་འཆིང་མི་བྱ། །ཕྱི་ནས་བླང་དོར་མེད་པའི་དོན་བཙལ་ལས། །དམ་པ་རྣམས་ལ་ཚད་བཙུགས་སྒྲུབ་ལ་འབད། །དོན་མེད་བསླུ་བ་བྱིས་པའི་ཆོས་སྤངས་ཏེ། །རྟག་ཏུ་སྐྱེ་བོ་དམ་པ་བསྟེན་པ་་དང་། །རྟོགས་པའི་སྔོན་འགྲོ་མ་ནོར་ཐོས་བསམ་བྱ། །གཅིག་པུར་སྲན་ཚུགས་དབེན་པའི་རི་ངོགས་སུ། །སེམས་ཐག་བཅད་ལ་དོན་དམ་སྙིང་པོ་་བླང་། །མི་རྟག་སྐྱོ་ཤས་བློ་སྣ་བསྟུང་བྱས་ལ། །སྙིང་ནས་ཆོས་ལ་འབད་པས་སྒྲུབ་པ་གཅེས། །ད་རེས་ཚེ་ལ་ཐར་ལམ་མ་བགྲོད་ན། །ཕྱིས་ནས་་དལ་འབྱོར་ཆོས་དང་འཕྲད་པར་དཀའ། །སྒྲུབ་པའི་རྒྱལ་མཚན་དབེན་པའི་སར་བཙུགས་ནས། །ད་ལྟ་ཤི་ན་ཁྱེར་སོ་ཅི་འདུག་བལྟ། །དེ་ལྟར་ཉིན་མཚན་ཆོས་ཀྱིས་འདའ་བྱས་ན། །སྒྱུ་ལུས་འདོར་ཡང་སེམས་ཉིད་སྐྱེ་་འཆི་མེད། །འགྱུར་མེད་ཆོས་སྐུའི་རྒྱལ་སྲིད་ཟིན་པ་ཡིན། །ཚེ་འདི་དོན་་ཡོད་མཆོག་གི་དངོས་གྲུབ་བརྙེས། །དབང་པོ་འབྲིང་དང་ཐ་མའི་གང་ཟག་ཀྱང་། །བར་དོར་གྲོལ་ཞིང་ཕྱི་མ་འབྲས་དང་བཅས། །འཁོར་བའི་ལས་ལས་ཐར་པའི་ལམ་རྙེད་ནས། །བདེ་ཆེན་ས་ལ་སེམས་ཉིད་བཙན་ས་ཟིན། །འདི་ནི་


LRD005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དོན་གྱི་སྙིང་པོ་ཡིན། །ནོར་སའི་ལམ་ལ་ཕྱིན་ཞིང་གོལ་སྒྲིབ་མང་། །སྙིང་པོའི་དེ་ཉིད་ནམ་ཡང་མི་རྙེད་ཅིང་། །ཚེ་འདིར་ངལ་ལ་ཕྱི་མ་འབྲས་བུ་མེད། །དེས་ན་ལྟ་སྒོམ་མ་ནོར་བཙལ་བར་བྱ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མེད་ན། །ཐེག་ཆེན་ལམ་ལས་གཞན་ཞིག་ཡིན་པར་ངེས། །ཇི་ཙམ་བསྒོམ་ཞིང་རང་རྒྱུད་གྱོང་བ་ན། །ཆོས་དང་གང་ཟག་སོ་སོར་སོང་བར་ངེས། །ཕྱི་དང་དངོས་དང་བར་བསྒོམ་ཞེན་པ་ན། །གཉིས་མེད་རྟོགས་པའི་སྐལ་བ་མེད་པར་ངེས། །ངེས་འབྱུང་སྐྱོ་ཤས་འཆི་བ་མ་དྲན་ན། །ཚེ་འདིར་ཞེན་པའི་བདུད་ཀྱིས་བསླུས་པར་ངེས། །བསྒོམས་ཀྱང་ཡོན་ཏན་གསར་དུ་མ་སྐྱེས་ན། །གོལ་སྒྲིབ་གཏིངས་སོགས་བྱིང་རྒོད་བྱུང་བར་ངེས། །ཞི་གནས་རླན་གྱིས་ལྷག་མཐོང་མ་ཟིན་ན། །ལྷག་མཐོང་མ་ཡིན་རྟོགས་པའི་རི་མོ་ཡིན། །གོ་ཡུལ་ཁ་ལྟས་གཉིས་མེད་དོན་སྨྲས་ཀྱང་། །རྐྱེན་ངན་མི་ཐུབ་དུག་ལྔ་རགས་པའི་གྲོགས། །ལྷག་མཐོང་རྩལ་གྱིས་ཞི་གནས་མ་ཟིན་ན། །ཞི་གནས་མ་ཡིན་གཏི་མུག་སེམས་གནས་ཙམ། །བསམ་གཏན་ཆགས་པ་ལེགས་ཀྱང་གོང་མའི་རྒྱུ། །བྱིང་རྒོད་ལྟོངས་པས་དུད་འགྲོའི་སྒོམ་པ་ལ། །རྟག་ཏུ་མ་ཆགས་ལྷག་མཐོང་ཡེ་ཤེས་རྩལ། །དམ་པས་བསྟན་པས་དྲི་མེད་རྟོགས་པའི་ཚེ། །སྒོམ་གྱི་ཚུལ་འཆང་ཐམས་ཅད་བྱང་ཆུབ་གྲོགས། །མ་བྱས་བདེ་གསལ་མི་རྟོག་ཁོང་ནས་་འཆར། །དེ་ཉིད་མ་ཡིན་ངེས་པའི་སྙིང་པོ་མིན། །ད་ལྟ་རིག་པའི་གསང་འདི་མ་རྟོགས་ན། །སྒོམ་ལ་ཕར་འཆང་བླང་དོར་སྒྲོག་ཏུ་འཆིང་། །འདོད་པ་ཉུང་ལ་མི་འདོད་ཆར་བཞིན་འབབ། །རེ་བ་མི་འགྲུབ་དོགས་པས་རྒྱུན་དུ་གནོད། །ལུས་ངག་ཡིད་བཅོས་བདེ་གསལ་མི་རྟོག་ཀྱང་། །བྱིས་པའི་བུམ་འཛིན་འཇིག་པས་ཕན་མི་ཐོགས། །མ་བྱས་མི་འཇིག་ཡོན་ཏན་འབྱུང་བའི་


LRD005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །རང་བབ་གཉུག་མའི་རྟོགས་པ་བཙལ་བ་གཅེས། །ལུས་བཅོས་ངག་བསྡམས་སེམས་བསྒྲིམས་རྣམ་རྟོག་བཀག །ཧར་རེ་སང་ངེ་རིག་པའི་མདུང་ཚུགས་ཀྱང་། །འཛིན་པའི་ངང་དུ་འདུ་ཤེས་ཚོར་བཀག་ནས། །བསམ་གཏན་གཟུགས་མེད་འཁོར་བ་སྒྲུབ་པར་སྣང་། །དབང་པོའི་སྣང་ཡུལ་རྟོག་མེད་གསལ་སྣང་དང་། །དུག་ལྔ་རང་གྲོལ་ཡེ་ཤེས་ཆེན་པོའི་ངང་། །བྱིང་རྒོད་གསེང་བ་ཕྲ་མོའི་རིག་པ་ལ། །སྤང་བྱར་ཞེན་པས་ཕྲ་རགས་སྦོམ་གསུམ་ཞེས། །མགྲིན་བཟང་རྣམས་ཀྱིས་སྤང་བའི་ཐབས་ལ་བརྩོན། །སྔ་མའི་ཤེས་པ་ཕྱི་མས་དྲན་བྱས་ཏེ། །ཚོར་ཙམ་ཉིད་ཀྱིས་གཉུག་མའི་དོན་མཐོང་ཞེས། །སྐྱེ་འགག་གྲངས་འདེབས་རྟོག་པའི་འཕྲོ་མཐུད་ལ། །གཉིས་མེད་དོན་དུ་འཛིན་པའི་སྒོམ་པ་འཁྲུལ། །ཅི་ཙམ་འབད་ཀྱང་རྟོག་པའི་དྲྭ་བ་ལས། །ཕྱི་མ་སྐྱེས་ཚེ་སྔ་མ་འགག་པའི་ཆོས། །གྲོལ་བར་ཞེན་པ་སྔ་ཕྱིར་རང་གྲོལ་མིན། །ཐབས་ལམ་དབང་པོ་བདེ་བ་ལྷུར་ལེན་པ། །ཆགས་སྲེད་འཛིན་པས་ཕལ་ཆེར་ངན་སོང་རྒྱུ། །བདེ་འགྲོ་ཐོབ་ཀྱང་དམན་པའི་གནས་སུ་སྐྱེ། །རྣལ་འབྱོར་བརྒྱ་ལམ་འགའ་ཡི་ལམ་ཡིན་ཞེས། །གོལ་སྒྲིབ་ཤས་ཆེ་རྟོགས་པའི་དོན་མཐོང་དཀོན། །ཚོགས་གཉིས་བསྐྱེད་རྫོགས་ཡོད་མེད་རེས་འཇོག་ཅན། །ངེས་པའི་དོན་ཞེས་འབད་ཀྱང་བདེ་འབྲས་ཆུང་། །མཐོ་རིས་ཉིད་དེ་འཁོར་བ་ཆད་མི་ནུས། །མདོར་ན་སྐྱེ་བ་སྔོན་བསགས་སྐལ་པ་ཞན། །ལོག་གོལ་དམན་པའི་ལམ་ཞུགས་སྙིང་རེ་རྗེ། །ནམ་ཞིག་ཀུན་ཀྱང་ལེགས་པའི་མ་ནོར་ལམ། །ཇི་བཞིན་རྙེད་ནས་དེ་བཞིན་གྲོལ་བར་ཤོག །གང་ལ་མ་ནོར་སྟོང་ཉིད་སྙིང་རྗེ་ཆེ། །སྐད་ཅིག་གྲོལ་བ་རང་གནས་ཆོས་སྐུའི་ལམ། །འཆར་བ་ཤེས་རབ་ལྷག་མཐོང་རྗེན་པ་ཉིད། །


LRD005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་ཐབས་ཡིན་ཞི་གནས་མཉམ་པའི་ངང་། །རང་བབ་ཟུང་འཇུག་བཅོས་བསླད་ཀུན་དང་བྲལ། །འགྱུར་བའི་་ཡེངས་ལ་གནས་པས་རྣམ་པར་གནོན། །བྱིང་རྒོད་གཉིས་མེད་ཉོན་མོངས་རྩ་བྲལ་ངང་། །ཇི་ལྟར་ཤར་ཡང་རང་གྲོལ་ཆོས་སྐུ་ལ། །གང་ལྟར་གནས་ཀྱང་གཉིས་མེད་མཉམ་པའི་ངང་། །བླང་དོར་མི་དགོས་སེམས་ཉིད་རྣལ་མའི་དོན། །གཉུག་མའི་ངོ་བོ་ཆོས་ཉིད་ཡེ་ཤེས་ལ། །གོམས་པའི་རྩལ་སྦྱོང་རྒྱུན་ཆད་མེད་པར་མཛོད། །འདི་ནི་གནས་ལུག་གཉུག་མའི་རང་གྲོལ་ཏེ། །མཆོག་གི་སྒོམ་པ་ཡང་ཟབ་བླ་ན་མེད། །སྙིང་པོའི་བཅུད་དྲིལ་་ཡང་ནས་ཡང་བསྡུས་པ། །རྡོ་རྗེ་རྩེ་མོ་ཀུན་གྱི་སྙིང་པོ་ཡིན། །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། །དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།འབྲས་བུ་ལྷུན་གྲུབ་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་ལྟ་བ་སྒོམ་པས་ཡོན་ཏན་ཐོབ། །ཉོན་མོངས་གཟུང་འཛིན་རང་སར་གྲོལ་བ་དང་། །ཕྱི་ནང་ཆོས་ལ་བསྟན་པ་་ཐོབ་པ་དང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་གྲུབ་པ་དང་། །རྟོགས་པ་གོང་འཕེལ་གཞན་དོན་སྙིང་རྗེ་འབྱུང་། །དེ་ཚེ་སྐད་ཅིག་རིག་པའི་ཡེ་ཤེས་ལ། །ཆ་ཡིས་དབྱེ་ན་ཡོན་ཏན་འདི་དག་གོ། སྣང་བ་ཐབས་ཡིན་བསྐྱེད་རིམ་བསོད་ནམས་ཚོགས། །ཉོན་མོངས་ཀུན་རྟོག་གཟུང་བའི་རྟོག་པ་སྤང་། །སྟོང་པ་ཤེས་རབ་རྫོགས་རིམ་ཡེ་ཤེས་ཚོགས། །ཤེས་སྒྲིབ་ལྷན་སྐྱེས་འཛིན་རྟོག་རང་སར་གྲོལ། །སེར་སྣ་ཚུལ་འཆལ་ཁོང་ཁྲོ་ལེ་ལོ་གཡེངས། །ཤེས་འཆལ་མི་མཁས་ཉམ་ཆུང་མི་སྨོན་དང་། །རྨོངས་པའི་ཕྱོགས་བཅུ་རྣམ་པར་དག་པའི་ཆོས། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཐབས། །སྟོབས་སྨོན་ཡེ་ཤེས་ཕ་རོལ་ཕྱིན་བཅུ་རྫོགས། །བླ་


LRD005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དྲིན་གྱིས་རྟོགས་པར་ཤར་བའི་ཚེ། །དགའ་བདེ་མཆོག་སྐྱེས་ས་རབ་དགའ་བ་སྟེ། །ཉོན་མོངས་རང་གྲོལ་དྲི་མ་མེད་པའི་ས། །བདེ་གསལ་མི་རྟོག་ཡེ་ཤེས་འོད་བྱེད་པ། །འཕྲོ་བའི་ཀུན་རྟོག་རང་གྲོལ་འོད་འཕྲོ་ཅན། །མཆོག་ལས་ཀུན་གྱི་ཡུལ་མིན་སྤྱད་དཀའ་བ། །རྟོགས་པ་མངོན་གྱུར་མངོན་དུ་གྱུར་པའི་ས། །འཁོར་བ་ལས་གྲོལ་རིང་དུ་སོང་བ་སྟེ། །རྟོགས་པ་མི་གཡོ་རི་རྒྱལ་མི་གཡོ་བ། །ཀུན་གྱི་མཆོག་ཡིན་ལེགས་པའི་བློ་གྲོས་ཅན། །ཡིད་མཁའ་ཁྱབ་པས་བཅུ་པ་ཆོས་ཀྱི་སྤྲིན། །བསོད་ནམ་ཡེ་ཤེས་རྣམ་དག་ཚོགས་སྦྱོར་ལ། །རྟོགས་པའི་དོན་མཐོང་གོམས་པས་མཐོང་གོམས་ཉིད། །གྲོལ་བའི་འབྲས་བུའི་ས་ཞེས་བརྗོད་པ་ཡིན། །དུག་གསུམ་གྲོལ་བ་སྡེ་སྣོད་གསུམ་ཚང་ཞིང་། །སྒོ་གསུམ་དག་པ་བསླབ་གསུམ་རྣམ་པར་དག །ཐམས་ཅད་གྲོལ་བྱ་དེ་ཉིད་སྤྱོད་པ་དང་། །རྟོགས་པའི་ཀློང་གྱུར་རྣལ་འབྱོར་བླ་ན་མེད། །རྒྱུད་སྡེ་བཞི་ཚང་རང་དོན་ཉན་རང་ལ། །གཞན་དོན་ཐེག་ཆེན་རྟོགས་པ་ཀྲི་ཡ་སྟེ། །གོམས་པས་ཨུ་པ་སྤྱོད་པས་ཡོ་གའོ། །ཐབས་དང་ཤེས་རབ་མ་ཧཱ་ཨ་ནུ་ལ། །རང་རྫོགས་ཨ་ཏི་རིམ་དགུ་ཀུན་དང་མཐུན། །གཟུངས་དང་ཏིང་འཛིན་ཡེ་ཤེས་སྙིང་པོ་ཅན། །རང་གྲོལ་སྐད་ཅིག་དབྱེ་བ་གནས་པ་ནི། །ས་དང་ལམ་དང་སངས་རྒྱས་གོ་གཅིག་དོན། །གཉུག་མའི་ཡེ་ཤེས་སེམས་སངས་ཕྱག་རྒྱ་ཆེ། །མཉམ་རྫོགས་ལྷུན་གྲུབ་ཆེན་པོ་ཕྱམ་གཅིག་གོ། མཐར་ཐུག་འབྲས་བུ་མི་གནས་གདོད་མའི་ངང་། །ཆོས་སྐུའི་ཞིང་ཁམས་བསམ་འདས་བརྗོད་དུ་མེད། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ན། །མངོན་པར་བྱང་ཆུབ་སྐུ་གསུམ་ལྷུན་གྱིས་གྲུབ། །ཕྲ་བའི་ཡེ་ཤེས་མཁའ་དབྱིངས་འཁྱིལ་པ་ལ། །ཐམས་ཅད་མཁྱེན་པའི་རང་བཞིན་འཆར་


LRD005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གནས། །གྲུབ་བསལ་མེད་པའི་ཆོས་ཉིད་ལྷུན་རྫོགས་དང་། །མ་སྐྱེས་མི་འགག་ནམ་མཁའི་རང་བཞིན་ནོ། །དེ་ལས་རྣམ་དག་སྟུག་པོ་བཀོད་པའི་ཞིང་། །རང་སྣང་འོད་གསལ་དཀྱིལ་་འཁོར་ལྷུན་རྫོགས་ནས། །རིགས་ལྔ་ལྟོན་པ་མཚན་རྫོགས་འོད་ཟེར་འཕྲོ། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་ལྡ་ལྔའི་རང་བཞིན་ལས། །ཕྱོགས་བཅུ་དུས་བཞིའི་རང་སྣང་གདུལ་བྱའི་འཁོར། དཀྱིལ་འཁོར་རིགས་ལྔ་ཏིལ་གྱི་གོང་བུ་རྙེད། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་གནས། །སྒོ་དང་སྒོ་ཁྱུད་རྟ་བབ་མུ་ཁྱུད་སོགས། །སོ་སོའི་རིགས་དང་མཐུན་པར་རྣམ་པར་བཀྲ། །ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་གི་ངང་། །མཉམ་རྫོགས་ཆོས་ཀྱིས་མཐའ་དབུས་མེད་པར་ཁྱབ། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་དུས། གཞི་རྫོགས་་འཕོ་འགྱུར་མེད་པའི་ངང་ཉིད་དོ། །དེ་ལས་རང་བཞིན་སྤྲུལ་སྐུ་རིགས་ལྔའི་ཞིང་། །འོག་མིན་མངོན་དགའ་རིན་ཆེན་ཡོངས་གང་དང་། །པདྨ་བརྩེགས་དང་ལས་རབ་གྲུབ་པ་རུ། །སྟོན་པ་རིགས་ལྔ་ས་བཅུའི་འཁོར་རྣམས་ལ། །དུས་གསུམ་ཀུན་ཏུ་གཟུགས་བཟང་མེ་ལོང་སྟོན། །འོད་ཟེར་འཁྱིལ་པས་ས་བཅུའི་སྒྲིབ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འཁོད་པའི་ཕྲིན་ལས་མཛད། །ཞིང་དེར་རྒྱལ་སྲས་དག་པའི་ཚོགས་ལ་སྣང་། །ལོངས་སྐུའི་ཞལ་ལས་འཕྲོས་པའི་འོད་ཟེར་ལས། །ལྷ་དང་ལྷ་མིན་མི་དང་དུད་འགྲོ་དང་། །ཡི་དྭགས་དམྱལ་བ་འཇིག་རྟེན་དྲུག་པོ་རུ། །བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ་པ་དང་། །སེང་གེ་རབ་བརྟན་ཁ་འབར་དེ་བ་དང་། །ཨ་ཝ་གླང་མགོ་མཐུན་པའི་སྣང་གཟུགས་ཀྱིས། །མ་དག་དོན་མཛད་ཞི་བའི་དབྱིངས་སུ་བརྟེན། །སྣ་ཚོགས་སྤྲུལ་པ་བཟོ་དང་སྐྱེ་བ་དང་། །རྫིང་


LRD005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟམ་པ་པདྨ་དཔག་བསམ་ཤིང་། །སྨན་དང་ནོར་བུ་སྒྲོན་མེ་ལ་སོགས་པ། །འགྲོ་བའི་བདེ་སྐྱིད་དགའ་བའི་གནས་མཛད་ནས། །མཐར་ཐུག་ངེས་པར་ལེགས་པའི་ཕྲིན་ལས་མཛད། །གདུལ་བྱ་ཟད་ནད་འདུལ་བྱེད་་དབྱིངས་སུ་ནུབ། །དེ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱ། །སྣ་ཚོགས་སྤྲུལ་དང་འགྲོ་འདུལ་ནུབ་པ་ནི། །ཆུ་སྣོད་མེད་པས་ཆུ་ཟླ་ནུབ་པ་བཞིན། །རང་བཞིན་རོལ་པའི་འཕྲོ་འདུ་རོལ་པ་ཙམ། །ནམ་ཞིག་གདུལ་བྱའི་སར་གནས་ཞི་བ་ན། །འདུལ་བྱེད་རང་བཞིན་སྤྲུལ་པའི་རིགས་ལྔ་ཡང་། །རང་སྣང་ལོངས་སྐུར་གཉིས་མེད་རང་ཐིམ་ནས། །གནམ་གང་ཟླ་བ་དབྱིངས་སུ་ནུབ་པ་བཞིན། །ཆོས་སྐུའི་དབྱིངས་སུ་རང་སྣང་ལོངས་སྐུ་ནུབ། །ཕྱི་རུ་མི་སྣང་རང་ངོར་དཀྱིལ་འཁོར་ཆེ། །སྔ་ཕྱི་འཕེལ་འགྲིབ་འཕོ་འགྱུར་མེད་པར་གནས། །འཕེལ་འགྲིབ་སྣང་བས་ཟླ་བ་མི་འཕྲོག་བཞིན། །ཡང་གཅིག་གདུལ་བྱ་ཡོད་ན་སྔོན་བཞིན་སྣང་། །འདི་དག་མཐར་ཕྱིན་གྲོལ་བའི་འབྲས་བུ་ཡིན། །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། །འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་སྟེ་གསུམ་པའོ། །དེ་ལྟར་ལེགས་བཤད་ཉི་མའི་སྙིང་པོ་འདི། །དྲི་མེད་འོད་ཟེར་ཤར་བས་སྣང་བར་བྱས། །དེང་སང་རྩོད་དུས་ལྟ་ངན་མུན་པས་བསྒྲིབས། །དེ་ཉིད་བསལ་ཕྱིར་ངེས་པའི་ལམ་འདི་བཀོད། །དགེ་བ་འདི་ཡིས་བདག་འདྲ་འགྲོ་བ་ཀུན། །མ་ལུས་ཕྱམ་གཅིག་གདོད་མའི་སར་གྲོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཏེ། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་བས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་


LRD005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་ཕྱི་རབས་ཀྱི་དོན་དུ་བཀོད་པ་རྫོགས་སོ།། །།དགེའོ། །

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།


LRD005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད་ཅེས་བྱ་བ་བཞུགས། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོམ། །གང་གི་རང་བཞིན་ཡེ་ནས་མ་སྐྱེས་ཤིང་། །བརྗོད་མེད་བསམ་འདས་གཉིས་མེད་ཆོས་ཀྱི་སྐུ། །སེམས་ཉིད་རྒྱལ་པོ་རང་བྱུང་ཀུན་ཏུ་བཟང་། །གཞི་རྫོགས་འཕོ་འགྱུར་མེད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་། །དམ་པ་རྣམས་ཀྱི་བྱིན་རླབས་མངོན་སུམ་པ། །གང་ཤར་རང་གྲོལ་སྤང་བླང་མེད་པའི་དོན། །ཁྲིད་དུ་བསྡེབས་ནས་བདག་གིས་བཤད་པར་བྱ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། འགྲོ་བའི་ཁམས་དང་དབང་པོའི་རིམ་པར་བསྟུན་ཏེ། ཐེག་པའི་སྒོ་དང་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་གསུངས་པའི་དོན། རིག་པ་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་། དེ་ཉིད་ཉམས་སུ་ལེན་པའི་གདམས་པ་མང་ཡང་མཐར་འཛིན་གྱི་ཞེན་པས་བཅིངས་ཏེ་ཚེ་འདིར་གྲོལ་བའི་ལམ་ཉུང་བས། འདིར་བླང་དོར་གཞི་གྲོལ་ལ་སྐད་ཅིིག་གིས་རྟོགས་པའི་ཐབས་མཆོག་ཏུ་གསང་བ་རྫོགས་ཆེན་སེམས་ཉིད་རང་གྲོལ་གྱི་གདམས་ངག་ཐེག་པ་ཀུན་ལས་འདས་པའི་རང་བཞིན་ངེས་པའི་བྱ་བ་ལ་གསུམ་ལས། བླ་མ་བརྒྱུད་པའི་རིམ་པ། དེ་ལས་བྱུང་བའི་གདམས་པ། རྩིས་ཆེ་བས་བཀའ་རྒྱས་གདབ་པའོ། །དང་པོ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཆོས་སྐུ་ཀུན་ཏུ་བཟང་པོས། ལོངས་སྐུ་སྣང་བ་མཐའ་་ཡས་ལ་གསུངས། དེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསུངས།


LRD005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས། དེས་གུ་རུ་ཤཱི་ལ་མ་ཏི་ལ་གསུངས། དེས་མཁས་གྲུབ་བདེ་ལེགས་རྒྱ་མཚོ་ལ་གསུངས། དེས་ཆོས་རྗེ་སྨོན་ལམ་འོད་ཟེར་ལ་གསུངས། དེས་བདག་ལ་གནང་བའོ། །གཉིས་པ་དེ་ལས་བྱུང་པའི་གདམས་པ་ལས། ཚེ་འདིར་ཉམས་ལེན་རང་གྲོལ་གྱི་གདམས་པ། བར་དོར་འཆར་གཞི་འོད་གསལ་གྱི་གདམས་པ། མཐར་ཕྱིན་འབྲས་བུའི་གདམས་པ་དང་གསུམ། དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་དུ་འགྲོ་བའི་ཆོས་བདུན་གྱི། དང་པོར་བྱིན་རླབས་འཇུག་པ་བླ་མའི་ལམ་ཁྱེར་ནི། གདན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྐད་ཅིག་གིས་རང་གི་སྤྱི་བོའི་གཙུག་ཏུ་པདྨ་དང་ཉི་ཟླའི་སྟེང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྩ་བའི་བླ་མ་དང་ཐ་མི་དད་པ་མཚན་དང་དཔེ་བྱད་འབར་ཞིང་ཧེ་རུ་ཀའི་ཆ་བྱད་ཅན། སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རིན་པོ་ཆེ་དང་རུས་པས་བརྒྱན་པའི་པང་དུ། མཁར་ཆེ་བཟའ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མཐའ་སྐོར་རྣམས་སུ་བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པ་བསམས་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་བྱས་ལ། བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་སྐུ་གསུང་་ཐུགས་ཀྱི་དངོས་གྲུབ་ཐོབ་ནས། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ལ་


LRD005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བརྗོད་པས། བླ་མ་རྣམས་ཀྱི་སྐུ་ལས་འོད་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྣང་སྲིད་ཐམས་ཅད་བླ་མའི་རང་བཞིན་དུ་གྱུར་ནས། དེ་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་ཀྱི་འོད་ཟེར་བདག་གི་སྤྱི་བོ་ནས་ལུས་ཀྱི་ནང་དུ་ཞུགས་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་རང་གྲོལ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ་ཞིང་། རླུང་དར་ཅིག་བཟུང་ནས་དམིགས་པ་རྒྱ་བསྐྱེད་ལ་བསྒོམ་མོ། །རྗེས་ལ་སྒྱུ་མའི་ངང་ནས་སྔོ་བ་བྱའོ། །དེ་ལྟར་ཞག་བདུན་དུ་སྦྱངས་པས་བླ་མ་འགྲུབ་པའི་རྟགས་དང་བྱིན་རླབས་ཁྱད་པར་ཅན་གློ་བུར་དུ་འཇུག་པར་འགྱུར་རོ། །གཉིས་པ་ཚོགས་ཆེན་གཉིས་རྫོགས་མཎྜལ་གྱི་ལམ་ཁྱེར་ནི། མདུན་གྱི་ནམ་མཁའ་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམས་ལ། མཎྜལ་ཚོམ་བུ་ཅི་འགྲུབ་ཏུ་བཀོད་ལ། གླིང་བཞི་འཇིག་རྟེན་ཁམས་མཚོན་པ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལ། ལྷ་དང་མིའི་འདོད་ཡོན་སྣ་ཚོགས་པས་གང་ཞིང་ཕྱི་ནང་གི་མཆོད་སྤྲིན་རྒྱ་མཚོས་བཀང་སྟེ། ལུས་ལོངས་སྤྱོད་དགེ་བའི་རྩ་བའི་བར་ཐམས་ཅད་མགྲོན་རྣམས་ལ་ཕུལ་བས་ཤིན་ཏུ་མཉེས་པར་བསམས་ལ། མཎྜལ་ཕུལ་བ་ལ་ཉིན་མཚན་བདུད་བརྩོན་པར་བྱའོ། །དེས་ནི་བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་རྫོགས་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དགོས་པ་་ཡོད་དོ། །གསུམ་པ་སྒྲིབ་གཉིས་སྦྱོང་བ་ཡི་གེ་བརྒྱ་པའི་ལམ་ཁྱེར་ནི། སྐད་ཅིག་གིས་སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིན་པོ་ཆེས་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་དབུས་


LRD005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཧཱུཾ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་བྱུང་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དག་པར་བསམ་ཞིང་། ཡི་གེ་བརྒྱ་པ་ཅི་འགྲུས་བཟླས་པ་ཞག་བདུན་གྱི་བར་བྱའོ། །དེས་རྣམས་ངན་པའི་སྒྲིབ་པ་བྱང་ཞིང་། གནས་ལུགས་མྱུར་དུ་རྟོགས་པའི་དགོས་པ་ཡོད་དོ་། །བཞི་པ་ངེས་འབྱུང་སྐྱོ་ཤས་སྐྱེས་པས་ཚེ་མི་རྟག་པའི་ལམ་ཁྱེར་ནི། དལ་འབྱོར་རིན་པོ་ཆེས་བརྒྱན་པའི་ཚེ་འདི་ཡང་མྱུར་དུ་མི་རྟག་འཇིག་པའི་ཆོས་ཅན་དུ་ངེས་ཏེ། ཕྱི་སྣང་བའི་ཡུལ་འདི་དག་ཀྱང་ལོ་དང་ཟླ་བ་ཞག་དང་དུས་ཀྱི་འགྱུར་ཞིང་མི་རྟག་ལ། སེམས་ཅན་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། ཉེ་འབྲེལ་ཤི་བ་ཀུན་ལ་བསམ་པས་ཀྱང་རང་གི་ཚེ་མི་རྟག་རང་གི་ཉེ་བར་ལེན་པའི་ཕུང་པོ་་འདི་ཡང་སོ་སོར་འབྲལ་ཞིང་གྱེས་ལ། ལྦུ་བ་རྡོས་པ་དང་འདྲ། དེ་རིང་་སང་ཙམ་མི་འཆི་བའི་གདིང་མེད་ན། འཆི་ངེས་སྙམ་ནས། དེ་རིང་ནིི་་འཇིག་རྟེན་འདིའི་ཐ་མ་སྟེ། འབྱུང་བཞི་སྡུད་ཅིང་ལུས་སེམས་འབྲལ་བའི་ཚུལ་ཅན་ཡིན་ནོ་སྙམ་ནས་སྙིང་ནས་དུང་དུང་པ་ཞག་བདུན་བསྒོམས་པས། མི་རྟག་པ་རྒྱུད་ལ་སྐྱེ་ཞིང་བློ་སྣ་ཐུང་ངུར་བསྟུངས་པས་ཆོས་ལ་འཇུག་ཅིང་བརྩོན་པའི་དགོས་པ་ཡོད་དོ། །ལྔ་པ་ལམ་གྱི་སྔོན་དུ་འགྲོ་བའི་སྐྱབས་འགྲོའི་ལམ་ཁྱེར་ནི། མདུན་གྱི་ནམ་མཁར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ཉན་རང་དགྲ་བཅོམ་ལ་སོགས་པ་དཀོན་མཆོག་གསུམ་བསྒོམས་ལ། དེ་རྣམས་སངས་རྒྱས་མ་ཐོབ་ཀྱི་བར་དུ་མགོན་དུ་བཟུང་བའི་བསམ་པས་བླ་མ་སོགས་ལ་སྐྱབས་འགྲོ་ཅི་འགྲུབ་ཏུ་བརྗོད་པས། དེ་རྣམས་ཀྱིས་ཕ་མ་བུ་ཚ་ལ་བརྩེ་བ་བཞིན་ལྷག་པའི་ཐུགས་རྗེས་གཟིགས་པར་བསམ་


LRD005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་འགྲོ་བྱས་པས། སེམས་ཅན་ཐམས་ཅད་ཀྱང་དི་རི་རི་སྐྱབས་སུ་འགྲོ་བའི་རྗེས་ཟློས་བྱེད་པར་བསམ་ཞིང་ཞག་བདུན་་འབད་དོ། །དེས་ནི་ཆོས་སྒྲུབ་པའི་བར་ཆད་ཞི་བ་དང་། རྟོགས་པ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །དྲུག་པ་ཆོས་ལམ་དུ་འགྲོ་བ་བྱང་ཆུབ་སེམས་ཀྱི་ལམ་ཁྱེར་ནི། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ལ་སོགས་པ་མདུན་དུ་བསམས་ལ། དེ་དག་གིས་སྡུག་བསྔལ་དུས་རྒྱུན་མྱོང་བ་ལ་བསམས་ཏེ་འཁོར་བའི་རང་བཞིན་སྡུག་བསྔལ་ལས་མ་འདས་ཤིང་། སེམས་ཅན་འདི་རྣམས་གཏན་དུ་འཁོར་བའི་སྡུག་བསྔལ་གྱིས་ཉམས་ཐག་པ་འདི་རྣམས་བདག་གི་དགེ་བའི་རྩ་བ་དང་། ལུས་ལོངས་སྤྱོད་ལ་སོགས་པས་གནས་སྐབས་བདེ་བ་དང་འཕྲད། སྡུག་བསྔལ་དང་བྲལ་ཉེ་རིང་ཆགས་སྡང་མེད་པའི་ཚད་མེད་པ་བཞི་ལ་གནས་ཤིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་དུ་བསམ་ཞིང་། ངག་ཏུ་ཡང་སེམས་བསྐྱེད་པའི་ཆོ་ག་མདོར་བསྡུས་པ་ཙམ་བླངས་ཏེ། མགོན་པོ་སྲས་དང་བཅས་རྣམས་དགོངས། །ཇི་ལྟར་དུས་གསུམ་རྒྱལ་བ་རྣམས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཇི་ལྟར་གསུངས་པའི་བསླབ་པ་ཡང་། །རིམ་པ་བཞིན་དུ་ལེགས་སློབ་ཅིང་། །འགྲོ་བའི་སྡུག་བསྔལ་ཀུན་བཅོམ་སྟེ། །ཅི་བྱས་གཞན་དོན་འགྲུབ་པར་ཤོག །ཅེས་བརྗོད་ཅིང་འགྲོ་བའི་སྡུག་བསྔལ་བདག་གིས་བླང་ཞིང་། བདག་གི་བདེ་བ་སེམས་ཅན་ལ་སྦྱིན་པ་གཉིས་སྤེལ་མར་སྦྱངས་ཏེ། སྙིང་རྗེ་དུང་དུང་ཞག་བདུན་


LRD005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམ་མོ། །དེས་ནི་ལུས་ངག་རྩོལ་བ་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་འགྱུར་བས་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བའི་དགོས་པ་་ཡོད་དོ། །བདུན་པ་གནས་ལུགས་རྟོགས་པ་བསྐྱེད་པ་ངེས་དོན་སྙིང་པོའི་ལམ་ཁྱེར་ལ། ཞི་གནས་བཙལ། ལྷག་མཐོང་བསྐྱེད། ཟུང་འབྲེལ་ངོས་བཟུང་བ་གསུམ་ལས། དང་པོ་ནི། སྐྱིལ་མོ་ཀྲུང་བཅས་ཏེ། སེམས་ཀྱི་རྟོག་པ་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་ཤེས་པ་གང་ལའང་མི་རྟོག་པའི་ངང་ལ་མཉམ་པར་བཞག་པ་ལ་ཞག་བདུན་་འབད་དོ། །དེས་ནི་ཐ་མལ་གྱི་ངན་རྟོག་སྒྲིབ་པར་འགྱུར་བ་རྣམས་མགོ་ནོན་པ་དང་། རིག་པ་དངས་སྙིགས་འབྱེད་པས་འཕྲལ་བྱུང་གང་ཤར་གྱི་ཤེས་པ་ངོས་ཟིན་སླ་བའི་དགོས་པ་ཡོད་དོ། །དེ་ནས་ལྷག་མཐོང་བསྐྱེད་པ་ནི། སེམས་ཀྱི་རྟོག་པ་སྣ་ཚོགས་སུ་འཕྲོ་བ་སྔོན་བས་རགས་པ་ལྟ་བུར་འཆར་བ་ལ་བརྟགས་ཏེ་འཕྲོ་བདོ་བའི་དུས་ཤིག་ལ། གང་ནས་བྱུང་བ་བཙལ་ཞིང་། ལུས་མགོ་མཇུག་ཕྱི་ནང་བར་གསུམ་དུ་རྟོག་ཅིང་། །རྟོག་པ་དེ་ཉིད་ཀྱང་དབྱིབས་ཁ་དོག་ངོས་བཟུང་བཙལ་བས་གང་ནས་ཀྱང་མ་བྱུང་བས་སྐྱེ་བ་མེད་པའི་སེམས་ཉིད་རྩ་བ་དང་བྲལ་བའི་ངང་དུ་རྟོགས་པར་འགྱུར་རོ། །དེ་ནས་རྟོག་པ་དེ་ཉིད་གནས་བདོ་བའི་ཚེ་ཕྱི་ནང་བར་གསུམ་གང་ན་གནས། ཁ་དོག་ངོས་བཟུང་ཅི་འདུག་བརྟགས་པས་འགག་མེད་གསལ་སྟོང་ཆེན་པོའི་སེམས་ཉིད་གཞི་གནས་རྣམ་དག་ཆེན་པོར་རྟོགས་པར་འགྱུར་རོ། །དེར་རྟོག་པ་དེ་ཉིད་ཐོལ་བྱུང་ཡང་གར་སོང་ཆ་མེད་དུ་ཡལ་ནས། འགག་པའི་ཚེ་གང་དུ་སོང་བརྟགས་ནས་ངོས་བཟུང་བས་རྗེས་མེད་རང་སར་གྲོལ་བའི་རིག་པ་ངོས་བཟུང་ལས་འདས་པའི་དོན་རྟོགས་པར་འགྱུར་རོ། །དེ་ནས་ཟུང་འབྲེལ་ངོས་བཟུང་བ་ནི། ལུས་


LRD005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རང་བབས་སུ་བཞག་སྟེ། སེམས་དྲན་བསམ་ལས་འདས་པར། ཕྱམ་མེ། ལྷན་ནེ། ཡེར་རེ། ཝལ་ལེ་བའི་ངང་ལས་འདས་པའི་དྲན་རྟོག་འགྱུ་བྱེད་ཞི་བ་ཞི་གནས་རིག་གེ་གསལ་བ་ལྷག་མཐོང་། དེ་གཉིས་དུས་མཉམ་གཅིག་ཅར་དུ་འདུག་པ་ཟུང་་འབྲེལ་ལོ། །དེས་ནི་ཐབས་དང་བཅས་པའི་བསམ་གཏན་ངོས་ཟིན་པའི་་དགོས་པ་ཡོད་དོ། །དེ་དག་ལ་ཞག་རེ་བྱའོ། །གཉིས་པ་དངོས་གཞི་ངོ་སྤྲད་པ་ནི། །ཐམས་ཅད་ལུས་སེམས་ཁོང་གློད། ད་ལྟར་ཤེས་པ་སྐད་ཅིག་མ་འདིའི་སྟེང་དུ་ངོས་བཟུང་སྟེ། དེ་ཡང་ཕྱི་ནང་སྣོད་བཅུད་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་འཆར་ཚུལ་ཡིན་ཏེ། མདང་གི་རྨི་ལམ་བཞིན། སེམས་འདི་ཡང་ངོ་བོ་སྟོང་། རང་བཞིན་གསལ། མཚན་ཉིད་སྣ་ཚོགས་སུ་འཆར་བ་མེ་ལོང་གཡའ་དག་པའི་ནང་དུ་གཟུགས་སྣང་བ་དང་འདྲ་སྟེ། སྣང་ལ་ངོས་བཟུང་ཐམས་ཅད་དང་བྲལ་བས་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ཞིང་། དེའི་དོན་ཡང་ད་ལྟའི་སེམས་སྣ་ཚོགས་སུ་འཕྲོ་བ་འདི་ལས་ལོག་པའི་ཆོས་ཉིད་མེད་དེ། སློབ་དཔོན་ཆེན་པོའི་ཞལ་ནས། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་སྒོམ་དུ་མེད། །རྟོགས་ཐབས་གྲོལ་ཐབས་ཤེས་པས་ཆོག །རྟོག་པ་ཁོ་ན་ཆོས་སྐུར་བས། །ལམ་མཆོག་་འདི་ཉིད་ཁོ་ན་འཕགས། །སྣང་སྲིད་རྒྱ་ཐེག་ཀུན་བཟང་པ། །རྟོག་སྤང་མི་རྟོག་སྒོམ་ལོ་པ། །སྣང་སྲིད་དགྲ་ལྟར་གྲོལ་འཁྲུལ་ལྟུང་། །ཞེས་གསུངས་པས། ད་ལྟའི་ཤེས་པ་དེ་ཉིད་ལས་བཅས་བཅོས་མ་བྱེད་པར་ཁོང་ཀློད་སོར་བཞག་རང་བབས་སུ་ཐོང་ལ། རྟོག་པ་ཅི་ཤར་ཡང་དགག་སྒྲུབ་མ་བྱེད་པར་དེ་གའི་སྟེང་དུ་ཐ་མལ་རང་ལུགས་རྗེན་


LRD005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྷོད་ཀྱིས་ཞོག་མཛོད། ངོ་བོ་མཐོང་གྲོལ། རང་བཞིན་ཤེས་གྲོལ། མཚན་ཉིད་རང་གྲོལ་དུ་གནས་པ་སེམས་ཀྱི་རང་བཞིན་ཡིན་ཏེ། དེ་ལྟར་གང་ཤར་བ་རྩིས་མེད་དུ་བསྐྱངས་པས། རིག་པའི་རང་བབས་ལ་སེམས་གནས། རང་རྫོགས་སུ་་ཡོད་པ་ཤུགས་ལ་ཤར་དུས་དགག་སྒྲུབ་ཞེན་པའི་རྩིས་མི་གདབ་པར། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་ཅིག་རང་གྲོལ་གྱི་རིག་པ་འཕོ་འགྱུར་མེད་པའི་ངང་དུ་གནས་པ་ཡིན་ནོ། །ད་ལྟའི་ཤེས་པ་འདི་ཉིད་ལ་འདི་ཡིན་གྱི་དམིགས་གཏད་མ་འཛིན་པར། རིག་པ་ཁོ་རང་གི་རང་གྲོལ་བྱུང་བ་དང་ཞིག་པ་དུས་མཉམ། ཞིག་དུས་བཅོས་བསླད་མེད་པའི་ངང་ལ་ཕྱི་མའི་རིག་པ་མ་ཤར་གྱི་བར་ལ་ཞོག །ཤར་དུས་ངོས་བཟུང་མེད་པའི་རིག་པ་འཕྲོ་མ་མཐུད། ཡན་སྟབས་སུ་ཞོག །ཡེངས་སྟབས་སུ་སྐྱོངས། འཛིན་མེད་་དུ་ཐོང་། སྣོད་ཞབས་རྡོལ་དུ་རྫས་བཅུག་པ་ལྟར། རིག་པ་ཟང་ཐལ་སྐད་ཅིག་མ་རང་གྲོལ་ཐལ་གྲོལ་འདི་ཡིན་གཟའ་གཏད་མེད་པའི་ངང་ལ་གོམས་པར་མཛོད། མདོར་ན་ཤར་གྲོལ་རང་བཅས་ཀྱི་ལྟ་སྒོམ་རང་ཤར་ཀློང་རྡོལ་དུ་བྱུང་བས་སྤང་གཉེན་རང་ཞིག་ལ་གྲོལ་བ་ཡིན་ནོ། །དེ་ལྟར་སྣང་སྲིད་ཆོས་ཉིད་དུ་ཤར་བས་སྒོམ་ལ་རྒྱུན་ཆད་མེད། རིག་སྟོང་འཛིན་མེད་དུ་གྲོལ་བས་ཉོན་མོངས་ཡེ་ཤེས་སུ་དག །ཡོན་ཏན་ལྷུན་རྫོགས་སུ་འདུག་པས་རྩོལ་སྒྲུབ་འབད་པ་ལས་འདས། ཐམས་ཅད་གནས་ལུགས་སུ་ཤར་བས་གོལ་སྒྲིབ་རང་སར་དག་པའི་ཆོས་ཉིད་རང་ལ་རྙེད་པ་ཡིན་ནོ། །དེ་བས་ན་ད་ལྟའི་དྲན་བསམ་སོ་མ་འདི་ཀུན་ཆོས་སྐུ་རང་ལུགས་ཀྱི་དགོངས་པ་ཡིན་ཏེ། སློབ་དཔོན་ཆེན་པོའི་ཞལ་ནས། བསམ་དུ་མེད་པའི་སེམས་ཉིད་ལ། །སྒོམ་ཡང་མ་སྒོམས་ཕྱམ་མེ་ཞོག །སྒོམ་ཡང་


LRD005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་མེད་ཁྲིལ་ལེ་ཞོག །ཡེངས་ཀྱང་མ་ཡེངས་ཙེན་ནེ་ཞོག །ཡེངས་ཀྱང་འགལ་མེད་ཁྲིལ་ལེ་ཞོག །བལྟ་ཡང་མ་བལྟ་ཅོག་གེ་ཞོག །བལྟས་ཀྱང་འགལ་མེད་ཅེ་རེ་ཞོག །འཕྲོ་ཡང་མ་འཕྲོ་ཧྲིག་གེ་ཞོག །འཕྲོས་ཀྱང་འགལ་མེད་འདི་གར་ཞོག །བསྡུ་ཡང་མ་བསྡུ་ཝལ་ལེ་ཞོག །བསྡུས་ཀྱང་འགལ་མེད་ཏིང་ངེ་ཞོག །སྒྲིམ་ཡང་མ་སྒྲིམས་ཁྲོལ་ལེ་ཞོག །བསྒྲིམས་ཀྱང་འགལ་མེད་བཏུད་དེ་ཞོག །བཅོས་ཀྱང་མ་བཅོས་ས་ལེ་ཞོག །བཅོས་ཀྱང་འགལ་མེད་སང་ངེ་ཞོག །སྒྲུབ་ཀྱང་མ་སྒྲུབས་རྩོལ་མེད་ཞོག །བསྒྲུབས་ཀྱང་འགལ་མེད་ལྷུན་གྱིས་ཞོག །དགག་ཀྱང་མ་དགག་རང་བྱུང་ཞོག །དགག་ཀྱང་འགལ་མེད་སྐྱེ་མེད་ཞོག །ཞུམ་ཀྱང་མ་ཞུམ་ཧུ་རེ་ཞོག །ཞུམ་ཀྱང་འགལ་མེད་ལྷན་ནེ་ཞོག །རྩོལ་ཡང་མ་རྩོལ་འབོལ་ལེ་ཞོག །རྩོལ་་ཡང་འགལ་མེད་ཤུགས་འབྱུང་ཞོག །བཞག་ཀྱང་མ་བཞག་གཞི་བྲལ་ཞོག །བཞག་ཀྱང་འགལ་མེད་ལྷུག་པར་ཞོག །ཅེས་གསུངས་པས། ད་ལྟའི་ཤེས་པ་གང་ཤར་ལྷུན་རྫོགས་མ་བཅོས་པའི་རང་བབས་ལ་བཏང་བས་ཕྱི་ནང་གི་ཆོས་ཞེན་པ་འཛིན་པ་མེད་ཅིང་། རྟོག་པ་ལ་དགག་སྒྲུབ་མེད་པས་གཉིས་མེད་སེམས་ཀྱི་ངང་ལ་རྒྱུན་ཆད་མེད། རགས་པའི་རྟོག་པ་ཁ་ཡན་དུ་མ་ཤོར་བས་འདོད་པའི་སེམས་ལས་རྣམ་པར་གྲོལ། འཕྲོ་བའི་ཤེས་པ་རང་བབས་སུ་ཤར་བས་གཟུགས་དང་གཟུགས་མེད་ཀྱི་གོལ་ས་ཀུན་ལས་འདས། འདི་ཞེས་ཆེད་དུ་མི་འཛིན་པས་ཞི་གནས་ལྷུན་གྱིས་གྲུབ། སོ་མ་ཤུགས་འབྱུང་དུ་ཤར་བས་ལྷག་མཐོང་ལྷུན་གྱིས་གྲུབ། འཕྲོ་གནས་གཉིས་སུ་མེད་པས་ཟུང་འབྲེལ་ལྷུན་གྱིས་གྲུབ། །སྐད་ཅིག་རང་སར་གྲོལ་པས་ཤེས་རབ་ལྷུན་གྱིས་གྲུབ། །གནས་པ་མེད་པས་བསམ་གཏན་


LRD005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །ཤར་གྲོལ་འཛིན་པ་མེད་པས་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ། སྐྱོན་ཐམས་ཅད་འཛིན་པའི་ཆ་ལས་གྲུབ་པས་འཛིན་མེད་ཟང་ཁར་གྲོལ། ཡོན་ཏན་ཐམས་ཅད་ཡེ་ཤེས་རིག་པ་ལ་འཆར་བས་གོམས་པ་གོང་དུ་འཕེལ། སེམས་རང་ལུགས་སུ་རྫོགས་ཏེ་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་གསུངས་པའོ། །བཟོ་མེད་རིག་པ་ཤུགས་འབྱུང་ཟང་ཀ་མ། །གང་ཤར་ངང་ལ་རང་ཤར་ཆེན་པོར་ཞོག །གཏད་མེད་རྒྱལ་པོ་འཛིན་མེད་བློ་བདེ་བས། །སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །ཞེས་ཐེབས་པར་གདབ་བོ། །གསུམ་པ་རྗེས་ལ་རྩལ་སྦྱོང་། བོགས་དབྱུང་། གེགས་བསལ་བ་དང་གསུམ་ལས། རྩལ་སྦྱང་བ་ནི། ད་ལྟའི་ཤེས་པ་གང་ཤར་ངང་བབས་སུ་སྦྱངས་པ་དངོས་གཞི་མཉམ་པར་བཞག་པའི་ངང་ལས་རྗེས་ཐོབ་ཏུ། ཕྱི་སྣང་བ། ནང་རིག་པ། གོམས་པ་ཉམས་མྱོང་དང་བཅས་པ་ཐམས་ཅད་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་་དང་། སྤྲུལ་པ་ལྟ་བུ། སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་དོན་ལ་ཝལ་ཝལ་རྩལ་སྦྱངས། དེས་ནི་ཆོས་ཐམས་ཅད་ལ་བདེན་ཞེན་གྲོལ་ནས་རྨི་ལམ་ནའང་འཛིན་མེད་ཆོས་སྐུའི་ངང་ལ་གནས་པ་འབྱུང་ངོ་། ནད་་དང་གདོན་ལ་སོགས་པའི་གེགས་བསལ་བ་ནི། ནད་གདོན་རྟོག་པའི་ཆོ་་འཕྲུལ་ནི་བརྟག་ན་ཕྱི་ནང་བར་གསུམ་ན་མེད་པར་ངེས་པས། སྐྱེ་བ་མེད་པའི་ལམ་ཁྱེར་དུ་བྱུང་བ་དེ་དགའ་སྙམ་དུ་བསམས་ནས། ན་སར་བུ་ག་གཟེར་འབྱིན་བསྒོམ་ཞིང་། གདོན་ལ་བྱང་ཆུབ་ཀྱི་སེམས་དང་། རང་བཞིན་མེད་པའི་རྩལ་སྦྱང་བྱའོ། །དེས་ནི་ཞི་བར་ངེས་སོ། །དགེ་སྦྱོར་ལྟེངས་ཏེ་བོགས་མེད་ན། བླ་མ་ལ་གསོལ་བ་དྲག་ཏུ་གདབ། ངེས་འབྱུང་སྐྱོ་ཤས་


LRD005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་རྒྱུད་ལ་སྐྱེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དུར་ཁྲོད་ལུང་སྟོང་དང་རི་རྩེ་ལ་སོགས་རབ་ཏུ་དབེན་པའི་སར་སོང་སྟེ། བླ་མ་སྤྱི་བོར་བསྒོམས་ལ། ལུས་མཆོང་རྒྱུག །ངག་སྨྲ་བརྗོད། སེམས་དགག་སྒྲུབ་བདེ་སྡུག་གི་རྣམ་པ་སྣ་ཚོགས་སུ་སྤྲོས་ལ། སྐད་ཅིག་རང་གྲོལ་རང་བསྲེ་སྟེ་ཉིན་ཞག་དུ་མར་ཉམས་སུ་བླངས་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདི་དག་ནི་གནད་མཐར་ཐུག་པའོ། །དེ་ལྟར་གོམས་པའི་རྣལ་འབྱོར་པ་ནི་སྐྱེ་ཤི་ལ་ཉམ་མི་ང་བའི་གདིང་ཐོབ་ནས་གཟུང་་འཛིན་རང་སར་གྲོལ་བ་ན། ཚེ་འདི་ཉིད་ལ་མཆོག་དང་ཐུན་མོང་གི་ཡོན་ཏན་དངོས་སུ་མཐོང་བ་ཡིན་ནོ། །འདི་དག་གི་དོན་རྒྱས་པར་བཤད་ན་མཐའ་ཡས་པས་ཉུང་ངུར་བསྡུས་ཏེ་བསྟན་པ་ཡིན་ནོ། །ཚེ་འདི་གྲོལ་བའི་གདམས་པ་བཤད་ཟིན་ཏོ། །གཉིས་པར་བར་དོའི་འཆར་གཞི་འོད་གསལ་གྱི་གདམས་པ་ལ། སྔར་སྐྱེ་ཤི་བར་དོར་སྐད་ཅིག་རང་གྲོལ་གྱི་གནད་ལ་གོམས་པས་རྨི་ལམ་བར་དོའི་ནང་དུ་ཡང་འཛིན་མེད་ཡེ་གྲོལ་གནས་ལུགས་ཤར། རྣལ་འབྱོར་པ་འཆི་ཁར། ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས་གཤེར་བའི་ཆུ་རྣམས་སྐམ། མེ་རླུང་ལ་ཐིམས་པས་དྲོད་མཐའ་ནས་བསྡུ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་འགྱུ་བ་ཆད། གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམས་པས་སྣས་དྲི་མི་ཚོར། རོ་རེག་ལ་ཐིམ་པས་ལྕེས་རོ་མི་ཚོར། རེག་ཆོས་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར། ཆོས་སེམས་ལ་ཐིམ་པས་གཟུང་འཛིན་གྱི་རྣམ་རྟོག་རགས་པ་རྣམས་འགགས་ཏེ། དྲན་མེད་


LRD005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་བ་དང་ཆོས་མཚུངས། རྣམ་པ་ཤེས་པའི་ཚོགས་བརྒྱད་ཀུན་གཞིར་ཐིམ་པའོ། །བསམ་གཏན་ལ་བཞག་པའི་སྐད་ཅིག་ལ་རིགས་ལྔའི་སྐུར་གྲོལ་ནས་གདོད་མའི་སར་ཕྱིན་པ་ནི། ལྔ་ལྡན་དང་རྫོགས་ལྡན་ཆེན་པོའི་དགོངས་བར་སླེབ་པའོ། །དེ་ཡང་འོད་མཐིང་ག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤེས་པ་གཏད་མེད་དུ་ལྷན་ནེ་བཞག་པའི་སྐད་ཅིག་ལ་རང་རིག་རྣམ་པར་སྣང་མཛད་ཀྱི་སྐུར་གྲོལ། དེ་བཞིན་དུ་དཀར་པོ་ལ་མེ་ལོང་ཡེ་ཤེས་ཏེ་མི་བསྐྱོད་པ། སེར་པོ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཏེ་སྣང་བ་མཐའ་ཡས། ལྗང་གུ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའི་སྐུར་སངས་རྒྱས་ནས། སྤྲུལ་པའི་འགྲོ་བའི་དོན་མཛད་དེ་གདོད་མའི་གཞིར་མངོན་པར་བྱང་ཆུབ་པའོ། །དེ་ཡང་སྔར་སྐད་ཅིག་རང་གྲོལ་གྱི་གནད་ལ་གོམས་དུས་རང་ཤར་རང་ངོ་ཤེས་པའི་ངང་ནས་བདེ་གསལ་མི་རྟོག་པའི་ཡེ་ཤེས་མ་བཙལ་ལྷུན་གྲུབ་ཏུ་གནས་པར་ངོས་ཟིན་པས་བར་དོའི་འོད་གསལ་འདྲེས་ཏེ་སྐད་ཅིག་རང་གྲོལ་ལ་སོང་བའོ། །དེའི་རིག་པའི་ངོ་བོ་སྟོང་པས་གང་ནའང་མི་གནས། རང་བཞིན་གསལ་བས་འཆར་གཞི་མ་འགག །མཚན་ཉིད་སྣ་ཚོགས་པས་གང་ཤར་ཕྱོགས་མེད་དུ་གྲོལ་བའི་ངང་ལ་གནས་པ་ནི་སུམ་ལྡན་ནོ། །དེ་ནས་འབྱུང་བཞི་ཐིམ་ཚུལ་གྱི་སྣང་བ་ཐ་དད་པ་ནི་བཞི་ལྡན་ནོ། །དེ་ནས་འོད་གསལ་ཡེ་ཤེས་ལ་འཇུག་པས་སྐུ་ལྔར་གྲོལ་བ་ནི་ལྔ་ལྡན་ནོ། །དེ་ནས་སྤྲུལ་པས་འགྲོ་དོན་མཛད་པ་ནི་རྫོགས་ལྡན་ནོ། །དེ་ནས་ལོངས་སྐུ་ཆོས་སྐུར་ཐིམ་ནས་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་ལ་བཙན་ས་ཟིན་པས་ཆོས་སྐུ་མཉམ་རྫོགས་ཆེན་པོར་བཞུགས་པ་ནི་རྫོགས་ལྡན་ཆེན་པོའོ། །


LRD005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པའོ། །ཞར་ལ་ཐ་མ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ནི། བར་དོའི་འོད་གསལ་མ་ཟིན་ནས། དེ་ནས་བར་དོའི་ཡིད་ཀྱི་ལུས་ཅན་ཇི་ཙམ་གནས་པའི་ཡུན་བྱེད་སྔ་མའི་སྣང་བ་ལས་ཕྱེད་ཕྱི་མའི་སྣང་བ་འཆར་བས་དབང་པོ་ཀུན་ཚང་བ། ལས་ཀྱི་རྫུ་འཕྲུལ་གྱིས་གར་བསམ་དུ་ཕྱིན་པ། མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ཟང་ཐལ་བ། རྨི་ལམ་གྱི་སྣང་བ་འདྲ་བ། བདེ་སྡུག་གི་སྣང་བ་དུ་མ་་འཆར་རོ། །ཡུན་ལ་ངེས་པ་མེད་དེ་ཁ་ཅིག་མྱུར་དུ་སྐྱེ་བ་ལེན་ལ། ཁ་ཅིག་ཞག་བཞི་བཅུ་ཞེ་དགུ་ལ་སོགས་པར་གནས་སོ། །དེའང་རང་ཉིད་ཤི་བར་ཤེས་པ་བྱུང་ནས་སྡུག་བསྔལ་སླར་སྐྱེའོ། །དེའི་ཚེ་སྔར་གྱི་གདམས་པ་དྲན་པས་སྣང་སེམས་འཛིན་མེད་ཆེན་པོར་རྩལ་སྦྱང་ཞིང་། བླ་མ་ལ་གསོལ་བ་བཏབ་པས་གྲོལ་བ་ཡང་ཡོད་དོ། །དེ་དུས་ཞིང་ཁམས་དག་པ་ཡིད་ལ་བྱེད་པ་དང་། བར་དོའི་སྣང་བ་བདེན་མེད་དུ་ཤེས་པ་དང་། དད་གུས་དྲན་པ་མཆོག་ཏུ་གཅེས་སོ། ཁ་ཅིག་དེའི་ཚེ་ཞིང་ཁམས་དག་པར་སྐྱེས་ནས་སངས་རྒྱས་པར་གསུངས་སོ། །རབ་ཀྱི་བདེན་མེད། འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་དང་ཞིང་དག་པ། ཐ་མ་མངའ་སྒོ་འདམ་པ་དང་གསུམ་ལ་བསླབ་བོ། །མངལ་སྒོ་འདམ་པ་ནི། ལྷ་ལ་སྐྱེད་མོས་ཚལ་དང་གཞལ་ཡས་ཁང་། ལྷ་མིན་ལ་འོད་ཀྱི་འཁོར་ལོ། མི་ལ་ཁང་བཟང་དང་་ཀུན་དགའ་ར་བ་དང་སྐྱེ་བོ་མང་པོ། དུད་འགྲོ་ལ་ཕུག་རྡུགས་དང་སྤྱིལ་པོ། ཡི་དྭགས་ལ་གྲོག་པོ་ཕུག་རྡུག་དང་མི་གཙང་བའི་ཁྲོད། དམྱལ་བ་ལ་མུན་ནག་ཆར་འཐིབས་ལ་སོགས་པ་སྣང་བས། སྐྱེ་གནས་དེ་རྣམས་ལ་ཆགས་ཞེན་སྤངས་ཏེ།


LRD005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མི་ཁྱད་པར་ཅན་གྱི་མངལ་གནས་ལྷའི་གཞལ་ཡས་ཁང་་དུ་བསམ་པའི་ནང་ཧཱུྃ་ལ་སོགས་པའི་ཡི་གེ་བསམ་པ་ལ་རང་རིག་ཞུགས་ཏེ། ཕྱི་མ་ལ་དམ་པའི་ཆོས་དང་འཕྲད་དེ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་སྙམ་པས་རང་ཉིད་ཡི་དམ་གྱི་ལྷར་བསྒོམ་པ་ཙམ་གྱིས་ལྷ་མིའི་ལུས་དལ་འབྱོར་ཁྱད་པར་ཅན་དང་ལྡན་པར་སྐྱེས་ཏེ། བླ་མ་དགེ་བའི་བཤེས་གཉེན་དམ་པ་་དང་མཇལ་ནས། ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །བར་དོའི་གདམས་པ་བཤད་ཟིན་ཏོ། །གསུམ་པ་མཐར་ཕྱིན་འབྲས་བུའི་གདམས་པ་ནི། ཚེ་འདི་ཉིད་དམ་ཕྱི་མ་བར་དོ་གང་དུ་གྲོལ་ཡང་འབྲས་བུ་་བླ་ན་མེད་པའི་སངས་རྒྱས་སུ་ངེས་ཏེ། སེམས་ཉིད་རང་གྲོལ་ནས་རྣམ་པར་དག་ཅིང་། འོད་གསལ་བའི་དོན་མངོན་དུ་གྱུར་པས་ཆོས་སྐུ་དྲི་མ་མེད་པའི་ངང་དུ་བཙན་ས་ཟིན་པར་འགྱུར་རོ། །དེའི་ཚེ་ནམ་མཁའ་ལ་ཉི་ཟླའི་་དཀྱིལ་འཁོར་ཤར་བ་ལྟར། ཆོས་སྐུའི་ངང་ལས་ལོངས་སྐུ་ངེས་པ་ལྔ་ལྡན་གྱིས་ས་ལ་གནས་པའི་དོན་བྱེད་ཅིང་། སྤྲུལ་སྐུ་མ་ངེས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་ངོ་། །ཁྱད་པར་དུ་བར་དོའི་རང་སྣང་་འོད་གསལ་གཞི་ལ་རང་ངོ་ཤེས་ན་ཆོས་སྐུའི་སྟེང་དུ་བཙན་ས་ཟིན་ནས། དེའི་ངང་ལས་ལོངས་སྤྲུལ་གྱིས་འགྲོ་བའི་དོན་འབྱུང་ལ། ཡེ་ཤེས་ལྔ་ལྡན་གྱི་སྣང་བ་ལ་རང་ངོ་ཤེས་ན་ལོངས་སྐུའི་ངང་དུ་བཙན་ས་ཟིན། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱས་ཏེ། སྤྲུལ་སྐུ་ལོངས་སྐུར་ཐིམ། ལོངས་སྐུ་ཆོས་སྐུར་ཐིམ་ནས་གདོད་མའི་གཞི་ལ་བཞུགས་ཏེ། དེའི་ངང་ལས་སྐུ་རྣམ་པ་གཉིས་མངོན་པར་སྣང་བས་སེམས་ཅན་གྱི་དོན་འབྱུང་བའོ། །སྦྲུལ་པའི་སྐུ་དང་ཞིང་ཁམས་དག་པར་རང་ངོ་ཤེས་ན་སྤྲུལ་སྐུ་ལོངས་སྐུ་སྣང་


LRD005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཉིད་ཆོས་སྐུར་ཐིམ་ནས་འགྲོ་བའི་དོན་འབྱུང་བའོ། །དེའང་ད་ལྟའི་རིག་པ་འདི་ཉིད་ལ་འཁོར་འདས་རང་རྫོགས་སུ་ཡོད་པས། རང་ངོ་མ་ཤེས་ན་འཁོར་བའི་སྣང་བ་རྨི་ལམ་ལྟར་མ་རིག་པའི་གཉིད་ཀྱི་ངང་ལ་བདེ་སྡུག་སྣ་ཚོགས་སུ་་འཆར་ཞིང་ཁམས་གསུམ་རིགས་དྲུག་ཏུ་འཁྱམས་པའོ། །རང་ངོ་ཤེས་ཐོག་ཏུ་གོམས་པའི་ཚེ་མྱ་ངན་འདས་པའི་སྣང་བ་རྨི་ལམ་ལྟར་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སྣ་ཚོགས་སུ་སྣང་བས་འགྲོ་བའི་དོན་རྨི་ལམ་ལྟར་མཛད་པའོ། །ཁ་དོག་གང་ལྟར་སྣང་དུས་ཉིད་ནས་བདེན་པར་མ་གྲུབ་པ་གཉིད་སད་པ་ལས་རྨི་ལམ་སངས་པས། ཉིན་སྣང་ལྟར་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་དུ་རོ་གཅིག་པའོ། །དེས་ན་ད་ལྟའི་རིག་པ་འདི་ཉིད་ངོ་བོ་སྟོང་པ། མ་རིག་ན་་ཡིད་དང་གཟུགས་མེད་ཁམས་གསུམ་གཏི་མུག་གི་འཁྲུལ་པས་མི་རྟོག་པའོ། །རང་བཞིན་གསལ་བས་ངག་དང་གཟུགས་ཁམས་སུ་ཞེ་སྡང་གིིས་འཁྲུལ་པའོ། །མཚན་ཉིད་སྣ་ཚོགས་པས་ལུས་དང་འདོད་ཁམས་འདོད་ཆགས་ཀྱིས་འཁྲུལ་པས་བདེ་བའི་རྣམ་ལྡན་ནོ། །དེར་བརྟེན་ལས་མི་དགེ་བས་ངན་སོང་། དགེ་བ་ཟགས་བཅས་ཏིང་ངེ་འཛིན་དང་མ་འབྲེལ་བས་འདོད་པའི་ལྷ་དང་མི། ཏིང་ངེ་འཛིན་གསལ་བས་གཟུགས་ཁམས་དང་། གནས་པས་གཟུགས་མེད་དུ་འཁོར་ཞིང་གཏན་དུ་སྡུག་བསྔལ་བའོ། །ད་ལྟའི་རིག་པ་རང་ངོ་ཤེས་ཤིང་རིག་དུས། ངོ་བོ་སྟོང་པ་ཆོས་སྐུ་སྤྲོས་པ་དང་བྲལ་བ། རང་བཞིན་གསལ་བ་ལོངས་སྐུ་ངེས་པ་ལྔ་ལྡན་ནོ། །མཚན་ཉིད་སྣ་ཚོགས་སུ་སྣང་བས་སྦྲུལ་སྐུ་གདུལ་བྱ་དང་འཚམས་པར་སྣང་བས་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུངབའོ། །དེའང་ཆོས་སྐུ་ནི་ནམ་མཁའ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ནས། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་འོག་མིན་སྟུག་པོ་


LRD005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པར། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱད་པས་རང་སྣང་གི་འཁོར་དང་ས་བཅུའི་སེམས་དཔའ་དཔག་ཏུ་མེད་པ་ལ་འཁོར་བ་མ་སྟོངས་ཀྱི་བར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དགང་བའི་ཚིམ་པར་མཛད་ཅིང་། དེ་ལས་རྣམ་པར་འཕྲུལ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་སོ་སོའི་སྣང་བ་དང་མཐུན་པའི་སྐུ་དང་གསུང་དང་ཐུགས་མི་ཟད་པས་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་ཏེ་སེམས་ཅན་གྱི་དོན་མཛད་ཅིང་། ཕྲིན་ལས་ཚད་མེད་པའི་ཐུགས་རྗེ་ཆེན་པོའོ། །དེ་ལྟར་སྣང་བའི་སངས་རྒྱས་ཀྱི་་ཡེ་ཤེས་དང་། ངོ་བོ་ནང་གསལ་དུ་ལོངས་སྤྱོད་རྫོགས་པའི་སྐུའི་ཆེ་བ་ལྔ་་དང་། རྣམ་པ་ཕྱིར་གསལ་དུ་སྦྲུལ་པའི་སྐུའི་ཆེ་བ་གཉིས་སོ། །ནང་གི་ལྔ་ནི་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཕྱི་གསལ་གྱི་གཉིས་ནི་ཆོས་ཅན་མ་འདྲེས་པ་སོ་སོར་མཁྱེན་པ་ཇི་སྙེད་མཁྱེན་པ་དང་། ཆོས་ཉིད་རོ་གཅིག་ཏུ་མཁྱེན་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །དེ་དག་གིས་ལམ་མཐར་ཕྱིན་པ་འབྲས་བུའི་འཆར་ཚུལ་གྱི་རིམ་པ་དང་བཅས་པ་བཤད་ཟིན་ཏོ། །སྐལ་ལྡན་རྣམས་ཀྱི་ལམ་བཟང་ཤིང་རྟ་ཆེ། །གཉིས་མེད་རང་གྲོལ་གཉུག་མའི་ཡེ་ཤེས་ནི། །ད་ལྟའི་ཤེས་པར་རང་གྲོལ་སྐད་ཅིག་མ། །ཤར་གྲོལ་་དུས་མཉམ་རང་གྲོལ་སྔ་ཕྱི་མེད། །གཟུང་བས་མ་བསླད་འཛིན་པས་མ་གོས་ཤིང་། །ཉོན་མོངས་གང་ཡིན་ཡེ་ཤེས་ཉིད་འཆར་བ། །བླ་མའི་དྲིན་གྱིས་བདག་ལ་བབ་པའི་ཚུལ། །ཕྱི་རབས་དོན་དུ་ཁྲིད་ཀྱི་ཡིི་གེར་བསྡེམས། །སྲིད་ལས་ཐར་འདོད་རྣམས་ཀྱིས་བསྟེན་པར་འོས། །གང་ལ་སྤང་བླང་འདི་་ཡིན་ཞེ་འདོད་ཡོད། །དེ་ལ་གཉིས་མེད་ཆོས་གྱི་སྐལ་


LRD005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད། །ལམ་འདིར་ཐམས་ཅད་ཡེ་ཤེས་ཉིད་མྱོང་བས། །གཞིར་རྫོགས་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །གྲོགས་དག་མཐའ་བྲལ་སྙིང་པོའི་ཁང་བཟང་འདིར། །སེམས་ཉིད་དོན་གྱི་ལོངས་སྤྱོད་བླང་བར་གྱིས། །བདེ་ཆེན་འབྲས་བུ་ཚེ་འདིར་ཐོབ་པར་ངེས། །ཕྱི་ནས་གཞན་དོན་ངང་གིས་འགྲུབ་པར་འགྱུར། །བདག་ཅག་ཚེ་འདི་གཡོ་བའི་སྤྲིན་དང་འདྲ། །ལུས་ནི་ལྦུ་བ་བཞིན་ཏེ་སྙིང་པོ་མེད། །ཆོས་ཐོས་ཐོས་པ་སྒྲུབ་པ་ཤིན་ཏུ་དཀའ། །དེ་བས་མྱུར་དུ་བརྩོན་པའི་སྟོབས་སྐྱེད་ཅིག །ལེགས་སྦྱོར་མེ་ཏོག་འབྲས་བུ་དུས་སྨིན་པས། །འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །དྲི་མེད་འོད་ཟེར་དབང་གིས་འདི་བཀོད་པའི། །དགེ་བས་སྲིད་གསུམ་མ་ལུས་ཕྱམ་གཅིག་ཏུ། །ཀུན་བཟང་ས་ལ་ལྷུན་གྱིས་གྲུབ་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་་དོན་ཁྲིད་ཅེས་བྱ་བ། ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །ཤིན་ཏུ་གསང་བའི་མན་ངག་མངོན་དུ་ཕྱུངས་པ། སྐལ་ལྡན་གསུམ་ལས་མང་ན་མཁའ་འགྲོའི་ཆད་པ་འབྱུང་བས་དམ་པ་བྱའོ། །དཔལ་མགོན་ལེགས་ལྡན་ནག་པོ་དང་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱི་དང་། གཟའི་དགེ་བསྙེན་རཱ་ཧུ་ལས་བཀའ་འདི་དམ་པར་སྲུངས་ཤིག །དགེའོ།། །།

སེམས་ཉིད་རང་གྲོལ་གྱི་གསོལ་འདེབས།


LRD005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་རང་གྲོལ་གྱི་གསོལ་འདེབས་བཞུགས། སྐྱབས་སུ་འགྲོ་བ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། མགོན་པོ་སྲས་དང་བཅས་


LRD005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགོངས། །ཇི་ལྟར་དུས་གསུམ་རྒྱལ་བ་རྣམས། །བྱང་ཆུབ་ཐུག་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཇི་ལྟར་གསུངས་པའི་བསླབ་པ་ལ། །རིམ་པ་བཞིན་དུ་ལེགས་སློབ་ཅིང་། །འགྲོ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཅི་བྱས་གཞན་དོན་འགྲུབ་པར་ཤོག །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ལོངས་སྐུ་སྣང་མཐའ་་ཡབ་ཡུམ་ལ་གསོལ་བ་འདེབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །སྤྲུལ་སྐུ་ཨོ་རྒྱན་ཡབ་ཡུམ་ལ་གསོལ་བ་འདེབ། ༀ་ཨཱཿཧཱུྃ་བཛྲ༴། རྒྱལ་སྲས་དྲི་མེད་འོད་ཟེར་ལ༴། ༀ་ཨཱཿཧཱུྃ་བཛྲ༴། མཁས་གྲུབ་བདེ་ལེགས་རྒྱ་མཚོ་ལ༴། ༀ་ཨཱཿཧཱུྃ་བཛྲ༴། བྱ་བཏང་མ་ཏི་མངྒ་ལ༴། ༀ་ཨཱཿཧཱུྃ་བཛྲ༴བྱང་སེམས་གུ་ཎ་ཤྲཱི་ལ༴། ༀ་ཨཱཿཧཱུྃ་བཛྲ༴སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ་ལ༴། ༀ་ཨཱཿཧཱུྃ་བཛྲ༴འཁྲུལ་ཞིག་ནམ་མཁའ་གཞོན་ནུ་ལ༴། ༀ་ཨཱཿཧཱུྃབཛྲ༴རྒྱལ་སྲས་ཆོས་དབྱིངས་རྡོ་རྗེ་ལ༴། ༀ་ཨཱཿཧཱུྃབཛྲ༴མཁས་གྲུབ་བློ་གྲོས་རྒྱལ་མཚན་ལ༴། ༀ་ཨཱཿཧཱུྃ་བཛྲ༴དྲིན་ཆེན་རྩ་བའི་བླ་མ་ལ༴། ༀ་ཨཱཿཧཱུྃ༴ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། ༀ་ཨཱཿཧཱུྃ༴བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ལ༴། ༀ་ཨཱཿཧཱུྃ་བཛྲ༴བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་གྱི་སྦྲིབ་པ་བྱང་ཞིང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ནས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། ༀ་ཨཱཿཧཱུྃབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་གངས་ཅན་མཚོ་ལས་ལྷུན་གྱིས་གྲུབ་


LRD005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན། རྒྱལ་སྲས་པདྨ་འབྱུང་གནས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་གསུམ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། མགོན་པོ་གདོད་ནས་རྫོགས་སངས་རྒྱས། །བདེ་ཆེན་ཡོན་ཏན་འབྱུང་བའི་མཛོད། །སངས་རྒྱས་ཀུན་གྱི་བླ་མ་མཆོག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །ཞི་དང་ཁྲོ་ཚུལ་དཔག་མེད་སྟོན། །སྣང་མཐའ་ཡབ་ཡུམ་ལ་ཕྱག་་འཚལ། །བདེ་གཤེགས་རྒྱ་མཚོའི་རྣམ་འཕྲུལ་ལས། །རང་བྱུང་གེ་སར་པདྨའི་སྟེང་། །མཚན་རྫོགས་དཔེ་བྱད་འབར་བའི་སྐུ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །ངོ་བོ་ཡེ་ནས་ནས་ཀུན་ཏུ་བཟང་། །རང་བཞིན་བདེ་གཤེགས་འོད་དཔག་མེད། །ཐུག་རྗེ་པདྨར་སྐུ་སྤྲུལ་པ། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །སྐུ་གསུམ་མཛད་པའི་འཕྲིན་ལས་ཀྱིས། །གདུལ་བྱའི་རེ་བ་རྣམས་སྐོང་ཞིང་། །མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། པདྨ་རྒྱལ་པོ་ལ་ཕྱག་འཚལ། །ཇི་སྙིད་ཇི་བཞིན་ཐམས་ཅད་མཁྱེན། །སྣ་ཚོགས་ཆོས་ཀྱི་རྔ་སྒྲ་ཡིས། །བདུད་དང་མུ་སྟེགས་ཚར་གཅོད་པ། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་གངས་རི་ལ། །རྣམ་གྲོལ་མཆོག་གི་གོ་འཕང་བརྙེས། །དཔག་མེད་འཁོར་གྱི་ཚོགས་ནང་དུ། །སེང་གེའི་སྒྲ་སྒྲོགས་ལ་ཕྱག་འཚལ། །ཐུགས་རྗེའི་ཆར་སྤྲིན་རོལ་པ་ལས། །ཕན་བདེའི་གློག་ཕྲེང་ཆར་འབེབས་ཤིང་། །འགྲོ་བློའི་ཕུན་ཚོགས་རྒྱས་བྱེད་པ། །པདྨ་སམྦྷ་ལ་ཕྱག་འཚལ། །མཁྱེན་བརྩེའི་འོད་སྟོང་དཀྱིལ་འཁོར་གྱིས། །གསུང་རབ་པདྨོ་རྒྱས་མཛད་ཅིང་། །འགྲོ་བའི་ལམ་ཡང་


LRD005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་མཛད། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །རྣམ་འཕྲུལ་དྲག་པོས་འདུལ་བ་ལ། །འཇིགས་རུང་གར་དགུའི་ཉམས་ལྡན་ཞིང་། །ལྷ་སྲིན་གདུག་པ་ཚར་གཅོད་པའི། །པདྨ་ཐོད་ཕྲེང་ལ་ཕྱག་འཚལ། །མཁའ་འགྲོ་འབར་བའི་སྤྲིན་ཕུང་ལས། །དངོས་གྲུབ་བདུད་རྩིའི་ཆར་འབེབས་ཤིང་། །བདེ་ཆེན་རྒྱལ་བ་མཉེས་མཛད་ཡུམ། །མཁར་ཆེན་མཚོ་རྒྱལ་ལ་ཕྱག་འཚལ། །ཤེས་བྱའི་དཀྱིལ་འཁོར་རབ་གཟིགས་ཤིང་། །དམ་ཆོས་རིན་ཆེན་མཛོད་འཛིན་པས། །ཟབ་མོའི་དགོངས་གཏེར་རྒྱས་མཛད་པ། །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །ལྟ་སྤྱོད་ཟུང་དུ་འཇུག་པ་ཡིས། །རིག་་འཛིན་མཆོག་གི་དངོས་གྲུབ་བརྙེས། །བླ་མེད་སྙིང་པོའི་བསྟན་པ་འཛིན། །བདེ་ལེགས་རྒྱ་མཚོ་ལ་ཕྱག་འཚལ། །བསྟན་པའི་གདུང་འཛིན་འགྲོ་བའི་་ཡབ། །རྟོགས་པ་ཕུལ་ཕྱིན་བྱང་སེམས་ལྡན། །འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད། །མ་ཏི་མངྒ་ལ་ཕྱག་འཚལ། །སྔོན་སྦྱངས་སྨོན་ལམ་སྟོབས་ཆེན་གྱིས། །སྟོང་ཉིད་སྙིང་རྗེའི་དོན་རྟོགས་ནས། །འགྲོ་ཀུན་བརྩེ་བས་འདྲེན་པའི་དཔལ། །གུ་ཎ་ཤྲཱི་ལ༴། མདོ་རྒྱུད་དགོངས་པ་ཐུགས་ཆུད་ཅིང་། །བསླབ་གསུམ་གྱིས་བརྒྱན་རྟོགས་པ་འབར། །སངས་རྒྱས་བསྟན་པའི་སྙིང་པོ་འཛིན། །སྤྲུལ་སྐུ་བསམ་རྒྱལ་ལ༴། རྣལ་གྲོལ་ཆོས་དབྱིངས་མཉམ་ཉིད་དང་། །ཟག་མེད་ཡེ་ཤེས་འོད་གསལ་མཆོག །ཉིན་་དང་མཚན་མོ་དབྱེར་མེད་པའི། །ནམ་མཁའ་གཞོན་ནུ་ལ༴། གདོད་ནས་ལྷུན་གྲུབ་ཆོས་སྐུའི་ངང་། །གཟུགས་སྐུར་རོལ་པ་སྒྱུ་མའི་སྐུ། །སྣ་ཚོགས་ཐབས་ལྡན་འགྲོ་ཀུན་སྒྲོལ། །མཁའ་ཀློང་ཡངས་པ་ལ༴། སྟོང་ཉིད་ཟབ་མོ་འདི་ཉིད་ལ། །མི་


LRD005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་བློས་བཅིངས་པ་ཀུན། །ཡེ་ཤེས་རིག་པའི་རལ་གྲིས་གཅོད། །མ་ཏི་དྷྭ་ཛ་ལ༴། སྔོན་སྦྱང་སྟོབས་ཆེན་ལས་འཕྲོ་་ཡིས། །བླ་མེད་རྡོ་རྗེ་སྙིང་པོའི་དོན། །འབད་རྩོལ་མེད་པ་ལྷུན་གྱིས་གྲུབ། །རྩ་བའི་བླ་མ་ལ་ཕྱག་འཚལ། །ངང་ཉིད་ཆོས་དབྱིངས་རོལ་པ་ལས། །སྣ་ཚོགས་ཐབས་ཀྱི་རྣམ་འཕྲུལ་གྱིས། །ཕྲིན་ལས་རྣམ་བཞིས་ལས་མཛད་པ། །མཁའ་འགྲོ་དམ་ཅན་ལ༴། གཞན་ཡང་ཕྱོགས་བཅུའི་རིག་འཛིན་དང་། །བདེ་གཤེགས་ཆོས་དང་འཕགས་པའི་ཚོགས། །མཁའ་འགྲོ་བདེ་ཆེན་རྒྱ་མཚོ་དང་། །མཆོད་འོས་ཀུན་ལ་བདག་ཕྱག་འཚལ། །དགེའོ། །

རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ།


LRD005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་བཞུགས། རྒྱ་གར་སྐད་དུ། །མཧཱ་སནྡྷི་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ་ནཱ་མ། བོད་སྐ་དུ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་མ་སྐྱེས་འོད་གསལ་མཉམ་པའི་ངང་། །སེམས་ཉིད་མི་གཡོ་འཛིན་མེད་ཡངས་པ་ཆེ། །སྐུ་གསུམ་ལྷུན་གྲུབ་བདེ་ཆེན་འོག་མིན་ནས། །གཞི་རྫོགས་འཕོ་འགྱུ་མེད་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་ཀུན་སེམས་ཉིད་སངས་རྒྱས་ཀྱང་། །མ་རིགས་དབང་གིས་སྲིད་པའི་དགོན་པར་འཁྱམས། །དེ་ལས་ཐར་འདོད་ཤིང་རྟ་བཟང་པོའི་ལམ། །ངེས་དོན་སྙིང་པོའི་ཆོས་ཚུལ་འདིར་བརྗོད་བྱ། །གྲོགས་དག་གཏིང་མཐའ་མེད་པའི་འཁོར་བ་འདིར། །སྡུག་བསྔལ་སྣ་ཚོགས་རྦ་ཀློང་འཁྲུགས་པ་ནི། །བདག་འཛིན་འཁྲུལ་པའི་མ་རིག་ལས་བྱུང་བས། །དེ་ཡི་གཉེན་པོར་གནས་ལུགས་ལྟ་བ་གཅེས། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་ཡེ་ནས་མཉམ་པ་ཉིད། །གྲུབ་བསལ་


LRD005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་རྟག་ཆད་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་ཆོས་ཉིད་ནམ་མཁའི་ངང་། །སྣ་ཚོགས་ཆོས་ཅན་མ་འདྲེས་ཅིར་སྣང་ཡང་། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཕྱི་རོལ་དངོས་མིན་སེམས་ཀྱི་སྣང་ལུགས་ཏེ། །སེམས་མིན་སེམས་ལས་བྱུང་བའི་ཆོས་ཀྱང་མིན། །ཡུལ་ལྔར་སྣང་བ་རབ་རིབ་སྐྲ་ཤད་འདྲ། །མེད་བཞིན་སྣང་ལ་གཉིས་སུ་བཟུང་བས་འཁྲུལ། །ཇི་ལྟར་རྨི་ལམ་སྒྱུ་མའི་གླང་པོ་ཆེ། །དཔུང་ཚོགས་་དམག་གིས་བསྐོར་བའི་ཚུལ་མཐོང་ཚེ། །རང་ལས་གཞན་དུ་བཟུང་བའི་་འཇིགས་ན་ཡང་། །དེ་ཡི་རང་བཞིན་གཞན་ནམ་སེམས་སུ་ཡོད། །དེ་ཚེ་ཕྱི་ནང་གང་དུའང་མ་གྲུབ་པས། །རང་བཞིན་ཤེས་རྣམས་འཇིགས་སྔངས་རང་སར་གྲོལ། །དེ་བཞིན་གཉིས་མེད་གཉིས་སུ་གཟུང་བའི་ཚེ། །མི་མཁས་བདེན་པར་བཟུང་བས་སྲིད་པ་འཁྲུལ། །མཁས་པའི་གཉིས་སྣང་གཉིས་སུ་མེད་ཤེས་པས། །འཁོར་བའི་རང་བཞིན་མྱ་ངན་འདས་པ་གྲོལ། །ཀྱེ་ཧོ་སྣང་འདི་གདོད་ནས་མ་སྐྱེས་ཏེ། །སྣ་ཚོགས་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །སྟོང་པའི་རང་བཞིན་སྣང་ལས་ཐ་དད་མིན། །ཆུ་་དང་རླན་བཞིན་ཟུང་འཇུག་གཉིས་མེད་ངང་། །སྒྱུ་མ་མཐའ་བྲལ་སྤྲུལ་པའི་གྲོང་ཁྱེར་བཞིན། །སྐྱེས་ཙམ་ཉིད་ནས་མ་སྐྱེས་གདོད་མའི་ངང་། །གནས་པར་སྣང་ཡང་མི་གནས་ཆོས་ཀྱི་སྐུ། །འགག་ཙམ་ཉིད་ནས་མི་འགགས་འཕེལ་འགྲིབ་མེད། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་ཅིང། །གང་ལྟར་བརྟགས་པ་དེ་ལྟར་རང་བཞིན་མེད། །ཡེ་གྲོལ་ཕྱམ་གཅིག་ཀུན་ཏུ་བཟང་པོའི་ངང་། །གཞི་རྩ་དངོས་པོ་མེད་པའི་ཆོས་རྣམས་ལ། །འདི་ཞེས་ཆེད་དུ་མི་འཛིན་ངོས་བཟུང་


LRD005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མཁའ་བཞིན་བྱེད་པོ་མི་དམིགས་བྱ་བས་སྟོང་། །གང་ཡིན་ཀུན་ཡིན་འདི་ཡིན་གཟའ་གཏད་མེད། །ཕྱོགས་འཛིན་གྲུབ་པའི་མཐས་སྦྱར་ཁས་ལེན་དང་། །ལྟ་སྒོམ་སྤྱོད་པའི་རྣམས་གྲངས་མང་པོས་ཀྱང་། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་མཐོང་དཀའ། །ཉན་རང་སེམས་ཙམ་རང་རྒྱུད་དབུ་མ་ཡང་། །གང་ཟག་ཆོས་བདག་མེད་པའི་རྣམ་དབྱེ་ཡིས། །དངོས་གཞིའི་ལྟ་སྒོམ་མཁའ་སོགས་བཞིར་གོལ་བས། །གྲངས་མེད་མང་པོའི་འགྲོ་བ་སྒྲུབ་པར་སྣང་། །བྱ་་སྤྱོད་རྣལ་འབྱོར་བླ་ན་མེད་སྤྱོད་པའི། །རྒྱུད་དོན་བསྐྱེད་རྫོགས་བཅོས་སྒྱུར་་དུ་མས་ཀྱང་། །མ་བཅོས་རང་བབ་ལྷུན་གྲུབ་གཉུག་མ་ལ། །ཉེ་བར་མ་གྱུར་སྤྲོས་པའི་དྲྭ་བས་བཅིངས། །སེམས་སངས་འདི་ཞེས་ལྟ་སྒོམ་སྤྱོད་འབྲས་ཅན། །ཁ་ཅིག་འདུ་ཤེས་ཚོར་བ་འགོག་པ་དང་། །ལ་ལ་དུས་གསུམ་འབྲེལ་ཐག་བཅད་ནས་ཀྱང་། །ད་ལྟའི་ཤེས་པ་ཟང་ཐལ་ཡིན་ཞེས་སྨྲ། །གཞན་དག་སྐྱེས་འགག་གྲངས་སུ་འདེབས་པ་ལ། །གཉུག་མའི་དོན་ཞེས་རྟོག་པའི་རྦ་རླབས་གཡོ། །དེ་བཞིན་རླུང་འཆིང་གཉིས་སྦྱོར་བདེ་གསལ་ལ། །རྣལ་མའི་དོན་ཞེས་ཆགས་སྲེད་འཛིན་པས་འཆིང་། །རེས་འཇོག་བླང་དོར་དྲ་བར་ཆུད་པ་ལས། །སྙིང་པོའི་དོན་ཉིད་ནམ་ཡང་མཐོང་བ་མེད། །དེ་ཀུན་བློས་བརྟགས་ཆོས་ཀྱིས་འཁྲུལ་པས་ན། །སྲིད་པ་འདིར་འཆིང་གྲོལ་བའི་སྐབས་མེད་དོ། །ཀྱེ་མ་རི་ཆེན་བརྟགས་པ་མ་ཤེས་པས། །ཡིད་བཞིན་དོར་ནས་འཆིང་བུ་ཚོལ་བར་སྣང་། །རང་བཞིན་སེམས་ཉིད་གཉུག་མའི་མཆོག་དོར་ནས། །བཅོས་བསྒྱུར་རེ་དོགས་སྦྲུལ་གྱི་གསེབ་ཏུ་འཆིང། །འབད་པའི་སེམས་ཀྱིས་ནམ་ཡང་གྲོལ་མི་འགྱུར། །བཙལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་


LRD005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བསླད། །ཨེ་མ་རང་བཞིན་སེམས་ཀྱི་དོན་འདོད་ན། །བརྟགས་དང་དཔྱད་པ་མང་པོས་ཅི་བྱར་ཡོད། །གང་སྣང་དེ་ཡིན་དེར་སྣང་འཛིན་པ་མེད། །འཛིན་མེད་ཕྱོགས་བྲལ་བླང་དོར་མི་དགོས་ཀྱིས། །ཐམས་ཅད་གཏད་མེད་བཅོས་བསླད་མ་བྱེད་ཅིག །ཡུལ་སེམས་སྣང་འདི་སྟོང་པའི་ཚུལ་ཡིན་ན། །སྟོང་ཞེས་ལྟ་བས་དེ་ལ་ཅི་ཞིག་དགོས། །མེད་ན་བལྟས་ཀྱང་སྟོང་པར་མི་འགྱུར་བས། །དོན་མེད་ངལ་བས་དེ་ལ་ཅི་བྱར་ཡོད། །དེ་བཞིན་བསྐྱེད་རྫོགས་རང་བཞིན་བསྒོམ་མི་དགོས། །བླང་དོར་ཆོས་རྣམས་ཇི་ལྟར་འཛིན་ཡང་སླའི། །དེ་ཉིད་དོན་དུ་ཡོད་ན་འབད་མི་དགོས། །མེད་ན་དོན་མེད་སོལ་བ་གསེར་འགྱུར་་ཡིན། །དེ་ཕྱིར་བློས་བརྟགས་ཆོས་རྣམས་མ་གྲུབ་པས། །དེ་ལ་བཅོས་བསྒྱུར་གཉེན་པོས་མ་བསླད་ཅིག །འདིར་ནི་བླ་མེད་རྡོ་རྗེ་སྙིང་པོའི་དོན། །སྔགས་དང་རྒྱུད་མེད་གྲུབ་མཐའི་ཁས་ལེན་མེད། །འདི་ཞེས་ངོས་བཟུང་ལྟ་སྒོམ་སྤྱོད་འབྲས་མེད། །ཐམས་ཅད་མཉམ་རྫོགས་དཀྱིལ་འཁོར་གཅིག་གི་ངང་། །གྲུབ་པའི་མཐའ་རྫོགས་ལྟ་སྒོམ་སྤྱོད་འབྲས་རྫོགས། །འཁོར་འདས་མཉམ་རྫོགས་ཆོས་ཉིད་བརྡལ་བ་ཆེ། །མ་བཅོས་མ་གྲོལ་ཡེ་ནས་བྱང་ཆུབ་པས། །བྱར་མེད་རྒྱལ་པོ་ལྷུན་རྫོགས་ཆོས་སྐུའི་ངང་། །སྣ་ཚོགས་གཟུགས་སྐུ་སྒྱུ་མའི་རོལ་པ་ནི། །སྣང་སྲིད་སྐུ་གསུམ་ཡེ་ཤེས་འདུ་་འབྲལ་མེད། །སྤང་བླང་མི་དམིགས་ཐམས་ཅད་རྣམ་དག་ངང་། །ཡངས་སོ་ཆེ་འོ་ཐམས་ཅད་ལྷུན་མཐོ་འོ། །ཆོས་རྣམས་ལྷུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པོ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛིན་ཞེན་པ་མེད་ན་གཉུག་མའི་དོན། །སྤང་བླང་དགག་སྒྲུབ་མི་དགོས་ཕྱམ་གཅིག་པ། །ལྟ་བའི་ཡང་རྩེ་རྫོགས་


LRD005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ཤེས་པར་གྱིས། །ཆེད་དུ་དམིགས་པ་ཐམས་ཅད་་འཆིང་བ་སྟེ། །དམིགས་མེད་གང་དག་ཤར་ན་ཡེ་ཤེས་དངོས། །ཡེ་བབ་རང་སྟོང་སོ་མ་གཉུག་མའི་དོན། །འཛིན་མེད་ཕྱོགས་བྲལ་ལྟ་བ་ཐག་ཆོད་ཅིག །ཀྱེ་ཧོ། སྣ་ཚོགས་སྣང་བ་འདི་དག་དགོད་རེ་བྲོ། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །དེ་ཉིད་འབྱེད་པའི་སེམས་ལ་ཚུར་བལྟས་ན། །དུས་གསུམ་མི་དམིགས་སྐྱེ་འགག་གནས་པར་མེད། །ཁ་དོག་དབྱིབས་བྲལ་ངོ་བོ་ངོས་བཟུང་མེད། །ཤར་བར་སྣང་དུས་ཤར་ས་ཤར་མཁན་མེད། །ཕྱི་ནང་མི་དམིགས་གཟུང་འཛིན་མཐའ་ལས་འདས། །ཕྱི་རོལ་ཡུལ་ལ་འཕྲོ་བར་སྣང་མོད་ཀྱང་། །འཕྲོས་པ་མེད་དེ་སེམས་ལ་ཤར་བ་ཙམ། །འཕྲོས་ན་དེ་ཚེ་རང་ཉིད་བེམས་པོ་ཡིས། །སྐད་ཅིག་རིག་པ་ཚན་པ་གཉིས་སུ་འགྱུར། །འཆར་གཞི་གཏན་མེད་ཡེ་གྲོལ་ནམ་མཁའ་འདྲ། །ཤར་བ་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །དོན་ལ་གཉིས་མེད་ཆུ་དང་རྦ་རླབས་འདྲ། །བླང་དོར་མི་དགོས་རྫོགས་པ་ཆེན་པོའི་དོན། །རང་བཞིན་་ཡེ་ནས་དག་པའི་སངས་རྒྱས་ཡིན། །སྣང་སེམས་གདོད་ནས་རང་བཞིན་མེད་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པ་རྟོགས། །ད་ནི་ཐམས་ཅད་ཆོས་སྐུར་ཐག་ཆོད་པས། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་དང་བྲལ། །སུ་ལའང་མི་དྲི་སེམས་ཉིད་རྣལ་མའི་དོན། །བྱར་མེད་གཉུག་མའི་ངོ་བོ་མཐོང་བ་ཡིན། །དེ་ཚེ་འཕྲོ་གནས་ཆོས་སྐུའི་རོལ་པ་ལས། །སྤང་བླང་མི་དགོས་གང་ཤར་རྒྱན་དུ་ཆེ། །གནས་ནའང་མི་གཡོ་ཆོས་ཉིད་གཅིག་གི་ངང་། །ཐམས་ཅད་ལྷུན་རྫོགས་འཕོ་འགྱུར་མེད་པ་ཡིན། །ད་ནི་དུས་


LRD005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བའི་དགོངས་པར་སླེབ། །བདེ་ཆེན་ལྷུན་གྲུབ་གཞི་རྫོགས་ཀུན་ཏུ་བཟང་། །དུས་རྣམས་ཀུན་ཏུ་འཕོ་འགྱུར་མེད་པས་ན། །ཐམས་ཅད་ཕྱམ་གཅིག་གདོད་མའི་སར་གྲོལ་ལོ། །ཀྱེ་མ་ཕྱོགས་རིས་འཛིན་པའི་སེམས་ཡོད་པར། །ཐར་པའི་སྐལ་མེད་འཆིང་བྱེད་དེ་རང་ཉིད། །ཇི་སྲིད་ཕྱོགས་བྲལ་མཐར་འཛིན་གྲོལ་བ་ན། །གཉིས་མེད་དོན་ཡིན་གཞན་ཞིག་མཚོན་དུ་མེད། །བལྟས་པས་མི་མཐོང་དཔྱད་པས་རྙེད་པ་མིན། །འདི་ཞེས་མི་མཚོན་ཐ་མལ་རང་བབ་ལ། །ཞེན་པའི་སེམས་ཀྱིས་འཆིང་གྲོལ་མ་བྱེད་ཅིག །གང་ལ་གཉིས་མེད་མཐའ་བྲལ་འདོད་ན་ཡང་། །མཐའ་བྲལ་མཐའ་རུ་སྙིང་པོའི་སེམས་ཉིད་འཆིང་། །བདེན་གཉིས་འདོད་ཀྱང་དེ་ཡི་མཐར་ལྷུང་ཞིང་། །ཟུང་འཇུག་འདོད་ཀྱང་གཉུག་མའི་གནས་ལུགས་མིན། །གང་ལྟར་བརྟགས་ཤིང་ཞེན་པའི་གཟེབ་ཏུ་འཆིང་། །ཐོག་མེད་གཟུང་འཛིན་འཁྲུལ་པས་མ་ཆོག་པས། །ད་དུང་ནན་བརྟགས་བློ་ཡི་རི་མོས་འཆིང་། །ཀྱེ་མ་འཁྲུལ་པའི་སེམས་ནི་སྙིང་རེ་རྗེ། །འདི་ཞེས་ངོས་བཟུང་་ཡོད་ན་ལྟ་བ་མིན། །སྣ་ཚོགས་སྤྲོས་པའི་གཟེབ་ཡིན་དགོས་པ་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །ཡངས་དོག་མཐོ་དམན་མེད་ཀྱིས་ཞེན་འཛིན་ཐོང་། །འདི་ཡིན་གཟའ་གཏད་བྲལ་བའི་སྣང་སེམས་ལ། །སྤང་གཉེན་བཅོས་བསྒྱུར་མ་བྱེད་གང་བབ་ཞོག །འདི་ནི་ངེས་དོན་སྙིང་པོའི་མཐར་ཐུག་ཡིན། །སྣ་ཚོགས་ཆོས་ཀུན་མཉམ་པའི་རང་བཞིན་ལ། །གང་ཤར་དེ་ཡིན་གཉིས་མེད་ཡེ་ཤེས་ཡིན། །བློ་ཡིས་མ་རྟོག་ཡིད་ཀྱིས་ཚོལ་ཁྲོ་ཞོག །གཟུང་བས་མ་འཆིངས་འཛིན་པས་མ་བསླད་ཅིག །གང་ཞིག་ཆོས་ཀུན་ནམ་མཁའ་འདྲར་ཤེས་ཤིང་། །


LRD005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་མཉམ་མཐོང་ཞེན་པའི་ཡུལ་མེད་ན། །གཉིས་མེད་རང་བཞིན་ལྟ་བའི་རྒྱལ་པོ་མཆོག །མཐའ་བྲལ་རྟོགས་པའི་ཚད་ཡིན་ངོ་མཚར་ཆེ། །སྲིད་ཞི་གཉིས་མེད་རིག་པ་ཟང་ཁ་མ། །རང་ངོ་ཤེས་པ་གཞི་རྩ་དངོས་པོ་མེད། །འཆིང་གྲོལ་གཉིས་མེད་རྫོགས་པ་ཆེན་པོའི་དོན། །འགྲོ་ཀུན་སེམས་ལ་མ་ལུས་རྒྱུན་དུ་གནས། །དེ་ཉིད་མཐོང་ཕྱིར་དཔེ་བྲལ་ཟབ་མོའི་དོན། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང་། །སྣང་སེམས་འཛིན་མེད་སྒྱུ་མའི་རྩེད་མོ་ལས། །ཕྱོགས་བྲལ་རིག་པ་ལྟ་བར་མཁྱེན་འཚལ་ལོ། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། །གཞི་རྟོགས་པས་གྲོལ་བའི་ལེའུ་སྟེ་དང་པོའོ།། །།རྡོ་རྗེ་རྩེ་མོ་མཆོག་གི་གཉིས་མེད་ལམ། །གང་ཤར་རིག་པ་དེར་འཛིན་མེད་པའི་ངང་། །ཆེར་གྱིས་བལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་རང་གྲོལ་བདེ་གསལ་མི་རྟོག་འཆར། །ཡང་གཅིག་འཕྲོས་ཀྱང་མི་གཡོ་བརྟན་པར་གནས། །དེ་ཚེ་སྐྱེ་མེད་སེམས་ཉིད་ཆོས་སྐུའི་ངང་། །ཤར་གྲོལ་རིག་པ་གཟུགས་སྐུ་མྱ་ངན་འདའ། །སྤང་བླང་མི་དགོས་འཕྲོ་གནས་གང་བདེར་ཐོངས། །ཤར་གནས་ཞི་ལྷག་ཐབས་ཤེས་ཟུང་འཇུག་ལ། །བློ་ཡིས་མ་བཅོས་བཟོ་རིག་མ་བྱེད་ཅིག །གལ་ཏེ་་དགག་སྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དོགས་གཉིས་འཛིན་གཟེབ་ཏུ་འཆིང་། །འདོད་སར་མི་ཕྱིན་གོལ་སར་ལྟུང་བས་ན། །གང་ཤར་དོན་ལ་སྤང་བླང་མེད་པ་གཅེས། །གྲོགས་དག་སེམས་ནི་གོ་བཟློག་རྔ་མོ་འདྲ། །བཟུང་ན་འགྲོ་ལ་སྤྲོས་ན་བརྟན་པར་གནས། །རང་བབ་གློད་ན་རང་གྲོལ་གཉུག་མའི་ངང་། །གཟུང་འཛིན་རང་སར་གྲོལ་བས་བློ་བདེ་རྙེད། །དེ་བས་ཆེད་དུ་དམིགས་པའི་སེམས་བཏང་སྟེ། །དམིགས་


LRD005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གང་ཤར་བཅོས་བསླད་མེད་པར་བཞག །གཟུང་འཛིན་གཉིས་མེད་རང་གྲོལ་ཆེན་པོར་གནས། །འགག་མེད་རིག་པ་གསལ་སྟོང་ཡེ་ཤེས་འཆར། ༈ ། སྣ་ཚོགས་འཕྲོ་བས་སྣང་བའི་ཐབས་ཡིན་ལ། །གྲོལ་བའི་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །མ་བྱས་མི་འཇིག་རང་བབ་ཆེན་པོ་འོ། །འགྱུ་བ་སེང་ལ་གནས་པས་རྣམ་པར་གནོན། །རང་བབ་འཕྲོ་གནས་ཡོན་ཏན་མཐའ་ལས་ཏེ། །འཕྲོས་བས་མ་བྱིང་སེམས་གནས་ཞེན་པ་འགོག །ལྷག་མཐོང་ཤེས་རབ་ཉོན་མོངས་རྩད་འབྱིན་ཞིང་། །གཟུགས་དང་གཟུགས་མེད་སེམས་ལས་རྣམ་པར་གྲོལ། །གནས་པའི་མི་རྒོད་སྤྲོས་པའི་དྲྭ་བ་འགོག །ཞི་གནས་ཡེ་ཤེས་ཉོན་མོངས་མགོ་གནོན་ཞིང་། །འདོད་པའི་སེམས་ལས་རྣམ་པར་གྲོལ་བ་ཡིན། ༈ ། དེ་འདྲའི་སྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་རང་སེམས་གྲོགས་སུ་་འཆར། །གཟུང་འཛིན་རང་གྲོལ་ཡོན་ཏན་ཕུན་སུམ་ཚོགས། །སེམས་སངས་བླ་མེད་མཉམ་གཞག་ཆེན་པོ་ཡིན། ༈ ། དེ་ནས་ལངས་པའི་མཉམ་གཞག་རྒྱ་ཡན་དུ། །སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང་། །སྨིག་སྒྱུ་མིག་ཡོར་བྲག་ཆ་གཟུགས་བརྙན་དང་། །ཆུ་ཟླ་སྤྲུལ་པ་ལྟ་བུར་ངོ་བོས་སྟོང་། །མེད་བཞིན་སྣང་ལ་སང་སིང་ཁྲལ་མ་ཁྲོལ། །བན་བུན་འལ་འོལ་ཡལ་ཡོལ་ཕྱད་མ་ཕྱོད། །སྣང་ལ་དེར་འཛིན་མེད་པའི་ངང་ལ་སྤྱད། ༈ ། བར་འགའ་ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྐྱེད། །རྟག་ཏུ་འཆི་བསམ་་བློ་སྣ་བཙན་ཐབས་བསྟུངས། །དག་སྣངཕྱོགས་


LRD005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མོས་གུས་རྒྱུན་ཆད་མེད། །སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་ལམ་ལ་འབད། །དགེ་སྡིག་ལས་འབྲས་འཁོར་བའི་ཉེས་དམིགས་བསམ། །མདོར་ན་སེམས་ལ་དྲན་པའི་མེལ་ཚེ་ཡིས། །རྟག་ཏུ་བག་ཡོད་ཤེས་བཞིན་བསྟེན་པར་བྱ། །རེས་འགའ་སྣང་སྲིད་སྒྱུ་མའི་རྩལ་སྦྱོང་གི། མཉམ་རྗེས་བསྲེ་ཞིང་རྐྱེན་ངན་ལམ་དུ་བསླང་། །ལྟ་སྒོམ་དོན་ལ་སྣ་ཚོགས་བོགས་འབྱིན་ཞིང་། །ཚོགས་དྲུག་རང་གྲོལ་སྒོ་ལྔའི་གཟིགས་མོ་ལྟ། །སྐྱབས་སུ་ངག་དྭངས་རྩེ་གཅིག་དོན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛིན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུག་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྩལ་སྦྱང་བྱ། །དགག་སྒྱུར་རྐྱེན་ངན་སེམས་ཀྱི་གཟིགས་མོར་འཆར། ༈ ། རེས་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སོགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སོང་ནས། །ལུས་འདི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་ནི་ཅ་ཅོ་གླུ་ལེན་འོ་་དོད་འབོད། །སེམས་ནི་འགྲོ་དྲུག་བདེ་སྡུག་སྣ་ཚོགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲོལ་སྦྱང་། །ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་་སམ་བལྟ། །དེ་རྗེས་སྣང་སྲིད་རྨི་ལམ་སྒྱུ་མར་སྦྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མི་མཐུན་རྐྱེན་ངན་བར་ཆད་མ་ལུས་སེལ། ༈ བར་འགའ་ནད་གདོན་ཆོ་འཕྲུལ་ཆེ་བ་ན། །མཚོ་གླིང་ནགས་ཚལ་བྲག་རོང་ཤིང་གཅིག་སོགས། །འདྲེ་དང་འབྱུང་པོ་རྒྱུ་བའི་གནས་སོང་ནས། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་མོས་གུས་བྱ། །དེ་རྗེས་ལུས་ནི་རི་རབ་ཙམ་སྤྲུལ་ནས། །གང་ལ་ཅི་འདོད་དུམ་བུར་ཕྱོགས་བཅུར་འཐོར། །བགེགས་རྣམས་ཚིམ་ཞིང་འགྲོ་


LRD005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལན་ཆགས་སྦྱང་། །དེ་ནས་ནད་གདོན་་འདྲེར་སྣང་འདྲེར་འཛིན་ཀུན། །སེམས་སུ་ཐག་བཅད་སེམས་ནི་སྟོང་པའི་ངང་། །དྲན་བསམ་ཡིད་ཀྱི་ཚོལ་ཁྲོ་ཀུན་བཞག་ལ། །ཐམས་ཅད་ཕྱམ་གཅིག་སྙེམས་བྲལ་ཉལ་ལ་བསྡད། །སྣ་ཚོགས་ཆོ་འཕྲུལ་རང་བྱུང་རང་ཞིར་བཞག །དེས་ནི་ནད་གདོན་བར་ཆད་ཞི་བ་དང་། །སེམས་ཀྱི་བདེ་སྡུག་སྤང་བླང་མེད་པ་དང་། །ཐམས་ཅད་མཁའ་ལྟར་གཟུང་འཛིན་མེད་རྟོགས་ཤིང་། །གཉུག་མའི་ངང་ལ་རིག་པའི་རྩལ་དབང་ཐོབ། །གཞན་ཡང་ཉིན་མཚན་དུས་དྲུག་འདི་ལྟར་སྦྱང་། །ཐོ་རངས་ངང་དྭངས་ནམ་མཁའ་ལྟ་བུ་ལ། །རྟོག་མེད་ཤེས་པ་གཟའ་སྐར་བཞིན་དུ་བཞག །སྔ་དྲོ་འཕྲོ་གནས་གཉིས་སུ་མེད་པ་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྗེན་པར་བཞག །གུང་ལ་དག་སྣང་མོས་གུས་ཕྱོགས་མེད་ལ། །སྣ་ཚོགས་ཆོས་་ཀུན་རྨི་ལམ་སྒྱུ་མར་སྦྱང་། །ཕྱི་དྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་དང་། །སྙིང་ནས་མི་རྟག་འཆི་བ་དྲན་པར་བྱ། །སྲོད་ལ་ཕུང་པོ་ཚོགས་ཀྱི་འཁོར་ལོ་་དང་། །བྱམས་དང་སྙིང་རྗེ་བདེ་གསལ་མི་རྟོག་སྦྱང་། །གུང་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང་། །རིག་པའི་འཕྲོ་འདུ་འཇུག་པ་ཐིམ་པར་ཉལ། །གཉིད་དང་རྨི་ལམ་འོད་གསལ་ཆེན་པོར་འཆར། །དེ་ལྟར་སྤྱོད་ལམ་དུས་དྲུག་རྣམ་སྦྱངས་པས། །འཁོར་བའི་ཀུན་རྟོག་བག་ཆགས་རང་ཞི་ནས། །སེམས་ཉིད་རང་གྲོལ་མྱ་ངན་འདས་གཞིར་འགྲོ། །སྤྱན་དང་མངོན་ཤེས་ཡོན་ཏན་སྣ་ཚོགས་འགྲུབ། །དང་པོར་ངན་པའི་རྨི་ལམ་བཟང་པོར་འགྱུར། །བར་དུ་ཟིན་དང་ཐ་མ་དབྱིངས་སུ་ནུབ། །དེ་ཚེ་འཁོར་བ་མྱ་ངན་འདས་པར་གྲོལ། །ས་དང་ལམ་རྫོགས་བསྐྱེད་རྫོགས་མཐར་


LRD005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཏེ། །ཚེ་འདི་ཉིད་ལ་སེམས་ཉིད་རྫོགས་སངས་རྒྱ། །འདི་ནི་ངེས་དོན་སྙིང་པོའི་ཐེག་པ་ཡིན། །གནད་ཀྱི་སྙིང་པོ་ཐོག་ཏུ་ཁེལ་བའི་རྟགས། །རིམ་གྱིས་སྦྱངས་པ་ལས་ནི་འདི་ལྟར་འབྱུང་། །སྙིང་ནས་མི་རྟག་བློ་སྣ་ཐུང་བ་དང་། །སྐྱོ་ཤས་ངེས་འབྱུང་སྙིང་རྗེ་ཚད་མེད་སྐྱེ། །དག་སྣང་མོས་གུས་རྟོགས་པ་ཕྱོགས་མེད་འཆར། །ཆགས་ཞེན་རང་གྲོལ་དངོས་འཛིན་འཁྲུལ་པ་ཞིག །དེ་ཚེ་མ་ནོར་ལམ་དུ་ཚུད་པའི་རྟགས། །ཆེས་ཆེར་གོང་དུ་འཕེལ་བས་ས་མཆོག་འགྲུབ། །ཆོས་ཀུན་མ་སྐྱེས་སྒྱུ་མའི་རང་བཞིན་དུ། །ལྟ་སྒོམ་སྤྱོད་པས་ལེགས་པར་རྩལ་སྦྱངས་ལ། །སྙིང་པོའི་སེམས་ཉིད་ཐར་པའི་ཁང་བཟང་དུ། །ཆོས་ཉིད་འོད་གསལ་གཏན་སྲིད་ཟིན་པར་འགྱུར། །ནམ་ཞིག་རྣལ་འབྱོར་་འབྱུང་བཞིའི་ཕུང་པོ་དེང་། །དེ་ཚེ་ས་ཆུ་མེ་རླུང་རྣམ་པར་ཤེས། །ནམ་མཁའ་ཆོས་སྐུའི་འོད་གསལ་འགྲུབ་པའི་ཚེ། །ཚོགས་དྲུག་ཡུལ་དབང་ཀུན་གཞིའི་རྣམ་པར་ཤེས། །ཀུན་གཞི་ལ་ཞུགས་དེ་ཉིད་ཆོས་སྐུར་ཐིམ། །དེ་ཚེ་སྣང་མཆེད་ཐོབ་པ་ཉེར་ཐོབ་པ། །ཤིན་ཏུ་མི་རྟོག་འོད་གསལ་རྣམ་པ་བཞི། །རིམ་གྱིས་ཤར་བས་རང་བཞིན་བརྒྱད་ཅུ་ནུབ། །རང་ངོ་ཤེས་པས་ཆོས་སྐུའི་དབྱིངས་སུ་གྲོལ། །དེ་ནས་ལོངས་སྐུ་རིགས་ལྔའི་བར་དོ་ཡང་། །བསམ་གཏན་དག་པའི་ཞག་ལྔར་རིམ་གྱིས་འཆར། །རང་ངོ་ཤེས་པས་ལོངས་སྐུར་གྲོལ་བའི་ཚེ། །སྤྲུལ་སྐུའི་བར་དོར་སྣ་ཚོགས་རྣམ་འཕྲོ་བས། །འགྲོ་བའི་དོན་བྱས་སླར་ཡང་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུའི་ངང་དུ་རབ་ཐིམ་པས། །ཆོས་སྐུ་མི་གཡོ་བདེ་ཀློང་གཅིག་ཏུ་འཁྱིལ། །སྐུ་དང་ཡེ་ཤེས་ནང་གསལ་འདུ་འབྲལ་མེད། །འཆར་གཞིའི་རྣམ་པར་ཕྲ་བ་ཡེ་ཤེས་སུ། །ཐམས་ཅད་མཁྱེན་པ་འབྱེད་


LRD005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་བཞུགས། །མཁའ་བཞིན་མ་སྐྱེས་འགག་མེད་ལྷུན་གྱིས་གྲུབ། །གདུལ་བྱ་ཡོད་ན་དེ་ལ་ཕྱིར་གསལ་དུ། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུའི་འཆར་གཞིར་སྣང་། །སླར་ཡང་སྔོན་བཞིན་གཞི་ཐོག་ལྷུན་གྱིས་གྲུབ། །འདི་ནི་་འབྲིང་རྣམས་བར་དོ་གྲོལ་བ་ཡིན། །ཐ་མས་སྲིད་པའི་བར་དོར་རིམ་ཤར་ནས། །རྨི་ལམ་བཞིན་དུ་སྣ་ཚོགས་སྣང་བའི་ཚེ། །བདེན་མེད་ངང་དྭངས་སྒྱུ་མ་བསྐྱེད་རྫོགས་དང་། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱིས། །འཁོར་བའི་རུ་བཟློག་མངལ་སྒོ་དགག་དང་འདམ། །དག་པའི་ཞིང་དུ་རྣམ་ཤེས་འཕོ་བར་བྱ། །ཕྱི་མར་རང་སྣང་ཆོས་ལ་སྤྱོད་པའི་ལུས། །ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས་གྲོལ། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །གྲོགས་དག་ཉིན་མཚན་མི་དལ་བརྩོན་པ་ཡིས། །ལྟ་བའི་རྩལ་སྦྱོང་སྒོམ་པའི་ཉམས་ལེན་དང་། །སྤྱོད་པའི་བོགས་འབྱིན་དོན་ལ་ནན་ཏན་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མི་བཏང་བར། །ཇི་སྐད་བཤད་ལ་སྒྲུབ་པའི་བརྩོན་འགྲུས་བརྩམ། །ད་ལྟའི་སེམས་ལ་རང་དབང་མ་ཐོབ་ན། །ཕྱི་མའི་སེམས་ལ་གྲོལ་བ་ཐོབ་མི་འགྱུར། །ཚེ་ནི་མྱུར་འགྲོ་་འཁོར་བ་ཕ་མཐའ་མེད་། །འདི་ལས་ད་རེས་ཐར་པའི་ཐབས་འཚལ་ལོ། །མདོར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང་། །གཉིས་འཛིན་གོམས་པའི་བདག་འཛིན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲོས། །སེམས་ཉིད་རྒྱལ་པོ་བྱ་རྩོལ་མེད་པར་སྦྱང་། །ཇི་སྲིད་བདག་འཛིན་འཁྲུལ་པའི་སེམས་ཡོད་པར། །ལྟ་སྒོམ་རྩལ་སྦྱང་དགེ་སྡིག་་བླང་དོར་གཅེས། །ནམ་ཞིག་གཉིས་འཛིན་རང་སར་གྲོལ་བ་ན། །སྤང་གཉེན་མི་དགོས་ལྟ་སྒོམ་


LRD005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལས་འདས། དེ་ཚེ་སྣང་སྲིད་ཆོས་སྐུར་ཤར་བ་ཡིན། །ཀྱེ་ཧོ་གྲོགས་དག་འཁོར་འདས་གཞན་མེད་དེ། །ཐམས་ཅད་་དབྱིངས་དང་སེམས་ཉིད་རོལ་པའི་ངང་། །གཞི་གྲོལ་ལམ་གྲོལ་འབྲས་བུ་་ཡེ་ནས་གྲོལ། །ཐམས་ཅད་རང་གྲོལ་སྒྱུ་མའི་རྩེད་མོ་ལ། །འདི་ཡིན་གཟའ་གཏད་མེད་པའི་སྣང་བ་ཤར། །ཐམས་ཅད་དེ་ཡིན་ཆེད་འཛིན་ཞེན་པ་ཐོང་། །མཐར་ཐུག་དོན་ལ་འཁྲུལ་པ་འཁྲུལ་མཁན་མེད། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །སྤྱོད་དང་སྤྱད་བྱ་མང་པོས་ཅི་ཞིག་བྱ། །གང་སྣང་དོན་ལ་འཛིན་ཞེན་མེད་པ་ཡིན། །ཆགས་མེད་ཞེན་མེད་རྩིས་མེད་རིག་མེད་བྱ། །བདག་མེད་སྟོང་པ་གཉིས་མེད་ལྷུན་གྱིས་གྲུབ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །མདོ་རྒྱུད་མན་ངག་ཀུན་གྱི་དགོངས་པ་ཡིན། །འདི་ནི་རྒྱ་སྲས་དྲི་མེད་འོད་ཟེར་གྱིས། །སྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང་། །ཕྱི་རབས་ཚེ་འདིར་གྲོལ་བ་གཉེར་་འདོད་པས། །ཟབ་མོའི་དོན་འདིར་ཞུགས་ལ་བརྩོན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། །ལམ་བསྒོམས་པའི་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་གཞི་ལམ་རྟོགས་པ་མཐར་ཕྱིན་ནས། །དྲི་མེད་རང་བཞིན་སེམས་ཉིད་རྣམ་དག་ཏུ། །སྣ་ཚོགས་སེམས་ཀྱི་འཇུག་པ་ཀུན་ནུབ་སྟེ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ནི། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཡིན། །དེ་ཚེ་མཁའ་ལྟར་རང་བཞིན་སྤྲོས་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ནི། །དག་པ་གཉིས་ལྡན་ཆོས་ཉིད་འཕོ་འགྱུར་མེད། །དེ་ཉིད་ངང་ལས་ལྷུན་གྲུབ་ལོངས་སྐུ་ནི། །རང་སྣང་རྣམ་དག་འོག་མིན་སྟུག་པོ་བཀོད། །འོད་གསལ་ཡེ་ཤེས་རྣམ་ལྔའི་ཞིང་


LRD005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ། །ཞི་དང་ཁྲོ་ཚུལ་རིགས་ལྔའི་དཀྱིལ་འཁོར་ནི། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་སྣང་། །གཙོ་འཁོར་གྲངས་མེད་རྟོགས་པ་གཅིག་གི་ངང་། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་སྟེ། །ཀུན་ཀྱང་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ། །མི་གཡོ་མི་གསུང་བརྗོད་འདས་ཆེན་པོ་ནི། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །མཛད་པའི་འཕྲིན་ལས་སྐུ་གསུམ་ཆོ་འཕྲུལ་འགྱེད། །འདི་ནི་ཡེ་ཤེས་ལོངས་སྐུའི་སྟོན་པ་ཡིན། །དེ་ཉིད་ངང་ལས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིགས་ལྔར་སྣང་བ་ནི། །མཁའ་ཟླའི་གཟུགས་བརྙན་ཆུ་ཟླར་སྣང་བ་བཞིན། །སར་གནས་འགྲོ་ལ་འོག་མིན་མངོན་དགའ་དང་། །རིན་ཆེན་་ཡོངས་གང་བདེ་བ་ཅན་དང་ནི། །ལས་རབ་གྲུབ་པར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དོན་གྲུབ་རིགས་ལྔ་ཉིད། །གཏི་མུག་ཞེ་སྡང་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་སྦྱང་ཕྱིར་སོ་སོའི་སྟོན་པར་སྣང་། །གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དེ། །རྒྱལ་བའི་སྐུ་དང་འོད་ཟེར་འཁྱིལ་བ་ཉིད། །རང་གི་ལུས་དང་མཚུངས་པར་མ་མཐོང་ནས། །དེས་ན་ཆོས་ཉིད་རྟོགས་པ་རབ་སྦྱངས་པས། །ས་བཅུའི་དྲི་མ་རྣམ་བཅུ་རིམ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འགོད་པའི་འཕྲིན་ལས་མཛད། །གདུལ་བྱ་ཇི་སྲིད་འདུལ་བྱེད་སྣང་བ་ནི། །ནམ་མཁས་གར་ཁྱབ་ཀུན་ཏུ་མཚུངས་པར་ཁྱབ། །འདི་ནི་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་་འགྲོ་དྲུག་འཇིག་རྟེན་དུ། །ཐུབ་པ་དྲུག་གི་རྣམ་འཕྲུལ་མི་ཟད་པས། །འགྲོ་བའི་དོན་མཛད་ཆོས་ཚུལ་བསམ་ལས་སྟོན། །རང་དང་སྣང་ངོར་མཐུན་པའི་སྐུ་གསུང་ཐུགས། །སྣ་ཚོགས་


LRD005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཇི་ལྟར་སྣང་བས་དེ་ལྟར་དོན་མཛད་པ། །འདི་ནི་འགྲོ་འདུལ་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །བཟོ་དང་རང་བྱོན་སྐུ་གསུང་ཐུགས་ཀྱི་རྟེན། །ལྷ་དང་རི་མོ་ཡེ་གེ་ལ་སོགས་དང་། །རྫིང་དང་ཟམ་པ་ཁང་བཟང་སྐྱེད་མོས་ཚལ། །ས་ཆུ་མེ་རླུང་པདྨ་དཔག་བསམ་ཤིང་། །ནོར་བུ་སྒྲོན་མེ་སྨན་དང་ཁ་ཟས་མཆོག །གོས་དང་རྒྱན་སོགས་ཉེ་འཁོར་སྤྲུལ་ནས་ཀྱང་། །གནས་སྐབས་བདེ་སྐྱིད་མཐར་ཐུག་ལེགས་པའི་ལམ། །གང་ལ་འགྲོ་ཀུན་འགོད་པའི་ཕྲིན་ལས་ཅན། །སེམས་མེད་བེམས་པོར་སྣང་བས་དོན་བྱེད་པ། །རྒྱལ་བའི་ཐུགས་རྗེ་རྨད་བྱུང་མཐའ་་ཡས་ནི། །སྣ་ཚོགས་མ་ངེས་སྤྲུལ་པའི་སྐུ་ཞེས་བྱ། །དེ་ལྟར་སྐུ་གསུམ་་སྟོན་པ་དཔག་མེད་ཀྱང་། །གདུལ་བྱ་མེད་ཚེ་འདུལ་བྱེད་དབྱིངས་སུ་ནུབ། །སྔོན་བཞིན་དེ་ཡི་རང་བཞིན་རྣམ་དབྱེ་མེད། །དེ་ཡང་མས་རིམ་གཅིག་ལ་གཅིག་ཐིམ་ནས། །ལྷུན་གྲུབ་ཆོས་སྐུ་བདེ་ཀློང་གཅིག་ཏུ་འཁྱིལ། །ནང་གསལ་འཆར་གཞི་ཡེ་ཤེས་ཕྲ་མོའི་ངང་། །ཐམས་ཅད་མཁྱེན་ཉིད་ཞི་ལ་རྟག་བཞུགས་ནས། །གདུལ་བྱ་ཡོད་ན་ཡས་རིམ་སྔོན་བཞིན་སྣང་། །རྣམ་པ་ཐམས་ཅད་མཁྱེན་པའི་དོན་མཛད་དོ། །འདི་ནི་མཐར་ཕྱིན་ངེས་པའི་འབྲས་བུ་སྟེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང་། །སྐལ་ལྡན་ངེས་པའི་ལམ་བཟང་འདོད་པ་དག །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། །འབྲས་བུ་མཆོག་གི་གྲོལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲོ་ཀུན་


LRD005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་མུན་བསལ་ཏེ། །སེམས་ཉིད་སངས་རྒྱས་པདྨོ་རྒྱས་པར་ཤོག །སྙིང་པོའི་མན་ངག་སྤྲིན་གྱི་ཕྲེང་བ་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་བཀོད་པའི། །སྐལ་སྡན་བདུད་རྩིའི་ཆར་གྱིས་ཚིམ་བྱས་ཏེ། །ལམ་བཟང་སྣང་བས་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ།། །།སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་ཆོས་ཉིད་རང་གྲོལ་གྱི་ཁྲིད་ཡིག་ཡིད་བཞིན་སྙིང་པོ།


LRD005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་ཆོས་ཉིད་རང་གྲོལ་གྱི་ཁྲིད་ཡིག་ཡིད་བཞིན་སྙིང་པོ་བཞུགས་སོ། ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་གྱི་དོན་ཁྲིད་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་གླིང་པདྨའི་ནགས་ཁྲོད་དུ། །རང་བྱུང་པདྨ་མཚན་དཔེས་བརྒྱན་པའི་སྐུ། །ཡོན་ཏན་ཀུན་རྫོགས་བརྙེས་ལ་ཕྱག་འཚལ་ཏེ། །ཡིད་བཞིན་སྙིང་པོའི་དོན་ཁྲིད་བརྗོད་པར་བྱ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་པའི་ངེས་དོན་མཐར་ཐུག་པ་རྡོ་རྗེའི་ཐེག་པ་ཡིན་ཞིང་། །དེའི་མཐར་ཐུག་པ་ལམ་རྫོགས་པའི་རིམ་པ་མངོན་དུ་གསལ་བ་རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་དུ་གཏན་ལ་འབེབས་པར་བྱེད་དོ། །འདི་ལ་བླ་མ་བརྒྱུད་པའི་རིམ་པ། དེ་ལས་བྱུང་བའི་གདམས་པ། རྩིས་ཆེ་བ་བཀའ་རྒྱས་གདབ་པ་གསུམ་ལས། དང་པོ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་


LRD005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དྲི་མེད་འོད་ཟེར་རྣམས་སོ། །གཉིས་པ་ལ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་བདེ་བ་ཅན་དུ་འཕོས་ཏེ་གྲོལ་བའི་གདམས་པ་དང་གསུམ་ལས། དང་པོ་ལ། སྔོན་འགྲོས་སེམས་སྦྱང་བ། དངོས་གཞིའི་ངོ་སྤྲད་པ། རྗེས་ཇི་ལྟར་བསྐྱང་བ་གསུམ་ལས། དང་པོ་ལའང་རྣལ་འབྱོར་བདུན་གྱི། ཐོག་མར་བླ་མའི་རྣལ་འབྱོར་ནི། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་ཐ་མལ་བའི་སྤྱི་བོར་པད་ཟླའི་སྟེང་དུ་ཨ་དཀར་པོ་ལས་འོད་འཕྲོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ལུས་འཇའ་ཚོན་ལྟར་ཟང་ཐལ་བ་ལ། རྡོ་རྗེ་སྙིང་པོའི་སྣོད་དུ་རུང་བ་བྱས། ཨ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་ཉིད་སློབ་དཔོན་པདྨ་དང་ཐ་མི་དད་པ་ལ་བརྒྱུད་པའི་བླ་མས་བསྐོར་བ། །ཐམས་ཅད་ཀྱང་གཅེར་བུ་རུས་པའི་རྒྱན་དང་ལྡན་པའི་ཌ་མ་རུ་དང་དྲིལ་བུའི་སྒྲ་འཁྲོལ་ཞིང་གར་མཛད་པའི་མཐར་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བར་བསམ་པ་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་རྣམས་བྱས་ཏེ། བླ་མ་རིན་པོ་ཆེ་བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཤིང་། །སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་སྩལ་བ་དང་། །རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས་འོད་ཟེར་བྱུང་སྟེ་དངོས་གྲུབ་ཐོབ་པར་བསམ་ཞིང་། བདག་་དང་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་འདེབས་པར་བསམས་ལ་སྙིང་ཐག་པ་ནས་མོས་གུས་རྩེ་གཅིག་ཏུ་བྱའོ། །རྗེས་ལ་སྣང་སྲིད་ཐམས་ཅད་བླ་མར་བསམས་ཏེ་རྨི་ལམ་ལྟ་


LRD005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ངང་ནས་བསྔོ་བར་བྱའོ། །དེས་ནི་བྱིན་རླབས་ཐམས་ཅད་ཀྱི་རྩ་བ་སེམས་ཉིད་རྟོགས་པའི་ནུས་པ་ཁྱད་པར་ཅན་དུ་སྒྲུབ་པའི་དགོས་པ་ཡོད་དོ། །གཉིས་པ་མཎྜལ་གྱི་རྣལ་འབྱོར་ནི། ལེགས་པར་ཕྱིས་ལ་ཚོམ་བུ་དགུ་ལ་སོགས་པ་བཀོད་དེ། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཕྱི་ནང་གི་མཆོད་སྤྲིན་རྒྱ་མཚོས་སྤྲས་པར་བསམ་ལ། །མདུན་གྱི་ནམ་མཁའ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་ཕུལ་ཏེ། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ན། །རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །ཉི་ཟླ་གཟའ་སྐར་ནོར་བུ་དཔག་བསམ་ཤིང་། །ཁོར་ཡུག་རི་དང་རི་ཕྲན་རིན་ཆེན་བདུན། །བཀྲ་ཤིས་ལྷ་མོ་མཆོད་པའི་སྤྲིན་འཕྲོ་བ། །ཕྱི་ནང་གསང་བ་བླ་ན་མེད་པ་ནི། །ནམ་མཁའི་མཐའ་ཀླས་ཡིད་ཀྱིས་མངོན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་རྒྱུན་གྱུར་འདི་ཕུལ་བས། །རྒྱལ་བའི་འབྱོར་པ་ཕུན་ཚོགས་དང་ལྡན་པའི། །རྣམ་དག་ཞིང་ལ་འགྲོ་ཀུན་སྤྱོད་པར་ཤོག །ཅེས་པ་གསུམ་ལ་སོགས་པ་ཕུལ་བས། བསོད་ནམས་་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཤིང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བྱང་ནས་སེམས་ཉིད་རྟོགས་པའི་དགོས་པ་ཡོད་དོ། །གསུམ་པ་ཡི་གེ་བརྒྱ་པའི་རྣལ་འབྱོར་ནི། སྐད་ཅིག་གིས་སྟོང་པའི་ངང་ལས་པདྨ་་དང་ཉི་ཟླའི་དབུས་སུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་མཐིང་ག་རིན་པོ་ཆེ་དང་རུས་པས་བརྒྱན་ཅིང་། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་


LRD005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་་འཁྱུད་པ། གཉིས་ཀའང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་་ཀར་པདྨ་དང་ཉི་ཟླའི་དབུས་སུ་རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ཧཱུྃ་གི་མཐར་སྐོར་དུ་ཡི་གེ་བརྒྱ་པས་བསྐོར་བར་བསམས་ལ། འོག་མིན་ནས་ཡེ་ཤེས་པ་བཀུག་ལ་ཐིམ་པར་བསམ་ཞིང་། ཡི་གེ་བརྒྱ་པ་བཟླས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སངས་སངས་དག་པར་བསམ་ཞིང་། མ་ཡེངས་པར་བཟླས་པའི་མཐར་བསྔོ་བ་བྱའོ། །དེས་ནི་འཁོར་བའི་བག་ཆགས་ཐམས་ཅད་བྱང་ནས་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །བཞི་པ་ཚད་མེད་པ་བཞིའི་རྣལ་འབྱོར་ནི། ཁམས་གསུམ་གྱི་སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་ལ་དམིགས་ཏེ་བདེ་བ་དང་འཕྲད་པར་གྱུར་ཅིག་སྙམ་པའི་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ། བདེ་བ་དང་ལྡན་པ་རྣམས་བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ། ཉེ་རིང་ཆགས་སྡང་ཅན་རྣམས་ཆགས་སྡང་ཐམས་ཅད་དང་བྲལ་ནས་སེམས་ལས་སུ་རུང་བས་སྙོམས་པར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ། སེམས་ཅན་ཚད་མེད་པ་ལ་བློ་ཚད་མེད་པ་དུས་ཚད་མེད་པར་སྙིང་ཐག་པ་ནས་དུང་དུང་བསྒོམ་པར་བྱའོ། །དེས་ནི་སེམས་ལས་སུ་རུང་བ་དང་། སྙིང་རྗེ་ཁྱད་པར་དུ་འཕགས་པ་དང་། ཐབས་མཆོག་ཏུ་གྱུར་པས་ཟིན་པའི་ཤེས་རབ་སྐྱེ་བའི་དགོས་པ་ཡོད་དོ། །ལྔ་པ་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་ལ་སྨོན་པ་ནི། སེམས་ཅན་གྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་ནས་སེམས་ཅན་འཁོར་བ་ལས་དྲང་་དགོས་སྙམ་དུ་སྙིང་ནས་དུང་དུང་བསྒོམ་ཞིང་། འཇུག་པ་ལ་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་གསུམ་གྱིས་ཉམ་ཐག་


LRD005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་སྡུག་བསྔལ་དང་བདག་གི་བདེ་བ་གཉིས་བརྗེས་ཏེ་སེམས་ཅན་བདེ་བར་བསམ་པ་ལས། དམྱལ་བ་ཚ་གྲང། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་དང་གཏི་མུག །མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་པ་སྟེ་འདོད་ཁམས་པའི་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་ལ་གཞན་གཉིས་མཚུངས་ལྡན་དུ་ཡོད་པ་ལྟ་བུ་དང་། གཟུགས་ཁམས་པ་བསམ་གཏན་ལ་ཆགས་པས་སྔ་མའི་འབྲས་བུ་ཟད་དུས་ངན་སོང་ལ་སོགས་པར་འཇུག་པར་འགྱུར་བའི་སྡུག་བསྔལ་མངོན་གྱུར་ལ་གཞན་གཉིས་བག་ལ་ཉལ་་དུ་ཡོད་པ་དང་། གཟུགས་མེད་ཞི་གནས་རྩེ་གཅིག་ཏུ་གནས་པས་དགེ་བ་སྒྲུབ་པའི་སྐལ་བ་མེད་ཅིང་སེམས་དེས་ཕྱིས་སྡུག་བསྔལ་གཞན་འདུ་བྱེད་པས། འདུ་བྱེད་ཀྱི་སྡུག་བསྔལ་མངོན་གྱུར་ལ་གཞན་གཉིས་བག་ལ་ཉལ་དུ་གནས་པའི་སྡུག་བསྔལ་གྱི་ཆ་དེ་བདག་གིས་བླངས་ཏེ། བདག་གི་བདེ་བའི་ཆ་དགེ་བ་གཞན་ལ་བཏང་བས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་ནས་ཐར་པའི་ལམ་ལ་འཛེག་པར་བསམ་མོ། །དེས་ནི་ཅི་བྱས་གཞན་་དོན་དུ་འགྱུར་ཞིང་དགེ་རྩ་རླབས་ཆེ་བས་མྱུར་དུ་སངས་རྒྱས་འགྲུབ་ཅིང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །དྲུག་པ་རིག་པ་ངོ་མཐོང་གི་རྣལ་འབྱོར་ནི། ལུས་ངག་ཡིད་གསུམ་བསྒྲིམས་ཏེ་རྟོག་པ་སྐད་ཅིག་ཀྱང་མི་འཕྲོ་བར་བྱ་སྙམ་དུ་རྩེ་གཅིག་པས་མཉམ་པར་བཞག་གོ། དེས་ནི་འཆར་སྒོ་ཡེ་ཤེས་ཀྱི་ཀུན་རྟོག་སྔོན་བས་གསལ་ཞིང་རིག་པ་ངོས་ཟིན་པའི་དགོས་པ་ཡོད་དོ། །བདུན་པ་ལྷག་མཐོང་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གསུམ་ལས། །དང་པོ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། དེ་ལྟར་སྣ་ཚོགས་སུ་ཐོལ་ཐོལ་ཤར་བའི་རྟོག་པ་


LRD005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཤར་དུས་ཉིད་ནས་ཕྱི་སྣང་བའི་ཡུལ་ལས་བྱུང་ངམ། ནང་ཕུང་པོའི་ཁམས་ལས་བྱུང་ངམ། ད་ལྟ་རྟོག་པ་འགྱུ་དུས་ན་ཕྱི་ནང་གང་ན་གནས། རྟོག་པ་སྔ་མ་ཡལ་དུས་ན་གང་་དུ་སོང་བ་ཡིན་སྙམ་དུ་ཕྱི་ཡུལ་དང་ནང་ལུས་རྡུལ་ཕྲན་ཆ་མེད་དུ་གཞིག་ལ་བཙལ་བས། དུས་གསུམ་རྩ་བ་དང་བྲལ་བའི་སེམས་ཉིད་ཆོས་སྐུ་ལྷུན་གྲུབ་ཆེན་པོར་གཏན་ལ་ཕེབས་སོ། །གཉིས་པ་ཁ་དོག་དབྱིབས་མཚན་ལ་བརྟག་པ་ནི། ཤར་ཤར་ཝལ་ཝལ་འགྱུ་བའི་སེམས་འདི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་ཏུ་འདུག་གམ། ནར་མོ་དང་གྲུ་བཞི་ལ་སོགས་པའི་དབྱིབས་སུ་འདུག་གམ། ཕོ་མོ་མ་ནིང་ལ་སོགས་པའི་རིགས་དང་རྒན་གཞོན་སྐྱེ་འཆི་ལ་སོགས་པའི་མཚན་མར་འདུག་གམ་སྙམ་དུ་བརྟགས་པས། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་པའི་རིག་པ་སྟོང་གསལ་ལོངས་སྐུ་འགག་མེད་ཆེན་པོར་གཏན་ལ་ཕེབས་སོ། །གསུམ་པ་བླང་དོར་ངོས་བཟུང་བར་བརྟག་པ་ནི། སྐད་ཅིག་མའི་དྲན་རིག་སྣ་ཚོགས་སུ་ཤར་བ་འདི་ལ། འདི་ནག་པོ་སྐྱོན་ཅན་དུ་འདུག་པས་སྤང་བྱ། འདི་དཀར་པོ་ཡོན་ཏན་ཅན་དུ་འདུག་པས་བླང་བྱ། འདི་ལྟ་སྒོམ་སྤྱོད་པར་འདུག་པས་བསྒོམ་བྱ། འདི་བཟླས་བརྗོད་བསྐྱེད་རྫོགས་སུ་འདུག་པས་བསྟེན་བྱ་སྟེ། འདི་ཀ་ཡིན་བྱ་བའི་ངོ་བོ་དང་ངོས་བཟུང་ལ་བརྟགས་པས། །རིག་པ་ཤར་གྲོལ་ཆོས་སྐུ་ཀུན་ཁྱབ་ཆེན་པོར་གཏན་ལ་ཕེབས་སོ། །དེ་ལྟར་སྦྱངས་པས་སེམས་ཉིད་དོན་གྱི་ཡེ་ཤེས་ལྷག་མཐོང་རྗེན་པའི་རྟོགས་པ་ཉི་མ་ཤར་བ་ལྟ་བུ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞིའི་ངོ་སྤྲོད་པ་ནི། །འདི་ལྟར་སྣང་སྲིད་་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་མདང་གི་རྨི་ལམ་ལྟ་བུ་ཡིན་ལ།


LRD005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་གནས་ལུགས་ངོ་བོ་སྟོང་པའི་ཆོས་སྐུ། རང་བཞིན་གསལ་བས་ལོངས་སྐུ། འཆར་ཚུལ་རྐྱེན་གྱིས་སྣ་ཚོགས་སུ་སྣང་བས་སྤྲུལ་སྐུ་སྟེ། ད་ལྟར་གྱི་ཤེས་པ་ཐ་མལ་རང་འགྲོས་སུ་འཆར་བ་འདི་ཉིད་སངས་རྒྱས་ཀྱི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོ་ཡིན་ཏེ། སློབ་དཔོན་གྱི་ཞལ་ནས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །འཆར་ཚུལ་རྐྱེན་གྱིས་ཅིར་ཡང་སྣང་། །ཡིན་ཚུལ་ངེས་པ་མེད་པ་ལ། །རང་ཉིད་ཤར་བས་རང་་སར་གྲོལ། །ཆུ་དང་རླབས་དང་རྒྱ་མཚོ་བཞིན། །རྟོག་པ་ཡེ་ནས་ཆོས་སྐུའི་གདངས། །ཆོས་དབྱིངས་གཞན་ཞིག་བསྒོམ་དུ་མེད། །རྟོག་སྤང་མི་རྟོག་སྒོམ་འདོད་པས། །སྣང་སྲིད་དགྲར་ལྡང་གྲོལ་འཁྲུལ་ལྟུང་། །གང་ཤར་སྤང་བླང་མེད་པ་ནི། །སྣང་སྲིད་རྒྱ་ཐེག་ཀུན་བཟང་ས། །སྒོམ་དང་མི་སྒོམ་རྩིས་ལས་འདས། །ལམ་མཆོག་འདི་ཉིད་ཁྱད་པར་འཕགས། །ཞེས་གསུངས་པས། ད་ལྟར་གྱི་ཤེས་པ་གང་ཤར་སོ་མ་ལ་བཅོས་བསླད་ཀྱི་བཟོ་མ་བྱེད་པར་ཅེར་གྱིས་ལྟོས་ལ་ཕྱམ་གྱིིས་ཞོག །ལྷོད་ཀྱིས་གློད་ལ་གང་བདེར་ཞོག །ཤར་བ་ངོས་ཟུངས་ལ་ངང་དྭངས་སོ་མར་ཞོག །འཛིན་མེད་རང་བབས་སུ་ཐོངས་ལ་རང་འགྲོས་ཞེན་མེད་དུ་ཞོག །རྣམ་རྟོགས་གང་སྐྱེས་ངོས་ཟིན་པས་རང་སར་གྲོལ་བ་ལྟ་བ། དེའི་ངང་ལ་ངང་དྭངས་བདེ་གསལ་མི་རྟོག་ཏུ་གནས་པ་བསྒོམ་པ། དེའི་ཚེ་ཕྱི་ནང་ཞེན་མེད་དུ་ཤར་བ་་སྤྱོད་པ། གཏད་མེད་རང་ལུགས་སུ་གྲོལ་བ་འབྲས་བུ་སྟེ། མ་བྱས་པ་ཡི་ཆོས་ཉིད་ལ། །རང་བབ་ཆེན་པོའི་རིག་པར་ཤར། །རང་གྲོལ་ངང་དྭངས་འཛིན་པ་མེད། །ཀུན་ཏུ་བཟང་པོའི་གྲོལ་གཞི་ཡིན། །ཡེ་ནས་གྲོལ་བའི་སེམས་ཉིད་ལ། །གཟོད་ནས་གྲོལ་བ་མི་དགོས་པས། །ཐ་མལ་


LRD005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རང་སོར་ཞོག །རང་གྲོལ་སྟོང་གསལ་རིག་པ་ནི། །སྐུ་གསུམ་བདེ་ཆེན་སངས་རྒྱས་ཞིང་། །ཐམས་ཅད་གཞི་གནས་ཆོས་སྐུའི་ངང་། །བཅོས་བསྒྱུར་གཉེན་པོས་བཟང་ངན་མེད། །བདེ་སྡུག་སེམས་ཀྱི་མེ་ལོང་ལ། །རྣལ་འབྱོར་རིག་པའི་རྩལ་སྦྱང་བྱ། །འདི་ནི་ཐེག་པ་ཀུན་གྱི་རྩེ། །རྡོ་རྗེ་སྙིང་པོའི་ལམ་མཆོག་ཡིན། །ཞེས་ཐེབས་པར་གདབ་བོ། །དེ་ལྟར་རྟོག་པ་གང་འཕྲོས་ཀྱི་རང་དུས་ན་རྦད་ཀྱིས་བཅད་ལ་ཕྱམ་གྱིས་བཞག་པས། རིག་པའི་ངོ་བོ། སྟོང་གསལ་སྤྲོས་པ་བྲལ་བའི་ཡེ་ཤེས་ཁོང་ནས་འཆར་ཏེ་་འདོད་པའི་སེམས་ལས་རང་གྲོལ། ཕྱི་མའི་རྟོག་པ་བསམ་གཟུགས་གཟུགས་མེད་ཀྱི་ཤེས་པ་ལས་གྲོལ་ཏེ། ངང་དྭངས་ཤར་གྲོལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ལྷུན་གྱིས་གྲུབ་པའོ། །གསུམ་པ་རྗེས་ཇི་ལྟར་བསྐྱང་པ་ལ། ཐོ་རངས་ངང་དྭངས་ནམ་མཁའ་ལྟ་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞི་ལྷག་ཟུང་འབྲེལ་ལ་ལུས་གནད་བཅོས་ཏེ་མིག་མི་འགུལ་བར་ཉམས་སུ་བླང་ངོ་། །དེས་ནི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལྷུན་གྲུབ་ཏུ་འཆར་ཞིང་སྤྱན་དང་མངོན་ཤེས་འགྲུབ་པར་འགྱུར་རོ། །སྔ་དྲོ་འཕྲོ་གནས་གཉིས་་སུ་མེད་པས་སྐད་ཅིག་རང་གྲོལ་གྱི་དོན་ལ་རིག་པའི་རྩལ་སྦྱངས་བས་ལྷག་མཐོང་རང་གྲོལ་གྱི་རྟོགས་པ་གོང་འཕེལ་དུ་འགྲུབ་བོ། །གུང་ལ་ཆོས་ཐམས་ཅད་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། སྤྲུལ་པ་དང་། མིག་ཡོར་དང་། གཟུགས་བརྙན་ལྟ་བུར་ཝལ་ཝལ་སྦྱང་ཞིང་། སེམས་ཅན་ཐམས་ཅད་ལ་དག་སྣང་དང་མོས་གུས་ཕྱོགས་མེད་དུ་་སྦྱང་ཞིང་། བླ་མ་ལ་སོགས་པ་ལ་ལྷག་པར་མོས་གུས་དུང་དུང་བསྒོམས་པས། བདེན་མེད་ཀྱི་ངང་ནས་མཆོག་དང་ཐུན་མོང་


LRD005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་མྱུར་དུ་་འགྲུབ་བོ། །ཕྱི་དྲོ་འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། ལས་འབྲས་ཀྱི་ཡིད་ཆེས། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ་ལ་སོགས་པས་བློ་སྣ་ཐུང་རྦུད་རྦུད་པ་ལ་བསླབ་བོ། །དེས་ནི་ཚེ་འདིའི་སྣང་བ་ལ་ཡིད་མི་འཇུག་ཅིང་ཕྱི་མའི་དོན་དུ་ཆོས་སྒྲུབ་པ་ལ་བརྩོན་འགྲུས་ཕུན་སུམ་ཚོགས་པ་འགྲུབ་བོ། །སྲོད་ལ་སྣང་བ་སེམས་སུ་ཐག་བཅད་དེ་སྣ་ཚོགས་རྨི་ལམ་འདྲ་བའི་ངང་ནས་བདེ་གསལ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་པས། བར་ཆད་རང་སར་ཞི་སྟེ་དངོས་འཛིན་འཁྲུལ་པ་འཇིག་པའི་ངོ་བོ་འགྲུབ་བོ། །གུང་ལ་ཉལ་དུས་སེམས་ཉིད་མ་སྐྱེས་པའི་ངང་ལ་རྣམ་རྟོག་་འཕྲོ་འདུ་མེད་པར་གཉིད་ལོག་པས་རྨི་ལམ་འོད་གསལ་བདེ་བ་ཆེན་པོར་འཆར་ཞིང་། ཉིན་མཚན་གཉིས་སུ་མེད་པའི་དགོངས་པ་འགྲུབ་པར་འགྱུར་རོ། །དེ་ལྟར་ཉིན་མཚན་ཀུན་ཏུ་བརྩོན་པས་གནས་པའི་ཚེ། ལྟེངས་པ། གོལ་བ། འབྱམས་པ་གསུམ་ལས། ཇི་ཙམ་བསྒོམས་ཀྱང་སྐྱེད་མེད་ན་ལྟེངས་པ་སྟེ། ཤར་གྲོལ་ལྟེངས་ནས་ལྷག་མཐོང་གི་རྩལ་ཆུང་ན། སྐད་ཅིག་ཀྱང་གནས་སུ་མི་གཞུག་པར་དར་པོ་ཆེ་རླུང་གིས་བསྐྱོད་པ་ལྟར་འཕྲོར་བཅུག་ལ་རང་གྲོལ་དུ་སྦྱངས་པས་ལྷག་མཐོང་གི་ཡེ་ཤེས་རྒྱུད་ལ་གློ་བུར་དུ་་འཆར་རོ། །ངང་དྭངས་རྣམ་པར་མི་རྟོག་པའི་ཞི་ལྷག་ལྟེངས་ནས་སྐྱེད་ཆུང་ན། ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ཏེ། ནམ་མཁའི་ངང་དུ་མིག་ཧར་པོ་གཏད་ལ། སེམས་མི་འཕྲོ་བར་བཞག་པས་སྟོང་གསལ་སྤྲོས་དང་བྲལ་བའི་ཡེ་ཤེས་ཁོང་ནས་འཆར་རོ། །གཞན་ཡང་ཞི་གནས་ལྟེངས་ན་ལྷག་མཐོང་གིས་བཤིག་ལ་བསྒོམ། ལྷག་མཐོང་ལྟེངས་ན་


LRD005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ཡང་རབ་ཏུ་ཟབ་བོ། །གོལ་གཞི་འདྲ་མིན་འཆོལ་བའི་ལམ་ལ་འཁྱམས་པ་སྟེ། །དང་པོར་བསྒོམས་པས་ཡོན་ཏན་ཅུང་ཟད་སྐྱེས་ཀྱང་རློམ་སེམས་དང་ང་རྒྱལ་ལ་སོགས་པས་ཁེངས་ན་གོང་མའི་ཡོན་ཏན་ལ་བསམ། ཚེ་འདི་ལ་ཆགས་ན་མི་རྟག་པ་བཙན་ཐབས་སུ་བསྒོམ། ཉམས་མཐོ་དམན་ལ་ཆགས་ན་གང་ཆགས་བཤིག་ལ་བསྒོམ། བྱམས་སྙིང་རྗེ་མེད་ན་འགྲོ་དྲུག་ཕ་མར་བསྒོམ། རིག་པས་རྐྱེན་མ་ཐུབ་ན་རྐྱེན་སྣང་བསྲེས་ལ་བསྒོམ། འདི་དག་ནི་མཆོག་ཏུ་ལས་དང་པོ་པ་ལ་ཟབ་བོ། །འབྱམས་པ་ལ། ཤར་གྲོལ་རྟོག་པར་འབྱམས་ན་སེམས་ནང་དུ་མི་གནས་པས་ཞི་གནས་ཀྱི་དོན་ལ་བསྒོམ། ངང་་དྭངས་བདེ་ཆགས་སུ་འབྱམས་ན་རྟོགས་པ་ལ་སྐྱེད་མི་འབྱུང་བས་རྣམ་རྟོག་སྣ་ཚོགས་སུ་སྤྲོས་ལ་ཤར་གྲོལ་འཛིན་མེད་དུ་སྦྱང་། གཞན་ཡང་སྟོང་པའི་ཉམས་སྐྱེ་དུས་ཐམས་ཅད་སྟོང་པར་འདུག་པས་ལས་འབྲས་ཁྱད་དུ་གསོད་པའི་བདུད་འཇུག་སྟེ་སྙིང་རྗེ་བཙན་ཐབས་སུ་བསྒོམ་པ་ལ་འབད་དོ། །སྙིང་རྗེའི་ཉམས་སྐྱེ་དུས་འགྲོ་དྲུག་རང་མཚན་དུ་ཞེན་ནས་སྟོང་ཉིད་གཏད་མེད་ལ་ལོག་པ་ལྟ་བའི་བདུད་འཇུག་པས་ཐམས་ཅད་སྐྱེ་མེད་དུ་ཤེས་པ་གཅེས་སོ། །མདོར་ན་གང་བསྒོམས་ཀྱང་དེའི་ཉམས་སྐྱེ་བས་གཞན་ཁྱད་དུ་གསོད་པ་བྱུང་ན་དེ་ལས་བཟློག་པའི་ཐབས་ལ་བརྟེན་པ་མཆོག་ཏུ་ཟབ་བོ། །འདི་ལྟར་ཉིན་མཚན་དུ་འབད་ན་ཉི་མ་རེ་རེ་ཞིང་སྔོན་བས་འཕགས་པའི་ཡོན་ཏན་དུ་མ་གསར་དུ་འབྱུང་ཞིང་། ལྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བས་ཆོས་གང་ལའང་བདེན་ཞེན་སྐྲའི་རྩེ་མོ་ཙམ་ཡང་མེད་པར་འཁོར་བའི་གཟུང་འཛིན་མྱ་ངན་ལས་འདས་པར་གྲོལ་ཏེ། ཚེ་འདི་ཉིད་ལ་ཆོས་ཉིད་རྫོགས་པ་ཆེན་པོའི་གོ་འཕང་ཐོབ་པར་


LRD005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཉིས་པ་འབྲིང་བར་དོར་གྲོལ་བའི་གདམས་ངག་ལ། སྐྱེ་ཤིའི་བར་དོར་རྩལ་སྦྱང་བ། འཆི་ཁའི་བར་དོར་གསལ་གདབ་པ། འཁོར་འདས་བར་དོར་གྲོལ་ས་གཟུང་བ་གསུམ་ལས། དང་པོ་ལ་གཉིས་ལས། ཉིན་སྣང་གི་བར་དོར་རྩལ་སྦྱང་བ་ནི། སྔར་བསྟན་པ་བཞིན་བསྒོམ་པའོ། །གཉིས་པ་མཚན་སྣང་གི་བར་དོར་ཚད་འཛིན་པའོ། །དེའང་དང་པོར་རྨི་ལམ་མི་དགེ་བ་འགག །གཉིས་པར་རྨི་ལམ་རང་ངོ་ཤེས་ནས་བདེན་མེད་དུ་སྦྱང་། གསུམ་པ་རྨི་ལམ་འོད་གསལ་་དུ་ཐིམ་ནས་མི་རྨི་བ་ནི་བར་དོར་གྲོལ་བའི་ཚད་དོ། །གཉིས་པ་ནི། འཆི་ཁའི་ཚེ་ས་ཆུ་ལ་ཐིམ་པས་ལུས་ལྗི་ཞིང་ལྡང་མི་ནུས། དེ་དང་མཉམ་དུ་གཟུག་སྒྲ་ལ་ཐིམ་པས་མིག་མི་གསལ་དུ་འགྲོ། །དེ་ནས་ཆུ་མེ་ལ་ཐིམ་པས་ལུས་ཀྱི་ཁྲག་དང་ཆུ་སེར་ལ་སོགས་པ་གཤེར་བའི་ཆ་རྣམས་དྭངས་མར་་འདུ་ཞིང་སྐམ། དེ་དུས་སྒྲ་དྲི་ལ་ཐིམ་པས་རྣ་བ་མི་གསང་དུ་འགྲོ། །དེ་ནས་མེ་རླུང་ལ་ཐིམ་པས་དྲོད་སྙིང་གར་བསྡུ། དེ་དུས་དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར། དེ་ནས་རླུང་རྣམ་ཤེས་ལ་ཐིམ་པས་དབུགས་འགྱུ་བ་ཆད། དེ་དུས་རོ་རེག་ལ་ཐིམ་པས་ལྕེས་རོ་མི་ཚོར། རྣམ་ཤེས་ནམ་མཁར་ཐིམ་པས་ཕྲ་རགས་ཀྱི་འཛིན་པ་ནུབ། དེ་དུས་རེག་ཆོས་ལ་ཐིམ་པས་བྱུང་ཚོར་གྱི་འདུ་ཤེས་འགག །དེ་ལས་ཐིག་ལེ་དཀར་དམར་ཨ་ཧཾ་སྙིང་གར་འདྲེས་ཏེ་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་བཞིར་འཆར་ཏེ། ཆོས་ཉིད་གདོད་མའི་སར་ཐིམ་པས་འཁོར་བའི་རང་བཞིན་མྱ་ངན་ལས་འདས་པར་གྲོལ་དུ་ཉེ་བའོ། །དེ་དག་གི་ཚེ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟར། སྔར་གདམས་པ་དང་བར་དོའི་འོད་གསལ་དྲན་པས་གསལ་


LRD005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པའོ། །གསུམ་པ་ནི། དེ་ནས་མྱ་ངན་ལས་འདས་པའི་བར་དོར་སྐད་ཅིག་མ་གཞིའི་ཡེ་ཤེས་ཆོས་ཀྱི་སྐུ་དང་། སྣང་བ་རྣམ་པར་དག་པའི་འོད་གསལ་ལོངས་སྐུ་བསམ་གཏན་གྱི་ཞག་ལྔ་དང་། དེ་ཉིད་དུ་གྲོལ་བས་འགྲོ་དྲུག་རང་གནས་སུ་འཕྲོ་བ་སྤྲུལ་པའི་སྐུ་ལྷུན་གྲུབ་ཆེན་པོའི་སྣང་བ་ཤར་ནས་གདོད་མའི་སར་བྱངཆུབ་པ་ཉིད་བརྗོད་དེ། དེའང་འོད་གསལ་གྱི་སྐད་ཅིག་དང་པོ་ལ་སྣང་བ་ཞེས་བྱ་བའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པ་སྔོན་བས་ཆེས་འཕགས་པ་སྐད་ཅིག་མ་གཅིག་ཏུ་འཆར་ཏེ། རིག་པའི་སྣང་ཡུལ་ཟླ་བ་ཤར་བ་ལྟར་དཀར་ལ་སྨིག་རྒྱུ་དང་དུ་བ་ལྟར་བན་བུན་སྣང་ངོ་། །ཡེ་ཤེས་དེས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགགས་ཏེ། གང་ཞེ་ན། འཕགས་པ་ལྷའི་སྤྱོད་བཏུས་ལས། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འཆི་བ་ནི་དོན་དམ་པའི་བདེན་པའོ། །དེའི་ཚེ་འོད་གསལ་བའི་ཡེ་ཤེས་བཞི་ཉིད་ལས། སྐད་ཅིག་མ་དང་པོས་ཞེ་སྡང་ལས་གྱུར་པའི་ཀུན་ཏུ་རྟོག་པ་སུམ་ཅུ་རྩ་གསུམ་འགག་གོ། སུམ་ཅུ་རྩ་གསུམ་པོའི་མིང་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་་དང་། ཡིད་ཀྱིས་འགྲོ་བ་དང་། སོང་བ་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། རྣམ་རྟོག་དང་། འཇིགས་པ་དང་། འཇིགས་པར་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་་དང་། རིག་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་།


LRD005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེེ་བ་དང་། དགོངས་པ་དང་བཅས་པ་དང་། བསགས་པ་ཉིད་དང་། ཕྲག་དོག་སྟེ། རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་མོ། །ཞེས་གསུངས་སོ། །དེའི་ཚེ་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཐིམ་པའོ། །དེ་ནས་མཆེད་པ་ཞེས་བྱ་བའི་་ཡེ་ཤེས་སྔོན་བས་ཆེས་དག་པར་ཤར་བའི་ཚེ། རིག་པའི་སྣང་ཡུལ་ཉི་མ་ཤར་བ་ལྟར་དམར་གསལ་དུ་གྱུར་ཏེ། སྲིན་བུ་མེ་ཁྱེར་ཙམ་སྣང་བ་སྐད་ཅིག་མ་གཉིས་ཀྱི་ཡུན་གནས་སོ། །ཡེ་ཤེས་དེས་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་ནུབ་སྟེ། སྔ་མ་དེའི་འཕྲོ་ལས། སྐད་ཅིག་མ་གཉིས་པས་འདོད་ཆགས་ལས་བྱུང་བའི་ཀུན་ཏུ་རྟོག་པ་བཞི་བཅུ་འགག་གོ། གང་ཞེན་འདི་ལྟ་སྟེ། ཆགས་པ་དང་། ཆགས་པ་བར་མ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ང་རྒྱལ་དང་། བྱ་བ་དང་། འགྲོགས་པ་དང་། སྟོབས་དང་། སྤྲོ་བ་དང་། ལྷན་ཅིག་བྱེད་པའི་དགའ་བ་ལ་སྦྱོར་པ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་སྒེག་པ་དང་། ཁེས་གྲགས་པ་དང་། དགེ་བ་དང་། ཚིག་གསལ་པ་དང་། བདེན་པ་་དང་། ངེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་དང་། གཞན་ལ་བསྐུལ་བ་དང་། དབང་བ་དང་། ངོ་ཚ་བ་མེད་པ་དང་། གཡོ་སྒྱུ་དང་། སྡུག་པ་པོ་དང་། མི་སུན་པ་དང་། གྱ་གྱུ་ཆེ་བ་སྟེ། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུའོ། །


LRD005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ནས་མཆེད་པ་ཐོབ་པ་ལ་ཐིམ་པས། སྔོན་པས་འཕགས་པའི་བདེ་གསལ་མི་རྟོག་པ་ཆེར་སྐྱེས་པ་ནི་ཐོབ་པའི་ཡེ་ཤེས་ཏེ། རིག་པའི་སྣང་ཡུལ་ནུབ་ཁའི་སྣང་བ་ལྟ་བུ་ལྗང་སེར་ལས་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྐད་ཅིག་མ་གསུམ་དུ་འཆར་རོ། །ཡེ་ཤེས་དེས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་་འགག་སྟེ། སྔ་མའི་འཕྲོ་ལས། སྐད་ཅིག་མ་གསུམ་པས་ནི། གཏི་མུག་ལས་གྱུར་པ་བདུན་འགག་གོ། གང་ཞེན་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་་དང་། ལེ་ལོ་དང་། ཐམས་ཅད་གཏི་མུག་ལས་གྱུར་པ་སྟེ་བདུན་པོ་དེ་་དག་འགག་གོ། ཞེས་གསུངས་སོ། །དེའི་ཚེ་གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཐིམ་པས་ཤིན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ནས་་ཐོབ་པ་ཉེ་བར་ཐོབ་པ་ལ་ཐིམ་པས་སྔོན་བས་འཕགས་པའི་ཡེ་ཤེས་ཉེ་བར་་ཐོབ་པ་ཞེས་བྱ་བ་སྐད་ཅིག་མ་བཞིར་ཤར་ཏེ། རིག་པའི་སྣང་ཡུལ་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟར་འཆར་རོ། །ཡེ་ཤེས་དེས་ཞེན་རྟོག་གི་ཆ་བག་ཆགས་དང་བཅས་པ་དབྱིངས་སུ་ནུབ་སྟེ། ཆོས་སྐུ་ལྷུན་གྲུབ་ཆེན་པོའི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རང་ལུགས་སུ་འཆར་རོ། །དེའི་ཚེ་སྔར་གོམས་པའི་ངང་དྭངས་གཉིས་སུ་མེད་པའི་ཡེ་ཤེས་དང་མ་བུ་འཕྲོད་ནས་གྲོལ་བ་ཡིན་ནོ། །དེ་ལ་མ་གྲོལ་ན། དེ་ནས་རིག་པ་སྙིང་ནས་གནས་པ་བཏེག་མིག་ཏུ་འཕོས། མིག་ནས་འོད་ཟེར་ཁ་དོག་ལྔ་ལྔའི་སྣང་བ་ནམ་མཁར་མཆེད་པ་ལས། སྐད་ཅིག་དང་པོར་མཐིང་ག་རྣམ་དག་པར་དག་པ་རང་གདངས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་རྣམ་པར་སྣང་མཛད་གཙོ་འཁོར་གྲངས་མེད་པ་


LRD005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་། །དེ་ཉིད་རང་ངོ་ཤེས་པས་རང་ཉིད་རྣམ་སྣང་དུ་གྲོལ་ནས་གདོད་མར་ཕྱིན་ནོ། །དེ་བཞིན་དུ་སྐད་ཅིག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལས། དེའི་ཚེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་སྐུ་འབུམ་ཕྲག་གྲངས་མེད་པ་སྣང་བས་རང་ངོ་ཤེས་མ་ཐག་དེ་ཉིད་དང་གཉིས་སུ་མེད་པར་གྲོལ་བ་ནི་ལོངས་སྤྱོད་རྫོགས་པ་སྐུའི་བར་དོའོ། །དེ་ལྟར་རང་ངོ་ཤེས་པའི་ཚེ་སྐུ་དེ་ཉིད་དུ་རང་ཉིད་གྱུར་པའི་འོད་ཟེར་གྱི་རྩེ་མོ་འབུམ་ཕྲག་ཀུན་ཏུ་འཁྱིལ་པ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་ཤཱཀྱ་ཐུབ་པ་ལ་སོགས་པ་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་ཏེ་སྐད་ཅིག་ལ་དོན་བྱེད་པར་སྣང་བ་ནི་རྫོགས་ལྡན་སྤྲུལ་པ་སྐུའི་བར་དོའོ། དེ་ནས་སྤྲུལ་སྐུ་ལོངས་སྐུར་ཐིམ། ལོངས་སྐུ་ཆོས་སྐུར་ཐིམ། ཆོས་སྐུ་རྫོགས་ལྡན་ཆེན་པོ་རིན་པོ་ཆེ་གསང་བའི་སྦུབས་ན་འཕོ་འགྱུར་མེད་པར་བཞུགས་པ་ནི་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །དེ་དག་གིས་འབྲིང་བར་དོར་གྲོལ་བ་བཤད་ཟིན་ཏོ། །ཞར་ལ་སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་པ་བཤད་དེ། དེའང་སྣང་བ་གོང་མ་ཤར་ཡང་རང་ངོ་མ་ཤེས་པ་ནི་དེ་ནས་རྨི་ལམ་བདེ་སྡུག་ལྟར་སྲིད་པའི་བར་དོར་འཁྱམས་ཏེ། ཇི་ཙམ་གནས་པའི་ཕྱེད་སྔ་མའི་བག་ཆགས། ཕྱེད་ཕྱི་མའི་སྣང་བར་འཆར་ཞིང་ཤི་བའི་སྡུག་བསྔལ་གྱིས་རིག་པ་རྟེན་མེད་པར་ཕྱོ་ལང་ལང་འཁྱམས་པ་ན། སྔར་བླ་མའི་གདམས་པ་ཉམས་སུ་བླངས་ཏེ་རབ་ཀྱིས་བདེན་མེད། འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རིམ། ཐ་མས་སྐྱབས་འགྲོ་དང་མོས་གུས་


LRD005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་ཞིང་ཁམས་དག་པ་བདེ་བ་ཅན་ལ་སོགས་པ་ཡིད་ལ་བྱས་པས་གྲོལ་བར་གསུངས་སོ། །དེའི་ཚེ་མངལ་སྒོ་ངན་པ་བཀག་ནས་མི་ལུས་རིན་པོ་ཆེ་ཡོན་ཏན་བདུན་དང་ལྡན་པར་སྐྱེ་བར་བྱ་སྙམ་ནས། མའི་མངལ་གཞལ་མེད་ཁང་དུ་ཉི་ཟླའི་སྟེང་དུ་ཧཱུྃ་ལ་སོགས་པ་ཡི་དམ་ལྷའི་ས་བོན་བསམ་པ་ལ་རྣམ་ཤེས་ཞུགས་པས་ཕྱི་མ་ལ་མི་ལུས་ཐོབ་ནས་ཟབ་མོའི་ཆོས་དང་འཕྲད་དེ་གྲོལ་བ་ལ་ཐེ་ཚོམ་མེད་དོ། །འཕྲོས་དང་བཅས་པའི་བར་དོ་བཤད་ཟིན་ཏོ། །གསུམ་པ་འཕོས་ཏེ་གྲོལ་བ་ནི། རང་གི་ལུས་ཀྱི་ནང་ན་རྩ་དབུ་མ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ནང་སྟོང་པའི་ཡར་སྣ་ཚངས་བུག་ལ་གཏད་པའི་ནང་ན་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པར་བསམས་ལ། ཨ་ཨ་ཞེས་ངར་དང་བཅས་པས་བརྒྱ་རྩ་རེ་བརྗོད་པས། ཨ་དེ་ཉིད་ཚངས་བུག་ནས་ཕྱིར་རྒྱང་རྒྱང་ཐོན་ནས། ནུབ་ཕྱོགས་བདེ་བ་ཅན་ན་ཆོས་སྐུ་སྣང་བ་མཐའ་ཡས་བཞུགས་པའི་ཐུགས་ཀར་འཕངས་པས་མི་རྟོག་པར་བསམ་ཞིང་། ཞག་བདུན་རྩོལ་བ་བྱས་ན་སྤྱི་གཙུག་འཕར་ཞིང་ཁ་ཕྱེ་ནས་བདེ་བ་ཅན་དུ་འཕོ་བར་ཐེ་ཚོམ་མེད་དོ། །འཆི་ལྟས་ཚང་པའི་ཚེ་བྱ་་ཡིས་གཞན་དུ་ལྟུང་བར་འགྱུར་བས་མི་བྱའོ། །འཕོ་བ་གསེར་སྲང་མའི་གདམས་པ་མཐར་ཕྱིན་པའོ། །དོན་གསུམ་པ་བཀའ་རྒྱས་གདབ་པ་ནི། དེ་ལྟ་བུའི་གདམས་པ་སྐལ་ལྡན་སྣོད་ཡོད་ངེས་པ་གསུམ་ལས་མང་དུ་མི་སྤེལ་ཞིང་། ཤིན་ཏུ་བརྩོན་པས་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དེ་ལྟར་ཡང་ཟབ་གནད་ཀྱི་གདམས་པ་འདི། །རང་བྱུང་པདྨའི་བྱིན་རླབས་ལ་བརྟེན་ནས། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །དྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོད། །དགེ་བ་དེ་ཡིས་སྲིད་པའི་འགྲོ་བ་ཀུན། །


LRD005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་མཐར་ཐུག་དོན་གཉིས་ཕུན་ཚོགས་ཏེ། །མ་ལུས་ཉེར་ཞི་གདོད་མའི་མཁའ་དབྱིངས་སུ། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་གྱི་དོན་ཁྲིད་ཡིད་བཞིན་སྙིང་པོ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་དབེན་གནས་དམ་པར་བཀོད་པ་རྫོགས་སོ། །དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱི་དང་། ཤན་པ་སྲོག་སྒྲུབ་ནག་མོ་དང་། གཟའི་རྒྱལ་པོ་རཱ་ཧུ་ལས་སྲུངས་ཤིག །བཀའ་བསླད་པ་དང་འདྲ་མིན་འཆོས་པ་ལ་ཆད་པ་བྱིན་ལ་སྐལ་ལྡན་ལ་གཏོད་ཅིག །དགེའོ། །

རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ།


LRD005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ཞེས་བྱ་བ་བཞུགས། རྒྱ་གར་སྐད་དུ། མཧཱ་སནྡྷི་ས་མ་ཀོ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་ཉིད་ཡེ་ནས་བྱང་ཆུབ་པས། །བརྗོད་མེད་བསམ་འདས་མཁའ་དབྱིངས་བརྡལ་བའི་ཀློང་། །མི་གནས་མི་་དམིགས་རྫོགས་པ་ཆེན་པོའི་ངང་། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་མོ་ཀུན་གྱི་ཐེག་པ་ནི། །རྒྱུ་འབྲས་ལས་འདས་སྤང་་བླང་རེ་དོགས་བྲལ། །གང་ཡིན་ཀུན་ཡིན་ངོས་བཟུང་མེད་པས་ན། །རྒྱ་ཆད་ཕྱོགས་ལྷུང་བྲལ་པའི་དོན་འདི་ཉོན། །སྣང་སྲིད་འཁོར་འདས་ཡེ་གྲོལ་་འོག་མིན་གནས། །སྣ་ཚོགས་མ་འགག་ཡེ་ཤེས་གཞལ་ཡས་སུ། །མཉམ་རྫོགས་སྟོན་པ་ཆོས་ཉིད་མི་འགྱུར་བས། །སྣོད་བཅུད་རྒྱུད་དྲུག་སྐུ་གསུམ་འཁོར་རྣམས་ལ། །


LRD005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུས་མེད་གཞི་རྫོགས་དག་པའི་དུས། །བླང་དོར་རྩོལ་སྒྲུབ་མེད་པའི་ཆོས་བསྟན་པ། །ཕྱི་ནང་བྱ་བའི་ཆོས་ནི་དཔག་མེད་ཀྱང་། །བསྟན་པའི་ཐེག་པ་རྣམ་པ་དགུར་གསུངས་ཤིང་། །དེ་དག་རང་བཞིན་དབང་པོའི་རིམ་པ་སྟེ། །ངེས་པའི་དོན་ལ་ཀུན་དེས་ནམ་མཁའ་་འདྲ། །ཐེག་པ་མེད་ཅིང་ངེས་པར་འབྱུང་བ་མེད། །འོང་མེད་འགྲོ་མེད་སྤང་གཉེན་བྲལ་ཐོབ་མེད། །ཐམས་ཅད་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད། །རྒྱུ་འབྲས་མིང་འདོགས་ཕྱི་ནང་བྱང་ཆུབ་སེམས། །ཡེ་ནས་འོད་གསལ་ལྷུན་གྲུབ་ངང་ཡིན་པས། །གྲུབ་བསལ་མི་དམིགས་རང་བྱུང་ཡེ་ཤེས་ལ། །ཕྱི་ནང་འབད་པས་ཅི་ཞིག་བཙལ་དུ་མེད། །མ་བཅོས་རྣལ་དུ་འཇོག་པ་ཆོས་ཉིད་དང་། །དུས་གསུམ་འཕོ་འགྱུར་མེད་ཀྱི་གང་བདེར་ཐོངས། །འདི་ཞེས་དམིགས་སུ་་ཡོད་པའི་གཟུང་འཛིན་དང་། །དགག་སྒྲུབ་བླང་དོར་མེད་ཀྱིས་རང་སར་ཞོག །ཉོན་མོངས་མ་སྤངས་རང་བྱུང་ཡེ་ཤེས་ལྔ། །གང་ཤར་ཉིད་ནས་རང་གྲོལ་སྤང་བླང་མེད། །སྤང་བསྒྱུར་མི་དགོས་སེམས་སངས་རྫོགས་པ་ཆེ། །ཡེ་བབ་རང་བྱུང་ད་ལྟར་ལྷུན་གྱིས་གྲུབ། །ཐ་མལ་སྣ་ཚོགས་ལྷུན་རྫོགས་དཀྱིལ་འཁོར་ཆེ། །མ་བྱས་རང་བྱུང་གཞལ་ཡས་ཁང་ཆེན་ནས། །གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །རིགས་ལྔ་ས་ཆུ་མེ་རླུང་ནམ་མཁའི་ཁམས། །ཡུལ་ལྔའི་རང་བཞིན་སྣང་སྲིད་རྣམ་དག་པས། །སྤང་བླངས་མི་དགོས་བཅོས་བསྒྱུར་གཉེན་པོས་སྟོང་། །ཐམས་ཅད་རོ་མཉམ་རྫོགས་པ་ཆེན་པོའི་ངང་། །གཞི་རྫོགས་གདོད་ནས་དག་པར་ཤེས་པར་གྱིས། །ཡེ་སྟོང་རྩ་བ་བྲལ་བའི་སེམས་ཉིད་ནི། །མ་བྱས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཏེ། །ཇི་བཞིན་


LRD005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་དེ་བཞིན་མཉམ་པར་གནས། །ཐོག་མཐའི་དུས་མིན་སྔ་ཕྱིའི་འཕོ་འགྱུར་མེད། །རྩིས་མེད་རིག་མེད་གོལ་སྒྲིབ་ཀུན་ལས་འདས། །བགྲོད་པའི་ས་མེད་ཕྱིན་པའི་ལམ་ཡང་མེད། །ངོ་བོ་མེད་ལ་སྦྱང་བགྲོད་གང་འདོད་པ། །དེ་དག་ནམ་མཁའ་བཅོས་བསྒྱུར་བྱེད་པ་ཟད། །རང་བྱུང་ཡེ་ཤེས་བཅོས་བསླད་ཀུན་དང་བྲལ། །ཟླ་བའི་རྒྱ་མཚོ་རྙོག་པ་ཡེ་ནས་མེད། །དག་དང་མ་དག་དབྱིངས་གཅིག་རོལ་པ་ཆེ། །འདི་ནི་ཡང་ཟབ་སྙིང་པོའི་དགོངས་ཀློང་ཡིན། །ཐམས་ཅད་ཀུན་བྱེད་ཆོས་ཉིད་ཡངས་པ་ནི། །ཀུན་གྱི་སྙིང་པོ་རང་བཞིན་ལྷུན་འབྱམས་ཞིང་། །ངོ་བོ་གསལ་ལ་ཐུགས་རྗེ་མ་འགག་པ། །ཇི་བཞིན་ཉིད་ནས་ཡེ་བཞིན་ལྷུན་གྱིས་གྲུབ། །དབྱིངས་གཅིག་ཆོས་ཉིད་ནམ་མཁའི་རང་བཞིན་ལས། །གཞན་པའི་ཆོས་ནི་རྡུལ་ཙམ་མི་དམིགས་པས། །ཆོས་ཅན་སྣང་སྟོང་ཆོས་ཉིད་ཆོ་འཕྲུལ་དུ། །རང་བཞིན་ལྷུན་གྲུབ་རོལ་པར་ཤར་བ་ཡིན། །སྣོད་བཅུད་སྣང་སྲིད་དུས་གསུམ་སངས་རྒྱས་ཀྱང་། །དེ་བཞིན་ཉིད་ལས་གཞན་དུ་མི་དམིགས་ལ། །ཡེ་ནས་མ་བྱས་རང་བཞིན་རྣམ་དག་པས། །གློ་བུར་མི་སྦྱོར་ངོ་བོའི་ཤེས་པ་གྲོལ། །བྱ་རྩོལ་མི་དགོས་རྒྱུ་རྐྱེན་ཀུན་ལས་འདས། །རང་བཞིན་གཞན་ཡིན་ཀུན་ཡིན་ངོས་བཟུང་མེད། །གང་ལྟར་བརྟགས་པ་དེ་ཡིན་གློ་བུར་ཙམ། །དཔྱད་ན་མི་གནས་བརྟག་ཕྱིར་ངོ་བོས་སྟོང་། །ཡིན་མིན་བློ་ཡིན་བློ་བྲལ་ཆོས་སྐུ་ཡིན། །བྲལ་བ་གཞན་མིན་གང་ཤར་འཛིན་མེད་ཡིན། །གཅིག་གི་རང་བཞིན་ནམ་མཁའ་ལྟ་བུ་ལ། །ཐ་དད་བློ་ཡི་གྲུབ་མཐའ་མང་པོ་སྣང་། །ཀུན་འདུས་རྫོགས་ཆེན་བྱང་ཆུབ་སེམས་དེ་ནི། །ནམ་མཁའ་བཞིན་དུ་ཁྱབ་ཅིང་གོ་འབྱེད་པས། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེན་པོ་


LRD005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྣ་ཚོགས་ཆོས་ཀུན་མཉམ་རྫོགས་རོལ་པ་ལས། །བདེ་སྡུག་མཐོ་དམན་སྒྱུ་མ་ཆུ་ཟླའི་གཟུགས། །མེད་བཞིན་སྣང་བས་དོན་ལ་གོས་པ་མེད། །ལྷུན་རྫོགས་གཉིས་སུ་མེད་པའི་ངང་ཉིད་དོ། །ཇི་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པས། །རྒྱུ་འབྲས་གཉིས་མེད་སྒྲོ་སྐུར་བྲལ་བ་ལ། །དགེ་སྡིག་ལུང་ལ་ལྟོས་པའི་ཐེག་པ་ཅན། །ཡང་དག་དོན་དང་ནམ་ཡང་འཕྲད་མི་འགྱུར། །དམ་པའི་དོན་ལ་མ་སྐྱེས་གདོད་ནས་དག །སྣང་དུས་མི་དམིགས་གཟུང་འཛིན་སྤྲོས་པ་བྲལ། །དེ་ལས་གཞན་ཞིག་ནམ་ཡང་མི་དམིགས་པས། །རྒྱུ་འབྲས་འདས་པས་རྣལ་མ་མཐོང་བ་མེད། །ད་དུང་གལ་ཏེ་རྒྱུ་འབྲས་ལས་རྐྱེན་འདོད། །དེས་ཏེ་སྣང་འདིའི་རང་བཞིན་བརྟག་པར་གྱིས། །ཕྱི་རོལ་ཡུལ་ལྔའི་དང་པོའི་རྒྱུ་འབྲས་གང་། །སེམས་ཀྱི་རང་བཞིན་གང་ཞིག་གང་གིས་སྐྱེས། །དེ་ལྟར་དཔྱད་ན་མཁའ་བཞིན་དངོས་མེད་དེ། །རྒྱུ་འབྲས་འདས་ཕྱིར་གདོད་མའི་ཆོས་ཉིད་དང་། །མ་བྱས་མ་བྱུང་ལྷུན་གྱིས་གྲུབ་པར་ངེས། །དེ་ལས་རྩོལ་སྒྲུབ་ཞེན་པས་ཅི་བྱར་ཡོད། །ཆོས་ཀུན་ཡེ་ནས་སྟོང་ཞིང་བདག་མེད་ཀྱང་། །མ་རིག་འཛིན་པས་སྲིད་པ་འདིར་འཁྱམས་ཏེ། །དེ་ལས་བདེ་སྡུག་སྣ་ཚོགས་སྣང་ན་ཡང་། །རྨི་ལམ་ནང་བཞིན་དོན་ལ་གྲུབ་པ་མེད། །མ་བྱས་རང་བཞིན་དག་པའི་སངས་རྒྱས་ཏེ། །ཡེ་སྟོང་གཞི་རྩ་བྲལ་བར་ཤེས་པར་བྱ། །གང་རྣམས་བློ་ཡིས་བརྟགས་པ་ངོ་བོས་སྟོང་། །གཅིག་དང་ཐ་དད་གཉིས་མེད་ཆོས་རྣམས་ལ། །མི་མཁས་བདེན་པར་ཞེན་པས་རང་ཉིད་འཆིང་། །སྣ་ཚོགས་གྲུབ་མཐའི་གཟེབ་ཀྱིས་གྲོལ་བ་མེད། །དྲང་ངེས་རྒྱུ་འབྲས་ལུང་གི་རྗེས་འབྲངས་ཏེ། །བློས་བརྟགས་ཆོས་ཀྱི་འཁོར་བ་རྒྱུན་མི་འཆད། །འདི་ལྟར་རྒྱུ་ཡི་ཐེག་པ་གསུམ་དག་ནི། །སྤང་འགེགས་


LRD005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོས་སེམས་ཉིད་སྦྱོང་བ་སྟེ། །རང་བྱུང་ཡེ་ཤེས་སོ་མ་བཅོས་བསླད་མེད། །གྲངས་མེད་གསུམ་སོགས་གྲོལ་བ་རྙེད་མི་འགྱུར། །འབྲས་བུ་འདོད་པའི་ཐེག་པ་གཉིས་དག་ལས། །གསང་སྔགས་ཕྱི་པ་གསུམ་ལས་ཀྲི་ཡ་ནི། །ཐམས་ཅད་དབྱིངས་གཅིག་དག་པའི་ཆོས་ཉིད་ལ། །རྗེ་ཁོལ་ཚུལ་གྱིས་གཉིས་འཛིན་བླང་དོར་བྱེད། །རེ་དོགས་གཟེབ་ལས་ནམ་་ཡང་ཐར་བ་མེད། །གཅིག་དངགཉིས་སུ་བཟུང་བས་བསླད་པ་ཡིན། །ཨུ་པས་རང་བཞིན་དག་པའི་ཆོས་ཉིད་ལ། །སྤུན་དང་གྲོགས་བཞིན་གཉིས་་འཛིན་འཁྲུལ་པས་བསླད། །ངོ་བོ་གཅིག་ལ་བླང་དོར་གཉིས་ཕྱེ་བས། །དོན་གྱི་སྙིང་པོ་ནམ་ཡང་མཐོང་མི་ནུས། །ཡོ་གས་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །དེ་བཞིན་ཉིད་ལ་བཅོས་བསླད་མེད་པར་ཟད། །ཡེ་ནས་མ་སྐྱེས་ཕྱི་ནས་གྲུབ་པ་མེད། །སེམས་ཉིད་དོན་གྱི་སྙིང་པོ་མཐོང་བ་མེད། །ཀུན་ཀྱང་བཅུ་དྲུག་བདུན་དང་གསུམ་གྱི་ཚེར། །གཉུག་མའི་རང་བཞིན་གྲོལ་བའི་ས་ལ་སྒྲིབ། །ནང་པ་གསུམ་ལས་མ་ཧཱས་དག་པའི་སེམས། །བསྙེན་སྒྲུབ་བཞི་དང་འཕྲོ་འདུས་བཅོས་བསླད་བྱེད། །ཡེ་ནས་ཡིན་ན་བཅོས་བསྒྱུར་མི་དགོས་ལ། །མིན་ན་ཕན་མེད་ནམ་མཁའི་མདུད་པ་བཞིན། །བླང་དོར་མེད་པའི་ངོ་བོ་མཐོང་བ་མེད། །ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་མེད་དང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་བཅོས་བསྒྱུར་མེད། །ནམ་མཁའི་རང་བཞིན་གཉིས་མེད་དག་པ་ལ། །བདེ་དང་སྟོང་པས་ནམ་ཡང་ཅི་བྱར་ཡོད། །ཨ་ཏི་བསྐྱེད་རྫོགས་གཉིས་མེད་བྱང་ཆུབ་སེམས། །མཐའ་བྲལ་ངང་དུ་སྙིང་པོའི་སེམས་ཉིད་འཆིང་། །ནམ་མཁའི་ཞགས་པས་་སེམས་ཉིད་འཆིང་བར་ཟད། །སྟོང་པའི་ཕྱོགས་ཙམ་གདིང་དུ་སུ་འཆའ་བ། །


LRD005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་སྣང་བའི་དེ་ཉིད་ཤེས་མིན་གྱི། །ཆོས་ཀུན་མཉམ་རྫོགས་གཅིག་གི་དོན་མི་ཤེས། །ཆད་པའི་ཆ་དང་མཐུན་པའི་རྣལ་འབྱོར་ལ། །སེམས་ཤེས་སུ་ཞིག་རབ་ཏུ་བསྟེན་པར་བགྱི། །དེ་ལྟར་དེ་དག་རྩོལ་སྒྲུབ་སྤང་ལེན་་དང་། །དམིགས་མེད་ངང་དུ་རང་སེམས་དྲི་མེད་འཆིང་། །སྙིང་པོའི་དེ་ཉིད་རྟོགས་པའི་མཐུ་མེད་ཅིང་། །སྐལ་ངན་ཆོས་ངན་གྲུབ་པའི་མཐའ་ངན་པས། །སྤང་ཐོབ་མེད་པའི་དེ་ཉིད་མཐོང་བ་མེད། །ལམ་ལ་བགྲོད་ཅིང་་ས་ལ་སྦྱོང་བར་བྱེད། །བརྩོན་པའི་ནད་ཀྱིས་གདུང་བའི་དམ་ཚིག་དང་། །སྡོམ་པས་མི་དག་སྲིད་པར་འཆིང་བའི་རྒྱུ། །རང་བྱུང་ཡེ་ཤེས་དགོངས་པར་ཕྱིན་པ་མེད། །བྱང་ཆུབ་ཉིད་ཀྱང་ནམ་མཁའི་རང་བཞིན་ལ། །བྱང་ཆུབ་་སེམས་ཀྱང་ནམ་མཁའི་ངོ་བོ་ཉིད། །བྱང་ཆུབ་ལམ་ལ་སུ་ཞིག་བགྲོད་དུ་་ཡོད། །ནམ་མཁའི་དབྱིངས་སུ་བགྲོད་པའི་སེམས་ཞོག་ལ། །སྤང་བླང་བྱ་བཙལ་མེད་པའི་དོན་མཐོང་མཛོད། །ཆོས་ཀུན་མ་སྐྱེས་སྒྲིབ་པ་མེད་པ་ལ། །བློ་ཡི་འཛིན་པས་གོལ་སྒྲིབ་གཉིས་སུ་འབྱུང་། །ངོ་བོ་མེད་ལ་བགྲོད་པས་གོལ་བ་སྟེ། །བལྟ་རུ་མེད་ལ་བལྟས་པས་སྒྲིབ་པ་འབྱུང་། །རྒྱུ་འབྲས་ཐེག་པ་རང་རང་གཞུང་བཞིན་དུ། །ཅི་ཙམ་འབད་ཅིང་རྩོལ་བ་དེ་སྲིད་པར། །གོལ་ཞིང་བསྒྲིབས་པས་རྣལ་མ་མཐོང་བ་མེད། །ཇི་ལྟར་བཟང་པོས་བཟང་པོ་བཙལ་བའི་ཚེ། །ཇི་ཙམ་བཙལ་བ་དེ་ཙམ་གོལ་ཞིང་སྒྲིབ། །མཐོང་བར་འདོད་ན་བཟང་པོ་མ་བཙལ་བར། །རང་ཉིད་བཟང་པོ་ཡིན་པར་ཐག་ཆོད་ལྟོས། །དེ་བཞིན་དག་པའི་སེམས་ཀྱིས་སེམས་བཙལ་ཡང་། །བཙལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་འཁྲུལ། །འདི་ནི་ཡེ་ནས་དག་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོས་མ་བཙལ་རང་གར་ཞོག །རང་བྱུང་གཅིག་ལ་ཐེག་པ་དགུར་


LRD005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས། །གོལ་སྒྲིབ་མི་འཆར་ཆུ་ཡི་གཉེར་མ་འདྲ། །བལྟས་པས་མི་མཐོང་བཙལ་བས་རྙེད་པ་མེད། །ཡེ་ནས་གྲུབ་བསལ་མེད་པར་རང་བཞིན་ཞོག །ཡེ་ཤེས་མི་ཤེས་ཟབ་ཞི་ཕྲ་བ་མེད། །གཉིས་མེད་འབྲེལ་མེད་སྒྲོ་སྐུར་མཐའ་ལས་འདས། །ཇི་བཞིན་རང་བཞིན་ཡེ་བཞིན་ལྷུན་གྲུབ་པས། །གང་ཡིན་དེ་ཉིད་ཀུན་ཡིན་ཆེན་པོར་ཞོག །ལྷུན་གྱིས་གྲུབ་ལ་རྩོལ་ཞིང་འབད་མི་དགོས། །མེད་པ་བལྟས་པས་མཐོང་བ་འགའ་ཡོད་དམ། །དེ་བས་ཆོས་ཀུན་མ་སྐྱེས་ཆོས་ཉིད་དང་། །རྒྱུ་འབྲས་འདས་པའི་དེ་ཉིད་གསལ་བ་ལྟོས། །འདིར་ནི་བླ་མའི་མན་ངག་སྙིང་པོའི་དོན། །ཆོས་ཉིད་དོན་གྱི་ནམ་མཁའ་མཐའ་དབུས་མེད། །རྒྱུ་འབྲས་བསྐྱེད་རྫོགས་ལམ་ལ་མི་ལྟོས་པར། །སེམས་ཉིད་རྒྱལ་པོ་ལྷུན་གྲུབ་ཡོན་ཏན་རྫོགས། །ཆགས་མེད་རེ་བ་འཇོག་པའི་ཏིང་འཛིན་གྱི། །སྙིང་པོའི་སེམས་ཉིད་མི་མཐོང་བསམ་ཡུལ་འདས། །སྣ་ཚོགས་སྤྲོས་པ་འཕེལ་བའི་རྟོག་དཔྱོད་ཀྱིས། །གདོད་མའི་གནས་ལུགས་མི་མཐོང་བློ་ལས་འདས། །སྣ་ཚོགས་ཐབས་ཚུལ་རྒྱ་མཚོའི་རིན་ཆེན་གྱིས། །ཇི་བཞིན་ཉིད་ནི་ཡེ་བཞིན་མཐོང་བ་མེད། །ཅོག་གཞག་རེ་དོགས་བྲལ་ན་དེ་རིང་ཉིད། །གང་ན་འདུག་པར་མཐོང་སྟེ་ལྟ་བ་མེད། །འདི་ལས་གཞན་དུ་བཅོས་པས་བཟང་པོར་རློམ། །ཐེ་ཚོམ་ཡིད་གཉིས་ཟ་བས་རང་ཉིད་སྒྲིབ། སྣ་ཚོགས་ཆོས་ཀྱི་རྣམ་གྲངས་དོན་གཅིག་པར། །སྙིང་པོའི་སེམས་ཉིད་མ་བཅོས་རྣལ་མ་སྟེ། །སྐུ་གསུམ་ཞིང་ཡིན་་སྟོན་པ་འཁོར་གནས་སུ། །བསྟན་པ་ཕུན་ཚོགས་ལྔ་ཡི་རང་བཞིན་ཏེ། །དེ་ལྟར་ཤེས་པར་བཟོ་མེད་ལྷུག་པར་གནས། །སྔ་ཕྱི་དུས་གསུམ་འཁོར་འདས་རོལ་པའི་སེམས། །མ་ལུས་གཅིག་ཏུ་གནས་པའི་


LRD005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སྟེ། །སྙིང་པོ་ལྷུན་འབྱམས་བྱང་ཆུབ་དེ་བཞིན་ཉིད། །ཡེ་ནས་སངས་རྒྱས་ད་ལྟའི་ཆོས་ཉིད་དོ། །མ་བྱས་ཡེ་ནས་དག་པའི་དགོངས་ཤར་བ། །སྣ་ཚོགས་བརྡ་་ཡིས་མཚོན་ཏེ་བསྟན་དུ་མེད། །ཚིག་དང་ཡེ་གེས་དེ་ཉིད་གོ་བར་ཟད། །ཐེག་པའི་རྣམས་གྲངས་རྩེ་མོར་ཕྱིན་པའི་སེམས། །བྱང་ཆུབ་སེམས་འདུས་་དེ་ཉིད་རྟོགས་ཕྱིར་ཏེ། །ཐམས་ཅད་དབྱིངས་གཅིག་འབྲལ་བར་བཤད་པ་་ཡིན། །འདི་ནི་མ་ལུས་ངེས་གསང་སྙིང་པོ་སྟེ། །དེར་ནི་སེམས་ཀྱི་དེ་ཉིད་མཐོང་བ་ཡིན། །སྐལ་ངན་རྣམས་ཀྱིས་ནམ་ཡང་མི་རྟོགས་ཏེ། །དམུས་ལོང་མདུན་དུ་གཟུགས་བརྙན་བསྟན་པ་བཞིན། །བརྡ་དང་རྟེན་འབྲེལ་ཐབས་ཀྱིས་ག་ལ་གོ། སྐལ་བཟང་རྣམས་ལ་ཉི་ཟེར་པདྨོ་བཞིན། །བླ་མའི་དྲིན་གྱིས་རྟོགས་པ་ཁོང་ནས་འཆར་། །རང་གི་ངོ་བོ་དུས་གསུམ་མཉམ་ཉིད་ལ། །ཆོས་དང་ཆོས་ཉིད་མ་རྟོག་སོར་མར་ཞོག །ཡེ་ནས་བྱང་ཆུབ་རང་བཞིན་རྣམ་དག་པས། །གློ་བུར་ཞེན་པས་མ་འཆིངས་ཅི་དགར་རོལ། །ཆོས་དང་ཆོས་ཅན་ཆོས་ཉིད་མཉམ་པའི་ངང་། །གང་ཤར་རིག་པ་རང་བྱུང་རོལ་པའི་ཚེ། །རང་གྲོལ་ཡེ་བབ་བཅོས་བསླད་བྲལ་བར་ཤོག །སེམས་ཉིད་མ་བཅོས་ཆོས་སྐུའི་རོལ་པ་ལས། །ཡེངས་མེད་བསམ་གཏན་་འཛིན་པའི་བརྟོད་ཕུར་གྱིས། །གཅིག་ཏུ་མ་བསྡུ་རྟོགས་དང་མ་རྟོགས་མཉམ། །ལེགས་ཉེས་ཤོར་གོད་རྡུལ་ཙམ་མི་དམིགས་པས། །ལྟ་སྒོམ་་སྤྱོད་པའི་སྒྲོག་ཏུ་མ་འཆིངས་ཤིག །ཡེ་ནས་ཡིན་ལ་ཡེངས་དང་མ་ཡེངས་མེད། །གཅིག་ཏུ་སེམས་འཛིན་རེ་དོགས་འཁྲུལ་པའི་ཡིད། །དམིགས་མེད་རང་ལ་ཞེན་པར་འཆིང་བར་བྱེད། །སེམས་དང་སེམས་ཉིད་གཉིས་སུ་མི་དམིགས་ལ། །སྟོང་དང་མི་སྟོང་མཉམ་པའི་ངང་ཉིད་དུ། །


LRD005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གནས་གང་ཡིན་ཡེ་ནས་དེ་ལྟར་ཡིན། །དེ་ལ་དགག་སྒྲུབ་ཆགས་སྡང་མ་བྱེད་པར། །ཇི་ལྟར་སྣང་བ་དེ་ལྟར་ཡིན་དུ་ཆུག །མི་རྟོག་མཁའ་ལྟར་དག་པའི་ཆོས་སྐུ་ལ། །སྣང་སེམས་སྣ་ཚོགས་རོལ་པའི་གཟིགས་མོར་ཆེ། །མ་སྐྱེས་སྤྲོས་བྲལ་སྐྱེ་བའི་ཆོ་འཕྲུལ་ཅན། །རྟོག་དཔྱོད་དྲན་བསམ་ཚོལ་ཁྲོས་མ་བསླད་པར་། །གང་ཡིན་ངང་དེར་གང་ཤར་རོལ་དུ་ཆུག །ཐམས་ཅད་ཀུན་ཡིན་ཆོས་ཉིད་བརྡལ་བ་ལ། །སྤང་བླང་མ་བྱེད་དེ་བཞིན་ཉིད་དུ་ཞོག །ཇི་བཞིན་མི་གཡོ་དེ་བཞིན་མཉམ་པར་གནས། །ཡེ་བཞིན་མཐོ་དམན་མེད་ན་གདོད་མའི་གནས། །མི་རྟོག་མཐའ་དབུས་མེད་ཀྱི་དེ་བཞིན་ཞོག །རྩོལ་བྲལ་ཆོས་སྐུ་གཟུགས་མེད་བསྟན་དུ་མེད། ཆགས་བྲལ་ཞི་བ་དངོས་མེད་དེ་བཞིན་ཉིད། །བྱ་བྲལ་ནམ་མཁའི་སེམས་ཉིད་བསྒོམ་དུ་མེད། །རྟོགས་་དང་མ་རྟོགས་མཉམ་གྱིས་ཅི་བདེར་ཞོག །ལམ་མེད་ཞུགས་པ་རྣམས་ཀྱི་ནད་ཆེ་བ། །རྩོལ་བའི་དུག་གིས་སེམས་ལ་གདུང་བར་བྱེད། །ཇི་ལྟར་་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཏེ། །ཐར་པའི་ལམ་དུ་ནམ་ཡང་ཕྱིན་མི་ནུས། །རགས་པའི་སེམས་ལ་དཀར་ནག་གོམས་བྱེད་པ། །འདོད་ཁམས་ཉིད་དེ་མཐོ་རིས་ངན་སོང་འཛིན། །གསལ་བའི་སེམས་གང་དགེ་བས་རླན་བྱེད་པ། །གཟུགས་ཁམས་ཉིད་དེ་བསམ་གཏན་རིགས་བཞིར་འཕེན། །མི་རྟོགས་སེམས་གང་ཤིན་ཏུ་མི་གཡོ་བས། །གཟུགས་མེད་ཉིད་དེ་མཐའ་སོགས་རྣམ་བཞིར་འཁོར། །རྣལ་མའི་སེམས་ལ་བཅོས་བསླད་སུས་བྱེད་པའི། །གང་ལྟར་བཅོས་པ་དེ་ཡིས་མི་རྟོག་སྐྱེ། །སྲིད་པའི་གནས་ལས་ཐར་བའི་སྐབས་མེད་དོ། །དུས་གསུམ་གཅིག་སྟེ་གདོད་ནས་བྱང་ཆུབ་ཆེ། །མཁའ་


LRD005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསམ་བྲལ་རང་བཞིན་མཉམ་པའི་ངང་། །མིང་ཙམ་མི་དམིགས་མཚུངས་བྲལ་མཚན་མ་མེད། །ངོ་མཚར་རྨད་བྱུང་རོལ་པ་ཆེན་པོ་ནི། །གཞིར་རྫོགས་གླེང་བྲལ་བརྗོད་མེད་ལྷུན་གྱིས་གྲུབ། །མ་ཆགས་མི་གཡོ་རང་བཞིན་དག་པའི་ཞིང་། །མི་ནུབ་རྒྱལ་མཚན་ནམ་མཁའ་ཆེན་པོ་ནི། །སེམས་ཉིད་འོད་གསལ་ཀུན་གྱི་སྙིང་པོ་སྟེ། །སྒྲིམ་་དང་ལྷོད་མེད་ཚོགས་ཀྱི་རྒྱན་རྣམས་ཀྱང་། །གཉིས་མེད་ལྷུན་བཞག་ཇི་བཞིན་སྤྲོས་དང་བྲལ། །རྩོལ་བྲལ་སྣང་ཞིང་སྟོང་པའི་ཡུལ་སེམས་ལ། །འདི་ཞེས་མི་མཚོན་རང་བཞིན་ལྷུག་པར་ཞོག །ཇི་བཞིན་སྟོང་སྟེ་མ་བཅོས་ཆོས་སྐུའི་ངང་། །མི་རྟོག་མཉམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །རྒྱལ་པོ་དྲི་མེད་ཇི་བཞིན་སྤང་བླང་མེད། །གཉུག་མའི་སངས་རྒྱས་རྒྱུ་འབྲས་འདས་པའི་ངང་། །མ་སྐྱེས་ལྷུན་རྫོགས་ད་ལྟའི་སེམས་ཉིད་དེ། །གང་ཤར་བཅོས་བསླད་མེད་པ་ལྟ་བའི་དོན། །རང་བཞིན་རྫོགས་པ་ཆེན་པོའི་ངང་ཉིད་དོ། །ཆོས་ཉིད་མི་གཡོ་གཅིག་ལས་མ་འདས་ཀྱང་། །ཆོས་ཅན་མི་་འགགས་སྣ་ཚོགས་སོ་སོར་གསལ། །རབ་ཞི་མ་སྐྱེས་མཁའ་ལྟར་དག་པ་་སྟེ། །སྐྱེ་མེད་ཇི་བཞིན་ཡེ་ཤེས་སྒྲིབ་པ་མེད། །ཀུན་ཁྱབ་ཕྱོགས་བྲལ་མཆོག་གསང་རྫོགས་པ་ཆེ། །གཞི་རྩ་དངོས་པོ་མེད་པའི་རང་བཞིན་ལ། །བྱ་བྱེད་རྩོལ་སྒྲུབ་ཆོས་ཀྱིས་སྒྲུབ་མི་དགོས། །ཇི་བཞིན་ངང་ལ་དེ་བཞིན་ཤེས་པར་གྱིས། །གསང་བ་རྒྱ་མཚོ་ཤིན་ཏུ་སྒྲོག་པའི་གསུང་། །ལྷུན་རྫོགས་རིག་པ་གང་ཤར་རོལ་པ་ལ། །བླང་དོར་མི་དམིགས་ཡེ་གྲོལ་ཡངས་པ་ཆེ། །རང་གྲོལ་ཤེས་པ་རང་བབ་གདོད་མའི་ངང་། །རྟོགས་པའི་རི་རྒྱལ་རབ་ཏུ་མི་གཡོ་བས། །ལྷུན་འབྱམས་ཐིག་ལེ་ཆེན་པོའི་དབྱིངས་སུ་རོལ། །རྫོགས་པ་


LRD005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཉམ་ཉིད་རང་གྲོལ་ལས། །རབ་གཞི་རྟོགས་པས་གྲོལ་བའི་ལེའུ་སྟེ་དང་པའོ།། །།དེ་ལྟར་ལྟ་བ་བྱ་རྩོལ་ཆེན་པོའི་ངང་། །རང་བབ་ཤེས་པ་ཇི་བཞིན་ཀློད་པའི་ཚེ། །གང་ཤར་རང་གྲོལ་ངང་དྭངས་རྒྱ་མཚོ་འདྲ། །མ་བསྒོམས་ཡེངས་མེད་བསམ་རྫོགས་གཟུང་འཛིན་བྲལ། །རང་བྱུང་རིག་པ་བཅོས་བསླད་མེད་པ་ནི། །རང་བཞིན་གདོད་ནས་དག་པའི་སྒོམ་པ་ཡིན། །རྟོགས་དང་མ་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་སེམས་འཛིན་འཆིང་བས་མ་བསླད་པར། །འཕྲོ་གནས་གཉིས་མེད་གདོད་མའི་ངང་ལ་ཞོག །མི་སྤྲོ་མི་བསྡུ་མི་བསྒོམ་ཐ་མལ་ངང་། །གང་བབ་རིག་པ་མཉམ་རྫོགས་འདུས་མ་བྱས། །བསྒོམ་དང་མི་བསྒོམ་མེད་པར་ཐག་ཆོད་པས། །ཇི་བཞིན་ངང་ལ་ཡེ་བཞིན་ལྷུག་པར་ཞོག །བསྐྱེད་རྫོགས་ཏིང་འཛིན་བདེ་གསལ་མི་རྟོགས་སོགས། །ཇི་སྲིིད་བློས་བྱས་མི་རྟོག་ཡེ་ཤེས་ཀྱང་། །བག་ཆགས་ཉིད་དེ་སྲིད་པའི་རྒྱུ་འབྲས་ཙམ། །མཚན་བཅས་མཚན་འཛིན་རབ་ཞི་མཁའ་འདྲ་བས། །གོང་མའི་སྐྱེ་གནས་བརྒྱུད་ཅིང་འཁོར་བ་གྲུབ། །གང་ལ་ལས་དང་བག་ཆགས་གཉིས་མེད་ཅིང་། །ཏིང་འཛིན་མི་བསྒོམ་རྟོག་དཔྱོད་བློ་ལས་འདས། །དེ་ལས་སྲིད་མེད་སྲིད་པའི་སྡུག་བསྔལ་མེད། །སྐྱེ་མེད་རྡུལ་བྲལ་མཚན་མེད་སྨོན་པ་བྲལ། །མ་བཙལ་རང་བཞག་སྒོམ་པའི་རྒྱལ་པོ་ནི། །ཇི་བཞིན་ངང་ལས་ཅུང་ཟད་གཡོས་པ་མེད། །གཞི་ཉིད་ལྟ་བས་རྟོགས་པའི་དོན་བཞིན་དུ། །གང་ལྟར་བཤད་ཀྱང་སྤང་བླང་མེད་པའི་སེམས། །རང་བཞག་ལྟོས་བྲལ་ཡེ་བབ་རིག་པ་ནི། །འཛིན་མེད་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན། །དབྱིངས་གཅིག་གདོད་མའི་ས་ལ་ད་ལྟ་ཕྱིན། །ཕྱི་ནས་འབྲས་བུ་སྐུ་གསུམ་སྒྲུབ་ཏུ་མེད། །སངས་རྒྱས་


LRD005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཅེས་པའི་རང་བཞིན་ཏེ། །མངོན་དུ་གྱུར་པར་རེ་དོགས་གཉིས་དང་བྲལ། །རང་བྱུང་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ས། །མ་བཅོས་རྣལ་བཞག་ཆེན་པོར་ལྷུན་གྱིས་གྲུབ། །རྙིང་པོའི་སེམས་ཉིད་རེས་འཇོག་མེད་པའི་ལམ། །མ་བསྒོམས་ཆུ་བོའི་རྒྱུན་བཞིན་གནས་པ་ལ། །གོལ་སྒྲིབ་གཉིས་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །གྲུབ་དང་མ་གྲུབ་མེད་པས་བློ་བདེ་རྙེད། །ཡིན་དང་མ་ཡིན་མེད་པར་ཕྱམ་གཅིག་པས། །ཐམས་ཅད་གཞི་རྫོགས་ཀུན་ཏུ་བཟང་པོ་ཡིན། ཁ་དོག་ངོས་བཟུང་མེད་པའི་རིག་པ་འདི། །གྲུབ་དང་མ་གྲུབ་མེད་པར་ཐག་ཆོད་པས། །ཇི་བཞིན་མ་བཅོས་ཐ་མལ་ལྷུག་པར་ཞོག །སྣ་ཚོགས་འཕྲོ་འདུ་རང་བྱུང་ཡེ་ཤེས་མདངས། །ཆུ་དང་རླབས་བཞིན་བཟང་ངན་མི་དམིགས་པས། །ཀུན་ཀྱང་རང་བྱུང་བྱ་རྩོལ་མེད་པ་ཡིན། །རང་གྲོལ་གདོད་ནས་དག་པའི་ལྟ་བ་ལ། །མ་སྤངས་སོར་བཞག་ཀུན་རྫོགས་གཅིག་གི་ངང་། །སྒྲིམ་ཀློད་གཉིས་མེད་རང་བྱུང་ཡེ་ཤེས་ཆེ། །རྩོལ་བྲལ་ངང་དུ་དྲན་བསམ་ལས་འདས་པ། །འོད་གསལ་སེམས་ཉིད་དག་པའི་སྒོམ་པ་ཡིན། །སྣང་སྲིད་ཆོས་རྣམས་མ་སྐྱེས་སྟོང་པའི་ངང་། །སྒོམ་གསུམ་ལྷུག་པ་དེ་བཞིན་ཉིད་དུ་ཞོག །ཀུན་རྫོབ་སྙིང་པོ་རྣམ་གཞག་རིག་པའི་ངང་། །ཕྱི་ནང་གཟུང་འཛིན་གཉིས་་སུ་མེད་པ་ཡིན། །གང་སྣང་དོན་ལ་དེར་འཛིན་མ་བྱེད་པར། །རང་ཤར་རིག་པའི་རང་གྲོལ་དོན་ལ་བསྐྱང། །དགོངས་པ་མི་གཡོ་ཐུན་མཚམས་གཅིག་གི་ངང་། །དུས་གསུམ་དུས་མེད་མཉམ་པར་ལྷུན་གྱིས་གྲུབ། །ཡུལ་སེམས་ཇི་ལྟར་སྣང་ཡང་ཆོས་ཉིད་ངང་། །གཞི་གཞག་སྒོམ་པའི་མཆོག་ཡིན་དྲན་བསམ་འདས། །མཁའ་མཉམ་མཉམ་བཞག་གཅིག་ཏུ་ལྷུན་རྫོགས་པས། །ཐམས་ཅད་མ་སྐྱེས་བདེ་ཆེན་རོལ་པར་ཤར། །


LRD005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་བསྒོམ་དུ་མེད་པའི་སྙིང་པོ་ནི། །ཐ་མལ་ཤེས་པ་བཟོ་མེད་ཟང་ཁ་མ། །འཕྲོ་ན་རང་གྲོལ་གནས་ན་མཉམ་པ་ཉིད། །ཉོན་མོངས་དེ་ཉིད་སྟོང་གསལ་ཡེ་ཤེས་ལྔ། །སྤང་གཉེན་སྦྱོང་བསྒྱུར་མི་དགོས་གདོད་མའི་ངང་། །མཁའ་མཉམ་སྐྱེ་མེད་ཆོས་སྐུའི་རོལ་པ་འོ། །སྙིང་པོ་མཚན་མ་མེད་པའི་ཡེ་ཤེས་ལ། །རང་བྱུང་བསྒོམ་དུ་མེད་ཀྱི་གང་བདེར་ཐོངས། །མ་བསམ་རེ་་དོགས་བྲལ་བའི་ཤེས་པ་ལ། །འཆིང་གྲོལ་གདོད་ནས་མི་དམིགས་གཞི་རྩ་མེད། །གང་གིས་འཆིང་བ་དེ་ཉིད་གྲོལ་བ་སྟེ། །ཉོན་མོངས་གཉེན་པོ་གཉིས་མེད་དེ་བཞིན་ཉིད། །ཇི་བཞིན་ཡུལ་ལ་སྐྱོན་ཡོན་གཉིས་མེད་པ། །ཀུན་བྱེད་རིག་པ་རང་ཡན་ཆེན་པོར་ཞོག །མ་བཅོས་རྣལ་བཞག་ཕྱོགས་རིས་མེད་པའི་ངང་། །སྟོང་པ་མཚན་མ་མེད་ཅེས་མི་དམིགས་པས། །དབྱིངས་གཅིག་དེ་བཞིན་ཉིད་དུ་སེམས་ལ་ཞོག །འདི་ལྟར་གཅིག་ཏུ་ངེས་པའི་དོན་ལ་ཉོན། །འཇིག་རྟེན་བྱ་བའི་ལས་དང་ཆོས་རྣམས་ཀུན། །བྱས་པས་མི་ཟིན་རང་བཞིན་བཞག་ན་ཟིན། །དེ་བས་རྩོལ་སྒྲུབ་ཆོས་ཀྱིས་་དགོས་པ་མེད། །ཇི་ལྟར་དཔྱད་པ་དེ་ལྟར་འཆིང་བའི་རྒྱུ། །གྲུབ་དང་མ་གྲུབ་རེ་དོགས་གཟེབ་ཡིིན་པས། །རང་བབ་སོར་བཞག་ཇི་བཞིན་ཉིད་དུ་ཞོག །འདས་པའི་ཆོས་རྣམས་འགག་པས་བསྒོམ་དུ་མེད། །མ་འོངས་མ་སྐྱེས་སྒོམ་པའི་ཡུལ་ན་མེད། །ད་ལྟའི་སེམས་ལ་བསྒོམ་དང་སྒོམ་བྱེད་མེད། །དུས་གསུམ་མཉམ་ཉིད་སྒོམ་ཡུལ་ཀུན་ལས་འདས། །དེ་བས་སྒོམ་པའི་སེམས་འཛིན་མ་བྱེད་པར། །རང་བབ་ཤེས་པ་གང་བབ་ངང་དེར་ཞོག །བསམ་གྱིས་མི་ཁྱབ་བདེ་ཆེན་ངེས་པའི་ལུང་། །གང་ལ་དེ་གནས་མཉམ་རྫོགས་ཆེན་པོ་ཉིད། །ཐབས་དང་ཤེས་


LRD005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གཉིས་མེད་སྙིང་པོའི་དོན། །སྐྱེ་མེད་ཕྱོགས་བྲལ་འཕེལ་འགྲིབ་ཀུན་ལས་འདས། །འདུ་ཤེས་མི་འགོག་་ཡུལ་རྣམས་དེ་བཞིན་ཉིད། །འཛིན་བྱེད་མི་དམིགས་སྤང་གཉེན་རང་སར་གྲོལ། །མ་བསྒོམས་ལྷུག་པ་མཉམ་རྫོགས་ཆེན་པོ་ལ། །ཡངས་དོག་མཐོ་དམན་རྒྱ་ཆད་ཕྱོགས་ལྷུང་མེད། །མ་སྤངས་རེ་དོགས་ཆད་པའི་ངང་ཉིད་དུ། །མི་བསམ་འདུ་འཕྲོ་ཞིག་པའི་བྱང་ཆུབ་སེམས། །ཀུན་གསལ་རང་བཞིན་དག་པའི་ངང་དུ་ཞོག །སྣ་ཚོགས་སྣང་གྲགས་ཆོས་རྣམས་སེམས་ཀྱི་ངང་། །སེམས་ཉིད་མི་གཡོ་རང་བཞིན་གདོད་མའི་ངང་། །ཆོས་དང་ཆོས་ཉིད་མེད་པར་ལ་བཟླས་པས། །འཁོར་འདས་མི་དམིགས་མཉམ་རྫོགས་ངང་ཉིད་དུ། །དྲན་པས་ཚོལ་ཁྲོ་མེད་པར་མཉམ་པར་ཞོག །གཅིག་ཏུ་མ་བསྡུས་གཉིས་སུ་མ་འཛིན་པར། །ལྷུན་གྲུབ་རེ་དོགས་བྲལ་བའི་ནམ་མཁའ་ལ། །ཡེངས་མེད་སྤྲོས་དང་བྲལ་བའི་ཤེས་པ་ཉིད། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཚུལ་གྱིས་ཞོག །རྒྱ་བསྐྱེད་དཔང་བསྟོད་མཐའ་་དབུས་བརྡལ་བར་བསྐྱེད། །མ་བཟུང་མ་བཏང་རང་གསལ་གཅིག་ཏུ་ལྟོས། །ཕྱམ་མེ་ཁྱབ་བརྡལ་དབྱིངས་གཅིག་གདོད་མའི་ངང་། །བསམ་རྫོགས་ཡེ་ཤེས་འོད་གསལ་ཁོང་ནས་འཆར། །གཉིས་མེད་དོན་ལ་འཇུག་པ་ཀུན་འདོད་ཀྱང་། །བློས་བཟུང་ཆོས་ལས་འགྲོ་ཀུན་མ་འདས་པས། །ཐེག་པའི་མཐོ་དམན་དོན་གཅིག་སྙིང་པོ་མེད། །ངེས་དོན་བརྗོད་བྲལ་མ་སྐྱེས་རྣམ་པར་དག །སེམས་ཉིད་མི་གཡོ་སངས་རྒྱས་རང་བཞིན་ལ། །བཅོས་བསྒྱུར་འབད་པའི་ཕྱི་ནས་དག་པར་འདོད། །འཁོར་བ་སྤངས་ནས་མྱ་ངན་་འདས་འཚོལ་ལ། །རྨོངས་པ་དེ་ཡིས་སྙིང་པོའི་དོན་མི་མཐོང་། །སྒོམ་པའི་རྗེས་ལ་སྒོམ་མེད་རྫོགས་པའི་ཆོས། །མཁའ་ལྟར་དྲི་མེད་སྐྱེ་བ་གང་འདོད་པ། །


LRD005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལྟ་བའི་དེ་ཉིད་མཐོང་བ་མེད། །ཕྱི་ནས་དག་པའི་སྒོམ་མེད་ཅི་འདྲ་སྐྱེ། །འདི་ནི་རྟོགས་མཐོང་གོམས་པས་ཡོན་ཏན་འཆར། །འོན་ཀྱང་རྟོགས་པ་བཟང་ངན་འཕོ་འགྱུར་མེད། །དེ་ལྟར་ཤེས་ན་སྐྱེས་བུ་མཁས་པ་ཡིན། །རྨོང་པས་མི་གོ་རྒྱུ་འབྲས་ཚད་མར་འཛིན། །རྒྱུ་རྐྱེན་དངོས་པོའི་རྟེན་འབྲེལ་ཆོས་དཔགས་ནས། །སེམས་ཉིད་དངོས་མེད་དོན་ལ་རྩོལ་སྒྲུབ་བྱེད། །དེ་ནི་ས་བོན་མྱུ་གུ་བསྐྱེད་མཐོང་ནས། །ནམ་མཁའ་་སྦྱངས་པས་རྒྱུ་འབྲས་འདོད་པར་ཟད། །ཧ་ཅང་མ་འབྲེལ་ཕན་ཚུན་འགལ་བ་ཅན། །དངོས་མེད་སེམས་ལ་བཅོས་པས་ཅི་བྱར་ཡོད། །ནམ་མཁར་སྐྱེད་ཚལ་མྱུ་གུ་སྐྱེ་བ་བཞིན་། །དངོས་མེད་དེ་བཞིན་ཉིད་ལ་བཅོས་མ་བྱེད། །འདི་ལྟར་ཆོས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ས་སོགས་དངོས་པོར་སྣང་བའི་ཆོས་རྣམས་ལ། །རྒྱུས་བསྐྱེད་རྐྱེན་གྱིས་བསྒྱུར་བས་སྣ་ཚོགས་བྱེད། །མཁའ་དང་དེ་བཞིན་ཉིད་ཆོས་དག་པ་ལ། །འབད་ཅིང་རྩོལ་བས་མི་འགྲུབ་་འཕོ་འགྱུར་མེད། །དེ་བཞིན་སེམས་ལ་བག་ཆགས་འཁྲུལ་པ་གང་། །ཇི་ལྟར་འབད་རྩོལ་འཁོར་བ་རྒྱུན་མི་འཆད། །སེམས་ཉིད་མི་གཡོ་སྔ་ཕྱི་འཕོ་་འགྱུར་མེད། །དེ་བས་སེམས་ཉིད་དག་པའི་སངས་རྒྱས་ལ། །བཅོས་བསྒྱུར་མ་བྱེད་དེ་བཞིན་ཉིད་དུ་ཞོག །ནམ་མཁའ་བཅོས་པའི་ངལ་བ་མ་བྱེད་ཀྱེ། །གྲུབ་དང་མ་གྲུབ་རང་བཞིན་མེད་པས་ན། །རྟོགས་དང་མ་རྟོགས་གཉིས་སུ་མི་འཛིན་པར། །རང་བྱུང་ཆོས་ལ་གང་བྱུང་དེ་བཞིན་ཞོག །མ་བཅོས་ཇི་བཞིན་བཞག་ན་གདོད་མའི་ངང་། །སྙིང་པོའི་འོད་གསལ་རྒྱུན་ཆད་མེད་པས་ན། །གང་བབ་ངང་ལ་རང་བབ་ཆེན་པོར་ཞོག །ངང་དྭངས་འོད་གསལ་ཉི་ཟླ་ལྟ་བུའི་སེམས། །དགའ་བདེ་ཕན་ཡོན་བཅས་པ་སྐྱེ་བར་འགྱུར། །འདི་ལ་མཆོག་དང་དམན་པའི་ཆོས་མེད་པས། །


LRD005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བྲལ་མ་རྩོལ་བདེ་བས་ལུས་སེམས་ཁྱབ། །ཀུན་གྲོལ་གདོད་ནས་་ཇི་བཞིན་དམིགས་སུ་མེད། །མ་བྱས་རང་བཞིན་དག་པའི་རྒྱལ་པོ་ནི། །ཕྱོགས་བྲལ་ཡེ་ཤེས་སྣང་བ་འཆར་བར་བྱེད། །ཀུན་འདུས་རང་བཞག་མི་་འགྱུར་སྙིང་པོའི་དོན། །ཇི་བཞིན་མི་འཆོས་སྒོམ་པའི་ངང་ལ་ཞོག །ཇི་ལྟར་བྱས་ཀྱང་སྒོམ་པར་ཤར་བ་ན། །མ་བསྒོམས་གང་ཤར་བཞག་ཀྱང་ཡེངས་བ་མེད། །མཐར་ཕྱིན་ལྷུན་གྲུབ་ཆེན་པོའི་སྒོམ་པ་ཡིན། །ལྟ་སྒོམ་བོགས་འབྱིན་སྤྱོད་པའི་རིམ་པ་ཡང་། །སྒྱུ་མ་སྤྲུལ་པ་གཉིས་མེད་ཆུ་ཟླའི་ངང་། །སྤྱོད་ལམ་དུས་དྲུག་ཀུན་ཏུ་བཟང་པོར་སྤྱོད། །གང་ལ་བཟང་ངན་ཡོད་ན་སྤྱོད་པ་མིན། །བླང་དོར་རེ་དོགས་བྲལ་བར་ཤེས་པར་བྱ། །འདོད་པའི་ཡུལ་རྣམས་གང་དང་གང་ལ་ཡང་། །ཆགས་ཞེན་དགག་སྒྲུབ་ཡོད་ན་སྤྱོད་པ་མིན། །ཇི་ལྟར་སྒྱུ་མས་སྒྱུ་མའི་ཡུལ་རྣམས་ལ། །གང་ལྟར་སྤྱོད་ཀྱང་ཞེན་འཛིན་མེད་པར་ལྟར། །རྣལ་འབྱོར་སྤྱོད་པ་མ་ཆགས་རོལ་པར་སྤྱོད། །ཆོས་སོ་ཅོག་ལ་ངོས་བཟུང་འགའ་མེད་དེ། །མེད་བཞིན་སྣང་ལ་དོན་དུ་མ་འཛིན་པར། །གཉིས་མེད་རང་གྲོལ་རྫོགས་པ་ཆེན་པོའི་ངང་། །ཇི་བཞིན་ཉིད་དུ་དེ་བཞིན་སྤྱད་པར་བྱ། །འདི་ཞེས་གཉིས་་སུ་སྤྱོད་པའི་སེམས་ཡོད་པར། །གཉུག་མའི་རང་བཞིན་མི་མཐོང་འཁྲུལ་པའི་བློ། །མཐའ་བྲལ་སྤྱོད་ཀྱང་དེ་ཡི་མཐར་ལྷུང་ཞིང་། །སྒྱུ་མར་འདོད་པ་གང་གི་གཟེབ་ཏུ་འཆིང་། །རང་སེམས་ཡེ་གྲོལ་ཆོས་ཉིད་ཆེན་པོ་ལ། །སྤྱོད་དང་མི་སྤྱོད་བླང་དོར་གཉིས་མེད་ཀྱི། རྩོལ་བའི་ནད་ཀྱིས་གདུང་བར་མ་བྱེད་པར། །ཇི་བཞིན་གཉིས་མེད་དེ་བཞིན་ཉིད་དུ་ཞོག །ཐམས་ཅད་་དབྱིངས་གཅིག་མཉམ་པའི་ངོ་བོ་སྟེ། །གདོད་མའི་ཡེ་ཤེས་སེམས་ཉིད་རྫོགས་པ་ཆེ། །རང་བྱུང་དོན་གྱི་སྙིང་པོ་གང་


LRD005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་སྤྱོད། །ལྷུན་རྫོགས་་ཡིན་གྱི་རྩོལ་སྒྲུབ་མ་བྱེད་ཅིག །གནས་ལུགས་ཡིན་གྱི་བཅོས་བསྒྱུར་མ་བྱེད་ཅིག །ཡེ་ནས་ཡིན་གྱི་ད་གཟོད་མ་སྒྲུབས་ཤིག །གྲུབ་བསལ་མེད་ཀྱི་སྦྱང་བསྒྱུར་མ་བྱེད་ཅིག །ཕྱོགས་རིས་མེད་ཀྱི་འདི་ཞེས་མ་འཛིན་ཅིག །འཁོར་འདས་མེད་ཀྱི་རེ་དོགས་མ་བྱེད་ཅིག །བཟང་ངན་མེད་ཀྱི་བླང་དོར་མ་བྱེད་ཅིག །ཇི་ལྟར་སྒོམ་དང་སྤྱོད་པར་བྱས་ན་ཡང་། །རང་གི་སེམས་ལས་གཞན་དུ་གཡོས་པ་མེད། །དེ་ལ་སྤང་བླང་མཆོད་བཤགས་ཅི་བྱར་ཡོད། །འཆིང་བའི་བསམ་གཏན་སེམས་ཀྱི་ནད་དུ་ཆེ། །དག་པའི་སེམས་ལ་འཛིན་པས་མ་བསླད་པར། །གང་ཤར་རྒྱལ་པོ་ཇི་བཞིན་རོལ་དུ་ཆུག །བཟང་ངན་བླང་དོར་མེད་ན་སྤྱོད་པ་ཡིན། །གང་ལ་འདི་ཞེས་རྡུལ་ཙམ་ཞེན་འཛིན་ཡོད། །དེ་ལ་དེ་ཉིད་གོལ་སྒྲིབ་ཆེན་པོར་བཤད། །ཚད་མེད་ནམ་མཁའི་དབྱིངས་ལ་མ་འཛིན་པར། །དག་པའི་སེམས་ཉིད་ནམ་མཁས་མཚོན་ཏེ་བྱོན། །སྣང་ཡུལ་ཐབས་ལ་བློ་ནི་ཤེས་རབ་དང་། །གཟུང་འཛིན་མི་དམིགས་རྒྱ་ཡན་ཆེན་པོར་སྤྱོད། །བསོད་ནམས་ཡེ་ཤེས་བསྐྱེད་རྫོགས་རྣམས་པར་དག །རོལ་པ་འགག་མེད་སྒྱུ་མར་ལྷུན་གྱིས་གྲུབ། །སྣང་སེམས་ངོ་བོ་མ་སྐྱེས་ཆོས་སྐུ་ལ། །རང་བཞིན་མི་འགགས་གསལ་སྟོང་ལོངས་སྤྱོད་རྫོགས། །སྣ་ཚོགས་ཤར་གྲོལ་སྤྲུལ་སྐུར་ཕྱམ་གཅིག་པར། །ཐམས་ཅད་སྐུ་གསུམ་ཡེ་ཤེས་ཆེན་པོར་སྤྱད། །སྣང་ཞིང་མི་རྟོག་རོལ་པར་ཤར་བའི་ཚེ། །རྒྱུ་འབྲས་ཐེག་པའི་ཡོན་ཏན་མ་ལུས་རྫོགས། །དེ་ཡང་་སེམས་ཉིད་བསམ་གཏན་རིན་ཆེན་མཛོད། །སྲིད་དང་ཞི་བ་མཉམ་ཉིད་རྫོགས་པ་ཆེ། །གདོད་ནས་དག་པའི་ངོ་བོ་མཐོང་བའི་ཚེ། །རབ་ཏུ་དགའ་བའི་


LRD005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཞེས་བཏགས་པ་སྟེ། །གཉིས་འཛིན་དྲི་མེད་དྲི་མ་མེད་པའི་་ས། །རྟོགས་པའི་འོད་བྱེད་འོད་འཕྲོ་ཅན་དང་ནི། །ཀུན་གྱི་ཡུལ་མིན་་སྤྱད་དཀའ་མངོན་དུ་གྱུར། །སྲིད་ལས་རིང་སོང་ཆོས་ཉིད་མི་གཡོ་བ། །ཀུན་གྱི་རབ་མཆོག་ལེགས་པའི་བློ་གྲོས་ཅན། །ཡེ་ཤེས་ཉི་མ་དྲི་མེད་ཆོས་ཀྱི་སྤྲིན། །ཆ་ཡི་དབྱེ་བས་དེ་ལྟར་བཅུ་དང་ནི། །གཉིས་མེད་དོན་མཐོང་ཚོགས་ལམ་སྤྱོད་པས་སྦྱོར། །རྟོགས་པ་རབ་མཐོང་དོན་གོམས་སྒོམ་པའི་ལམ། །གཏན་སྲིད་ཟིན་པས་མི་སློབ་འབྲས་བུར་བརྗོད། །སྒོ་གསུམ་ཡེ་ཤེས་ཆེན་པོར་གཞིར་དག་པས། །བུམ་གསང་ཤེས་རབ་ཚིག་དབང་རྣམ་པ་བཞི། །ཡུལ་སེམས་སྣང་སྟོང་བསྐྱེད་རྫོགས་ཟུང་འབྲེལ་སོགས། །ཇི་སྙེད་དབྱེ་བ་དེ་སྙེད་ཡོན་ཏན་ལྡན། །མ་བཙལ་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེ། །བྱས་ཆོས་བསམ་ལས་འདས་ན་མཐོང་བ་ཡིན། །བལྟས་པས་མི་མཐོང་བསྒོམས་པས་གྲུབ་པ་མེད། །དཔྱད་པས་མི་རྙེད་བྱ་རྩོལ་ཀུན་ལས་་འདས། །རང་སེམས་སྙིང་པོ་འགྱུར་མེད་སངས་རྒྱས་ཏེ། །ཡིད་ནི་འཁོར་འདས་ཀུན་ལ་ཡེ་ནས་ཡོད། །ཁྱབ་ནི་དུས་གསུམ་སྔ་ཕྱི་མེད་པར་ཁྱབ། །ཡིན་ནི་ཆོས་དབྱིངས་རྒྱུ་འབྲས་འདས་པ་ཡིན། །བལྟ་རྒྱུ་མཚན་མའི་དངོས་མེད་ནམ་མཁའ་འདྲ། །རང་བྱུང་ཡེ་ཤེས་གཞི་གནས་མི་གཡོ་བ། །མཚོ་བཞིན་ངང་གིས་འོད་གསལ་དྭངས་པ་སྟེ། །ཡུལ་ལ་མི་རྟོག་དེ་བཞིན་ཉིད་དུ་གསལ། །བྱད་བཞིན་རང་གནས་རྐྱེན་ལ་ལྟོས་པ་མེད། །ཡུལ་ལ་ལྟོས་ན་ཡེ་ནས་རང་བྱུང་མིན། །གཞན་འབྱུང་ཡིན་པས་སྣ་ཚོགས་གཡོ་བར་འགྱུར། །དེས་ན་དུས་ཀུན་རང་བྱུང་འཕོ་འགྱུར་མེད། །འཆར་གཞི་མ་འགག་སྐུ་གསུམ་འདུ་འབྲལ་མེད། །རང་བཞིན་སྟོང་ལ་ངོ་བོ་


LRD005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་པའི་ངང་། །ཐུགས་རྗེ་མ་འགག་རིག་པའི་སྙིང་པོར་གནས། །ནང་གསལ་མི་གཡོ་ཇི་བཞིན་ལྷུན་གྱིས་གྲུབ། །ཡུལ་ལ་རྟོག་པའི་ཡེ་ཤེས་གང་ཤར་བ། །རྩལ་ལམ་མདངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། །རླབས་སམ་མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཡུལ་ཡོད་རྐྱེན་གྱིས་དེ་བློ་འཆར་བ་་སྟེ། །མེད་ན་མི་འབྱུང་འབྲེལ་པ་གྲུབ་པ་ན། །རང་ལ་ཤར་བས་རང་བྱུང་ཞེས་བཏགས་ཀྱང་། །རྒྱུན་དུ་མིན་པས་གཞན་འབྱུང་རྐྱེན་གྱི་ཡུལ། །འཕྲོ་འདུའི་རོལ་པ་འགག་པ་མེད་པ་ཡིན། །དེ་ཡང་གཞི་གནས་རང་བྱུང་་དབྱིབས་ཡིན་ལ། །ཡུལ་ལ་ཤར་བའི་ཤེས་པ་ཡེ་ཤེས་ཏེ། །ཇི་བཞིན་བཞག་པ་གཉིས་སུ་མེད་པ་ཡིན། །དོན་འདི་མི་ཤེས་རྨོངས་པའི་བསམ་གཏན་པ། །ཁ་ཅིག་དབྱིངས་ཉིད་ངང་བཞག་འབའ་ཞིག་བཙལ། །འདུ་ཤེས་ཚོར་བ་འགོག་པའི་སེམས་འཛིན་གྱིས། །གཟུགས་དང་གཟུགས་མེད་བག་ཆགས་འཁོར་བ་སྒྲུབ། །ཁ་ཅིག་ཡུལ་གྱི་ཡེ་ཤེས་ཕྱིར་བལྟས་ལ། །རང་གྲོལ་ཟེར་ནས་འཕྲོ་འདུའི་རྟོག་པ་འདྲེན། །ཀུན་རྟོག་སྤྲོས་པས་འདོད་པའི་སྲིད་པ་འཆིང། །དབྱིངས་དང་ཡེ་ཤེས་གཉིས་མེད་རྟོག་པ་མེད། །ལ་ལ་བསྐྱེད་རྫོགས་རྒྱུ་འབྲས་སྣ་ཚོགས་ཀྱིས། །སྙིང་པོའི་སེམས་ཉིད་རྣལ་མའི་དོན་ལ་སྒྲིབ། འཁོར་བའི་གྲོང་ལས་ཐར་པའི་སྐབས་མེད་དོ། །འདིར་ནི་གང་ཤར་སྤང་བླང་མེད་པའི་ཚེ། །ངང་དྭངས་དབྱིངས་དེར་རིག་པ་ལ་བཟླས་ནས། །གཉིས་མེད་གཅིག་ཏུ་བདེ་ཀློང་འཁྱིལ་པའི་ཚེ། །འཕྲོ་གནས་གཉིས་མེད་མཉམ་རྫོགས་ཆེན་པོར་གྲོལ། །ངང་ཡིན་ཡེ་ཡིན་རྫོགས་པ་ཆེན་པོ་ཡིན། །སྤང་བླང་མི་དགོས་སེམས་སངས་ཆེན་པོ་ཡིན། །ཡེ་ནས་རྟོག་པ་མེད་པའི་སེམས་ཉིད་ལ། །ད་ལྟ་གང་ཤར་གཟེ་རེ་མ་


LRD005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། །སྣང་སེམས་མི་རྟོག་ཆོས་སྐུའི་ཞིང་དུ་གྲོལ། །ཕྱི་ནས་མཉམ་རྫོགས་དེ་བཞིན་སྒྲུབ་ཏུ་མེད། །རང་བྱུང་གཅིག་ལ་ཡུལ་དྲུག་ཤར་བའི་ཚེ། །བརྟགས་དཔྱད་མི་དགོས་ཇི་བཞིན་ལྷུག་པར་ཞོག །མེ་ལོང་གཟུགས་བརྙནགཉིས་མེད་དྭངས་པ་བཞིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ལྷུན་གྱིས་གྲུབ། །ཡུལ་ལ་ཤར་ཡང་ཕྱི་རུ་མ་འཕྲོས་པས། །སེམས་ཉིད་དྭངས་པའི་གཟུགས་བརྙན་རོལ་པ་ཙམ། །ཐམས་ཅད་དབྱིངས་གཅིག་ཡེ་ནས་ཤེས་པའི་ཕྱིར། །རང་བྱུང་ཡེ་ཤེས་བཅོས་བསླད་མེད་པའི་དོན། །རྒྱུ་འབྲས་འདས་པའི་ངོ་བོ་བསྟན་པ་ཡིན། །ཇི་ལྟར་བློ་ཡིས་བཀོད་པའི་ཆོས་རྣམས་ནི། །བག་ཆགས་ཡིན་ཕྱིར་རྒྱུ་འབྲས་འཁོར་བ་འཁྱམས། །བདེ་སྡུག་བཟང་ངན་སྣ་ཚོགས་སོ་སོར་སྣང་། །ས་བོན་ཐ་དད་འབྲས་བུ་འབྱུང་བ་བཞིན། །ཇི་བཞིན་མ་བཅོས་སེམས་ཉིད་འོད་གསལ་ནི། །རྒྱུ་འབྲས་གཉིས་མེད་ཡེ་ནས་བྱ་རྩོལ་མེད། །མཁའ་བཞིན་མ་སྐྱེས་མི་འགགས་མི་གནས་པས། །དུས་གསུམ་འཕོ་འགྱུར་བརྗོད་མེད་བསམ་ལས་འདས། །མ་བཙལ་ལྷུན་གྱིས་གྲུབ་པས་སྐྱོན་ཡོན་མེད། །རོལ་པ་འགག་པ་མེད་པས་ཆོས་ཀྱི་དབྱིངས། །རང་བཞིན་གཅིག་ལ་བཅོས་བསླད་མ་བྱེད་ཅིག །བགྲོད་པས་མི་ཕྱིན་སྦྱངས་པས་དག་པ་མེད། །བཙལ་བས་མི་རྙེད་ཇི་བཞིན་ལྷུག་པར་ཞོག །སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ། །མ་བཅོས་དེ་བཞིན་ཉིད་དུ་བཞག་པས་འགྲུབ། །བྱ་རྩོལ་མ་བྱེད་སེམས་ཉིད་ནམ་མཁའ་ཆེ། །ཡེ་ནས་དག་པས་རྒྱུ་འབྲས་རྩོལ་མི་དགོས། །རང་སེམས་ཆོས་སྐུ་ལྷུན་གྲུབ་དོན་འདོད་ན། །གང་སྣང་ཡུལ་སེམས་དམིགས་གཏད་ཞེན་པ་བཤོལ། །འདི་ཞེས་ཆེད་འཛིན་མེད་ན་མངོན་དུ་འགྱུར། །ཀུན་ཡིན་གཅིག་ཡིན་གཟའ་གཏད་


LRD005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ན། །ཕྱོགས་བྲལ་རིག་པ་མཉམ་མེད་ཡིན་པར་ཞོག །ཆོས་ལ་བྱར་མེད་བྱས་པས་ཟིན་པ་མེད། །ཟིན་མེད་རང་བཞག་བཅོས་བསླད་མ་བྱེད་པར། །གང་ཡིན་ཀུན་ཡིན་འདི་ཡིན་ངེས་མེད་པས། །མཐའ་བྲལ་ཀློང་ཡངས་རྫོགས་པ་ཆེན་པོར་ཞོག །བཞག་ས་ཡོད་ན་རྫོགས་པ་ཆེན་པོ་མིན། །ཅི་ཡིན་འདི་ཡིན་ངོས་བཟུང་མ་བྱེད་ཅིག །རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ལས། །ལམ་གོམས་པས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་གཞི་ལམ་དབྱིངས་རིག་མཐར་ཕྱིན་ཚེ། །གཞི་རྫོགས་འབྲས་བུ་གདོད་མར་ལྷུན་གྱིས་གྲུབ། །རང་དོན་ཆོས་སྐུ་གཞན་དོན་གཟུངས་སྐུ་གཉིས། །དབྱིངས་དང་ཡེ་ཤེས་གཉིས་མེད་འདུ་འབྲལ་མེད། །འཁོར་འདས་གཉིས་མེད་རིག་པ་དབྱིངས་གཅིག་ཏུ། །ཞི་བར་བཞུགས་པ་སྤྲོས་དང་བྲལ་བའི་ཚེ། །ཀུན་བཟང་དབྱེ་བ་མེད་པའི་ས་ཞེས་བྱ། །འདི་ནི་མི་གནས་བསམ་རྫོགས་ཆོས་སྐུའི་ངང་། །རང་བཞིན་གདོད་ནས་དག་པའི་ཆོས་ཉིད་དོ། །དེ་ཉིད་ངང་ལས་ཕྲ་བའི་ཡེ་ཤེས་ནི། །ནང་གསལ་འཆར་གཞི་མ་འགག་ཐམས་ཅད་མཁྱེན། །སྐུ་དང་ཡེ་ཤེས་འདུ་་འབྲལ་མེད་པ་ནི། །ཏིང་འཛིན་མི་གཡོ་མཉམ་རྫོགས་ཆེན་པོའི་ས། །དེ་ཉིད་ངང་ལས་རྣམ་པ་ཕྱིར་བཞེངས་ནས། །འོད་གསལ་སྣང་བས་ཀུན་བཟང་ཡབ་ཡུམ་གྱི། །འཕྲོ་འདུའི་རོལ་པ་འཁོར་ལོ་ཚོགས་ཆེན་ས། །དེ་ཉིད་ངང་ལས་ཞི་བ་རིགས་ལྔའི་ཞིང་། །འོད་གསལ་ལྷུན་རྫོགས་རང་སྣང་་དག་པ་ཡིན། །ཞིང་དང་སྟོན་པ་ཆོས་འཁོར་དུས་རྣམས་ཏེ། །ཕུན་གསུམ་ཚོགས་པ་ལྔ་ལྔར་སྣང་བ་ལས། །ཆོས་དབྱིངས་མེ་ལོང་མཉམ་ཉིད་་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་ལྔ་ལྔའི་རང་བཞིན་ནི། །སྟུག་པོ་བཀོད་


LRD005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཞེས་བརྗོད་པ་ཡིན། །དེ་ཉིད་ངང་ལས་ཁྲོ་བོའི་ཞིང་ཁམས་ནི། །དཀྱིལ་འཁོར་ལྷུན་རྫོགས་རིགས་ལྔར་སྣང་བ་ཉིད། །སྐུ་དང་ཡེ་ཤེས་ནམ་མཁའ་མཉམ་སྦྱོར་བ། །རྡོ་རྗེ་འཛིན་པའི་ས་ཞེས་བརྗོད་པ་ཡིན། །དེ་ཉིད་ངང་ལ་ས་བཅུའི་སེམས་དཔའ་ལ། །རྣམ་དག་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་སྣང་བས་འཁོར་རྒྱུད་སྦྱང་བའི་ཕྱིར། །མེ་ལོང་ལྟ་བུས་གདུལ་བྱའི་དོན་མཛད་པ། །མ་ཆགས་པདྨ་ཅན་གྱི་ས་ཞེས་བྱ། །དེ་ཉིད་ངང་ལས་མ་དག་གདུལ་བྱ་ལ། །འགྲོ་འདུལ་ཐུབ་པ་དྲུག་དང་སྐྱེ་བ་་དང་། །བཟོ་དང་མཁོ་རྒུའི་ཡོ་བྱད་སྣ་ཚོགས་ཏེ། །མདོར་ན་མཐུན་པའི་སྣང་གཟུགས་སྟོན་པ་དང་། །སོ་སོར་སྣང་བས་འགྲོ་བའི་དོན་མཛད་པ། །ཀུན་ཏུ་འོད་ཀྱི་ས་ཞེས་བྱ་བ་ཡིན། །ཉི་མའི་འོད་ཀྱིས་གླིང་བཞི་སྣང་བྱེད་ཅིང་། །པདྨོ་འཛུམ་པས་དགའ་བ་བསྐྱེད་པ་བཞིན། །སྤྲུལ་པའི་འོད་ཟེར་སྣང་བས་ཁྱབ་པར་བྱེད། །ཀུན་བཟང་དབྱེ་བ་མེད་དང་ཏིང་ངེ་འཛིན། །གཉིས་མེད་ཆོས་སྐུའི་ས་ཡིན་སྤྲོས་ཀུན་ཞི། །ཚོགས་ཆེན་སྟུག་པོ་བཀོད་དང་རྡོ་རྗེ་འཛིན། །རང་སྣང་ལོངས་སྐུའི་ས་ཡིན་འོད་གསལ་དང་། །པདྨ་ཅན་དང་ཀུན་ཏུ་འོད་ཟེར་འགྱེད། །རང་བཞན་འགྲོ་འདུལ་སྣ་ཚོགས་སྤྲུལ་སྐུའི་ས། །མཛད་པའི་ཕྲིན་ལས་དཔག་མེད་ལྷུན་གྱིས་གྲུབ། །དེ་ལྟར་སྐུ་་དང་ཡེ་ཤེས་ཞིང་རྣམས་ཀྱང་། །ནམ་མཁའ་བཞིན་དུ་རྟག་ཁྱབ་འདུས་མ་བྱས། །འགྲོ་གྲོལ་བར་དུ་རྒྱུན་མི་འཆད་པར་སྣང་། །འདི་ནི་མཐར་ཕྱིན་གདོད་མའི་ངང་ཉིད་དེ། །རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་ཡིན། །རྒྱུ་འབྲས་བསྐྱེད་མིན་ཡེ་ནས་ལྷུན་གྲུབ་ཡིན། །མ་བྱས་རང་བཞིན་དག་པའི་སེམས་ཉིད་ལ། །མི་བྱེད་རྩོལ་སྒྲུབ་མེད་པའི་དོན་མཐོང་ནས། །རང་བབ་ཡེ་


LRD005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་སོར་བཞག་ཀློང་གྱུར་པས། །ཡེ་ནས་ལྷུན་གྲུབ་མངོན་དུ་གྱུར་པ་ཡིན། །རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ལས། །འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་ཆོས་ཚུལ་ཤིན་ཏུ་རྨད་བྱུང་འདི། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །དྲི་མེད་་འོད་ཟེར་ཤར་བས་སྣང་བྱས་པས། །དགེ་བས་འགྲོ་ཀུན་ཡིད་ཀྱི་མུན་སེལ་ཤོག །དཔལ་ལྡན་གེ་སར་གསལ་བའི་དབང་པོ་ཡིས། །བདག་བློའི་སྦྲང་རྩི་འཛིན་འདི་དགའ་བསྐྱེད་པས། །ལེགས་བཤད་གླུ་དབྱངས་དར་དིར་སྙན་པར་བསྒྲགས། །དེ་ཡིས་སྐལ་ལྡན་སྐྱེ་བོ་དགའ་བར་མཛོད། །རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨའི་དབང་པོས་ལེགས་པར་རྗེས་སུ་བཟུང་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།དགེའོ། །

རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་གྱི་དོན་ཁྲིད་རིན་ཆེན་སྙིང་པོ།


LRD005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་གྱི་དོན་ཁྲིད་རིན་ཆེན་སྙིང་པོ་ཞེས་བྱ་བ་ཤིན་ཏུ་གསལ་བ་བཞུགས། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ཀྱི་དོན་ཁྲིད་རིན་ཆེན་སྙིང་པོ་ཞེས་བྱ་བ། དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཐར་པའི་ཁང་བཟང་ནམ་མཁའི་དབྱིངས་ཁྱབ་པ། །དཔལ་ལྡན་ཡོན་ཏན་འབྱོར་པས་ཡོངས་གང་ཞིང། །མཁྱེན་པའི་རྔ་སྒྲ་ཡེ་ཤེས་བརྩེགས་པ་ཅན། །དུས་གསུམ་བདེ་བཤེགས་བླ་མའི་ཞབས་ལ་འདུད། །རང་བཞིན་གདོད་ནས་དག་པའི་སེམས་ཉིད་ལ། །སྣ་ཚོགས་ཐབས་ཚུལ་དཔག་མེད་སྟོབས་མངའ་བས། །སྙིང་པོའི་དེ་ཉིད་མཚོན་ཕྱིར་གཉུག་མའི་དོན། ཁྲིད་དུ་བསྡེབས་ཏེ་བདག་གིས་བཤད་པར་བྱ། །དེ་ལ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་པ་


LRD005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཉམ་ཉིད་རང་གྲོལ་གྱི་དོན་ཁྲིད་འདི་ལ་གསུམ་སྟེ། བླ་མ་བརྒྱུད་པའི་རིམ་པ། དེ་ལས་བྱུང་བའི་གདམས་པ། རྩིས་ཆེ་བ་བཀའ་རྒྱས་གདབ་པའོ། །དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་མོས། ལོངས་སྐུ་རྡོ་རྗེ་ཕག་མོ། དེས་སྤྲུལ་སྐུ་པདྨ་ཡབ་ཡུམ། དེས་རྒྱལ་སྲས་དྲི་མེད་འོད་ཟེར། གཉིས་པ་ལ། ཚེ་འདིར་གྲོལ་བ་སེམས་ཉིད་ཀྱི་གདམས་པ། བར་དོར་གྲོལ་བ་འོད་གསལ་གྱི་གདམས་པ། ཕྱི་མར་གྲོལ་བ་འཕོ་བའི་གདམས་པ་གསུམ་ལས། དང་པོ་ལའང་སྔོན་འགྲོ་གེགས་སྦྱང་བ། དངོས་གཞི་ངོ་སྤྲད་པ། རྗེས་སྐྱོང་ཐབས་བསྟན་པ་དང་གསུམ་ལས། དང་པོ་ལ་ལྔ་ལས། བླ་མའི་རྣལ་འབྱོར་ནི། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སེང་གེ་དང་ཉི་ཟླ་པདྨས་བརྒྱན་པའི་ཁྲི་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྩ་བའི་བླ་མ་དང་ཐ་མི་དད་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་འབར་བ། ཟ་འོག་གི་བེར་དང་ཤར་བའི་མཉེན་ཞུ་གསོལ་ཞིང་། རྡོ་རྗེ་དང་དྲིལ་བུ་འཛིན་པས་སྐྱིལ་ཀྲུང་མཛད་དེ། དཀར་ལ་དམར་བའི་མདངས་ཅན་པདྨ་མཚན་བརྒྱད་ཀྱིས་བསྐོར་བའི་ནམ་མཁར་བརྒྱུད་པའི་བླ་མ་དང་། མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་འཁྲིགས་པར་བསམས་ལ། རང་གི་རྣམ་ཤེས་ལྷའི་རྣམ་པར་སྤྱི་གཙུག་ནས་འཐོན་ཏེ། ཆུ་གྲིས་རང་གི་ལུས་དེའི་ཐོད་པ་བཅད་པའི་འོག་ཏུ་་ཐོད་པའི་སྒྱེད་པོ་གསུམ་དང་། །དེའི་ནང་དུ་ལུས་ཀྱི་ཁོག་པ་དེ་ཉིད་བཅུག །འོག་ནས་རླུང་དང་མེ་གཡོས་པས་བདུད་རྩིར་ཞུ་ནས་ནམ་མཁའི་དབྱིངས་སུ་ཁྱབ་པར་བསམ་པའི་འོད་ཟེར་གྱིས་བདུད་རྩིའི་རྒྱུན་ཐོད་པར་བབས་པར་བསམས་ཏེ། རང་ཉིད་ལྷར་གྱུར་པའི་ལུས་དཔག་ཏུ་


LRD005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྤྲུལ་པ་དེ་་དག་གིས་ཐོད་པ་དུམ་བུ་གཅིག་པ་མང་པོ་ཐོགས་ཏེ་བདུད་རྩི་བཅུས་ནས། བླ་མ་དང་སངས་རྒྱས་ལ་སོགས་པ་འཁོར་འདས་ཀྱི་མགྲོན་ཐམས་ཅད་ལ་མ་ཁྱབ་པ་མེད་པར་དྲངས་པས་མཉེས་ཤིང་ཚིམས་པར་བསམས་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་འདེབས་པར་མོས་ལ། བླ་མ་རིན་པོ་ཆེ་བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་སྩལ་དུ་གསོལ་ལོ། །ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་པ་ལ་སོགས་པ་བརྗོད་པས། སྐུ་ལས་འོད་བྱུང་བདག་དང་སེམས་ཅན་ལ་ཕོག །སྒྲིབ་པ་དག་་དངོས་གྲུབ་ཐོབ་པར་བསམ་པའི་རྗེས་སུ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་བླ་མའི་ཐུགས་ཀར་ཐིམ་ནས། དེའང་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་དར་ཅིག་མཉམ་པར་བཞག་པའི་རྗེས་སྣང་རྨི་ལམ་སྒྱུ་མའི་ངང་ལས་བསྔོ་བ་བྱའོ། །དེས་ནི་གསང་སྔགས་ཀྱི་སྣོད་དུ་རུང་པས་བྱིན་རླབས་བཙན་ཐབས་སུ་སྐྱེ་ཞིང་བདག་འཛིན་རང་སར་གྲོལ་ནས་སེམས་ལས་སུ་རུང་བའི་དགོས་པ་ཡོད་དོ། །གཉིས་པ་མཎྜལ་གྱི་རྣལ་འབྱོར་ནི། ལན་གསུམ་ཕྱིས་ཏེ་རྒྱན་གྱི་ཚོམ་བུ་ཅི་འགྲུབ་བཀོད་ལ། གླིང་བཞི་གླིང་ཕྲན་ལ་་སོགས་པ་ཞིང་ཁམས་དག་པར་མོས་ཏེ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི་། །སངས་རྒྱས་ཞིང་ཏུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པ་བརྗོད་ནས་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ་བས། སེམས་ཅན་


LRD005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་དག་ཅིང་དྲི་མ་མེད་པས་རྟོགས་པ་སྐྱེ་སླ་བའི་དགོས་པ་ཡོད་དོ། །གསུམ་པ་ཡིག་བརྒྱའི་རྣལ་་འབྱོར་ནི། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། ཧཱུྃ་གི་མཐའ་སྐོར་དུ་ཡིག་གེ་བརྒྱ་པ་བསམ་པའི་འོད་ཀྱིས་རང་གི་ནད་གདོན་སྒྲིབ་པ་ཐམས་ཅད་བྱང་བར་བསམས་ལ་བཟླས་པས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དག་ཅིང་རྡོ་རྗེར་སེམས་དཔར་བསམ་པའི་རྗེས་ལ། ཐམས་ཅད་མི་དམིགས་པའི་ངང་ལ་བསྔོ་བ་བྱས་པས་སྒྲིབ་པ་དག་ནས་རྟོགས་པ་སྐྱེ་བའི་་དགོས་པ་ཡོད་དོ། །བཞི་པ་སེམས་བསྐྱེད་པའི་རྣལ་འབྱོར་ནི། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་ལ། དེ་དག་འཁོར་བའི་སྡུག་བསྔལ་མི་བཟད་པས་གདུངས་ཏེ་གཏན་དུ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་སྙིང་རེ་རྗེ། དེའི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་ནས། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མེད་པ་བསམ་པའི་མདུན་་དུ། འཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བས་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ངང་བྱས་ཏེ། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་མངའ་རྣམས་དགོངས་སུ་གསོལ། །ཇི་ལྟར་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པར་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་


LRD005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསླབ་པར་བགྱི། །མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་ནས། དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ལ། དགའ་བ་རྒྱ་ཆེན་པོ་བསྒོམ་མོ། །དེས་ནི་ཐེག་པ་ཆེན་པོར་འགྱུར་ཞིང་ཐབས་སྙིང་རྗེ་ཆེན་པོས་ཟིན་པས་ཤེས་རབ་མཐའ་གཉིས་ལ་མི་གནས་པ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །ལྔ་པ་སེམས་ཉིད་དོན་གྱི་རྣལ་འབྱོར་ནི། རྟོག་པ་སྣ་ཚོགས་འཆར་བའི་འདི་དག་དང་པོ་གང་ནས་བྱུང་། བར་དུ་གང་དུ་འགྲོ་ཞིང་གནས། ཐ་མ་གར་་སོང་ཡོད་མེད། དབྱིབས་དང་ཁ་དོག་ལ་སོགས་པ་ཅིར་འདུག །ཕྱི་ནང་བར་གསུམ་གང་ན་འདུག་སྙམ་དུ་བརྟགས་པས། སེམས་ཉིད་དུས་གསུམ་རྩ་བ་དང་བྲལ་བའི་ངོ་བོ་ངོས་བཟུང་ཐམས་ཅད་ལས་འདས་པ་གསལ་སྟོང་རྗེན་པའི་ཡེ་ཤེས་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞི་ངོ་སྤྲད་པ་ནི། ལུས་ཆོས་བདུན་ལྡན་པས་ཁྱད་པར་དུ་མིག་བར་སྣང་ལ་ཧ་རེ་གཏད་ནས་མི་འགུལ་བར་བྱེད་དུ་བཅུག་པའི་རྗེས་ལ། ཀྱེ་རིགས་ཀྱིི་བུ་རྣམས་ཉོན་ཅིག །ཕྱི་སྣ་ཚོགས་སུ་སྣང་བ་ཐམས་ཅད་མདང་སུམ་གྱི་རྨི་ལམ་ལྟར། ནང་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་པས་བཅོས་བསྒྱུར་དང་སྤང་གཉེན་མ་བྱེད། སེམས་འདིའང་བརྟགས་ན་གང་ནའང་མེད་ཅིང་མ་གྲུབ་པས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ཡིན་ཞིང་། གསལ་ལ་རང་ངོས་སྟོང་པས་ལོངས་སྐུ་ལྷུན་གྱིས་གྲུབ་ཅིང་། སྣ་ཚོགས་སུ་ཤར་དུས་གང་དུའང་མ་གྲུབ་པས་ཤར་གྲོལ་སྤྲུལ་པའི་སྐུ་ཡིན་ཏེ། སློབ་དཔོན་གྱི་ཞལ་ནས། ད་ལྟའི་ཤེས་པ་སོ་མ་ལ། །ངོ་བོ་སྟོང་པས་ཆོས་ཀྱི་སྐུ། །རང་བཞིན་གསལ་བས་ལོངས་སྤྱོད་རྫོགས། །འཆར་ཚུལ་སྣ་ཚོགས་སྤྲུལ་པའི་


LRD005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སངས་རྒྱས་གཞན་དུ་བཙལ་དུ་མེད། །སྒོམ་ཡང་མ་སྒོམས་སོ་མར་ཞོག །ལྟ་ཡང་མ་བལྟ་སོ་མར་ཞོག །འཛིན་ཡང་མ་འཛིན་སོ་མར་ཞོག །སྤྲོ་ཡང་མ་སྤྲོ་སོ་མར་ཞོག །བསྡུ་ཡང་མ་བསྡུ་སོ་མར་ཞོག །ཡེངས་ཀྱང་མ་ཡེངས་སོ་མར་ཞོག །གང་ཤར་རང་བཞག་སོ་མ་ལ། །ངང་དྭངས་རྒྱ་མཚོ་དྭངས་པ་འདྲ། །བདེ་གསལ་མི་རྟོག་ལྷུན་གྱིས་གྲུབ། །ཅེས་གསུངས་པས། རྟོག་པ་གང་ཤར་འགྱུ་དྲན་སོ་མ་ད་ལྟའི་ཤེས་པ་ཐོལ་སྐྱེས་འདིའི་སྟེང་དུ་སོ་མར་ཀློད་ལ། དྲན་བསམ་སྔ་ཕྱིའི་སྐྱེལ་བསུ་མ་བྱེད་པར་རང་བབ་ལྷུན་གྲུབ་ཆེན་པོར་ཞོག་དང་། འགྱུ་བ་དང་གྲོལ་བ་དུས་མཉམ་པས་ལྷག་མཐོང་ཤར་གྲོལ་གྱི་ལྟ་བ་རྒྱ་ཡན་ཆེན་པོ་ཡིན། དེའི་རྗེས་ལ་ང་བདག་དང་གཟུང་འཛིན་བྲལ་བའི་ཡེ་ཤེས་སྒོམ་པ་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་འཆར་བ་ནི་རང་བཞག་འོད་གསལ་ཆེན་པོའི་སྒོམ་པ་ཡིན། ཡང་སྔར་བཞིན་འགྱུས་ཀྱང་དེ་ལ་ཞེན་པའི་རྩིས་གདབ་མེད་པར་གློད་པས་ངང་དྭངས་ལྷུན་གྲུབ་ཆེན་པོའི་སྒོམ་པ་ལ་སྔར་བཞིན་གནས་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་དང་རྟོགས་པ་གོང་མ་རྒྱུད་ལ་སྐྱེའོ། །དེ་དག་ཀྱང་བསྡུ་ན་སྣང་བ་སེམས་སུ་ངོ་སྤྲད། སེམས་ཉིད་སྟོང་པར་ངོ་སྤྲད། སྟོང་པ་ཤར་གྲོལ་དུ་ངོ་སྤྲད་པས་ལྟ་བ་ཡན་ཐུབ་པ་ཡིན་ནོ། །ཆོས་ཉིད་ངང་དྭངས་སུ་ངོ་སྤྲད། ངང་དྭངས་བདེ་གསལ་དུ་ངོ་སྤྲད། བདེ་གསལ་སྟོང་པར་ངོ་སྤྲད་པས་སྒོམ་པས་ཡེངས་ཐུབ་པ་ཡིན་ནོ། །སྣང་སེམས་སྒྱུ་མར་ངོ་སྤྲད། སྒྱུ་མ་འཛིན་མེད་དུ་ངོ་སྤྲད། འཛིན་མེད་ཕྱོགས་ཡན་དུ་ངོ་སྤྲད་པས་སྤྱོད་པས་རྐྱེན་ཐུབ་པ་ཡིན། རང་སེམས་སངས་རྒྱས་སུ་ངོ་སྤྲད། སངས་རྒྱས་རང་ཆས་སུ་ངོ་སྤྲད། རང་ཆས་ཤར་གྲོལ་དུ་ངོ་སྤྲད་པས་འབྲས་བུས་


LRD005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ས་ཐུབ་པ་ཡིན་ནོ། །མདོར་དྲིལ་ན་ཡུལ་ཇི་ལྟར་སྣང་ཡང་སེམས་ཀྱིས་དེ་ལྟར་མ་འཛིན། ད་ལྟ་གྱི་ཤེས་པ་ཤར་གནས་གང་ཡིན་གྱི་སྟེང་དུ་བཅས་བཅོས་དང་སྤང་གཉེན་མེད་པར་ཞོག་དང་། གང་སྣང་ཆོས་ཉིད་ཀྱི་ཡོ་ལང་དུ་འགྱུར་རོ། །གསུམ་པ་རྗེས་སྐྱོང་ཐབས་བསྟན་པ་ལ། སྣང་སེམས་རྨི་ལམ་དུ་ངོ་སྤྲད་པ། །རྨི་ལམ་འོད་གསལ་དུ་ངོ་སྤྲད་པ། འོད་གསལ་བར་དོར་ངོ་སྤྲད་པ་གསུམ་ལས། དང་པོ་ནི། འདི་ལྟར་ཕྱི་སྣང་བའི་ཡུལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ། ནང་འཛིན་པའི་ཡིད་ཀྱི་རྟོག་པ་སྣ་ཚོགས་པ་ཐམས་ཅད་མདང་གི་རྨི་ལམ་ནང་གི་ཕྱི་སྣང་བ་ནང་རིག་པ་སྣ་ཚོགས་སུ་སྣང་ཞིང་རྟོགས་པ་དང་ཁྱད་པར་མེད་པས་ཅིར་སྣང་བདེན་མེད་དུ་ཤེས་ནས་གང་ལ་ཡང་འཛིན་པ་མེད་པའི་ངང་ནས་འགྲོ་འདུག་ལ་སོགས་པའི་བྱ་བ་རྣམས་བྱའོ། །དེ་ལྟར་སྤྱད་པས་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ངོ་བོ་ཉིད་དུ་མཐོང་ནས་གང་ལའང་ཞེན་པ་མེད་པས་རང་བཞིན་གཉིས་སུ་མེད་པའི་འོད་གསལ་འཆར་བར་འགྱུར་རོ། །དེ་ཡང་ཡུལ་དུ་སྣང་ཡང་དེར་འཛིན་མེད་པས་ཤེས་པ་གསལ་ལ་དྭངས་པ་སྟོང་གསལ་རྣམ་པར་མི་རྟོག་པ་ནི་རང་བཞིན་གྱི་འོད་གསལ་ཏེ། དེ་ཉིད་རང་ངོ་ཤེས་པས་བར་དོར་གྲོལ་བ་ཐོབ་པ་ཡིན་ནོ། །གཉིས་པ་རྨི་ལམ་འོད་གསལ་དུ་ངོ་སྤྲད་པ་ནི། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་གསལ་ལ་མི་རྟོག་པ་ཕྱི་ཚོགས་དྲུག་ཡུལ་གྱི་རྟོག་པ་རགས་པ་ནི་འགག །ནང་འཇུག་པ་གཉིད་དུ་ཐིམ་པ་ལྟ་བུ་ཕྲ་བ་ནི་མ་ཤར་བའི་བར་དེ་ན་རང་བཞིན་གྱི་་འོད་གསལ་འཆར་ཏེ། དེ་ཉིད་ངོས་བཟུང་ལ་མ་ཡེངས་པར་བསྒོམ་མོ། །དེ་ལྟར་ཟླ་བ་ཕྱེད་དུ་བསྒོམས་པས། དང་པོ་རྨི་ལམ་ངན་པ་ལས་བཟང་པོར་འགྱུར་བ་དང་། བར་


LRD005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟིན་ནས་སྤེལ་སྤྱོང་དང་སྤྲུལ་བསྒྱུར་ནུས་པ་་དང་། ཐ་མར་དབྱིངས་སུ་ནུབ་སྟེ་མི་རྨི་པར་འོད་གསལ་ཉིད་དུ་འཇུག་གོ། གལ་ཏེ་མ་ཟིན་ན་ན་སྙིང་གར་ཐིག་ལེ་ཁ་དོག་ལྔའི་རང་བཞིན་འོད་དུ་འབར་བ་འཇའ་ཚོན་ལྟ་བུ་ལ་སེམས་གཏད་པས་ཟིན་པར་འགྱུར་རོ། །དེས་ནི་ཉིན་མཚན་གཉིས་ཀ་འོད་གསལ་གྱི་འཁོར་ལོར་འཁྱིལ་བས་རབ་ཚེ་འདིར་གྲོལ་ཞིང་། འབྲིང་བར་དོ་འོད་གསལ་རང་ངོ་ཤེས་ཏེ་མངོན་པར་རྫོགས་པར་སངས་རྒྱའོ། །གསུམ་པ་འོད་གསལ་བར་དོར་ངོ་སྤྲད་པ་ནི། སྐྱེ་ཤི་བར་་དོའི་སྐབས་སུ་ལྟ་བ་སྟོང་གསལ་འགྱུར་བ་མེད་པ། །སྒོམ་པ་ངང་དྭངས་འོད་གསལ་བ། སྤྱོད་པ་ཚོགས་དྲུག་ལྷུག་པ། འབྲས་བུ་རང་གྲོལ་འཛིན་མེད་དུ་རྟོགས་ནས། རང་བཞིན་གྱི་འོད་གསལ་ལ་གོམས་འདྲིས་ཡོད་པའི་་འཆི་ཁའི་བར་དོ་གསལ་ཐེབས་ཏེ། ཆོས་ཉིད་ཀྱི་བར་དོར་རང་ངོ་ཤེས་པས། སྲིད་པའི་བར་དོ་མི་མཐོང་བར་སངས་རྒྱའོ། །དོན་གཉིས་པ་བར་དོར་གྲོལ་བ་འོད་གསལ་གྱི་གདམས་པ་ལ། ད་ལྟ་སྐྱེ་ཤིའི་བར་དོ་ཤར་བའི་དུས་འདིར་ངོ་སྤྲད་པའི་དོན་ལ་འདྲིས་པར་བྱའོ། །དེ་ཡང་ད་ལྟ་ལྟ་བས་ལ་བཟླ། སྒོམ་པས་གོམས་པར་བྱས། སྤྱོད་པས་ཐག་བཅད། འབྲས་བུ་རང་ངོ་ཤེས་པས་དོན་འདྲིས་པར་བྱས་པའི་རྣལ་འབྱོར་པ་དེ་ཉིད་འཆི་ཁའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་མ་ཞེན་པར་སྤོང་དག་བྱས་ལ། གདམས་པ་རྣམས་གསལ་གདབ་ཅིང་ད་ལྟའི་དགེ་སྦྱོར་ལས་མ་ཡེངས་པར་བྱའོ། །དེའང་ས་ཆུ་ལ་ཐིམ་པས་ལུས་ལྕི། ཆུ་མེ་ལ་ཐིམ་པས་རྩ་ཁམས་ཀྱི་ཁྲག་དང་ཐིག་ལེ་དྭངས་མར་རིམ་གྱིས་འདུ། མེ་རླུང་ལ་ཐིམ་པས་དྲོད་་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་ནང་གི་དབུགས་ཆད། རྣམ་ཤེས་ནམ་མཁར་


LRD005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་ཕྲ་རགས་ཀྱི་རྟོགས་པ་འགགས་ཏེ། འོད་གསལ་བའི་ཡེ་ཤེས་སྐད་ཅིག་མ་བཞིར་འཆར་རོ། །དེའང་སྐད་ཅིག་དང་པོར་བདེ་གསལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་སྣང་བ་ཞེས་བྱ་བ་སྔོན་གོམས་པའི་འོད་གསལ་ལས་ཆེས་ལྷག་པ་སྐད་ཅིག་མ་གཅིག་ཏུ་འཆར་རོ། །དེ་ནས་མཆེད་པའི་ཡེ་ཤེས་དེ་བས་ཀྱང་ཆེས་ལྷག་པ་སྐད་ཅིག་མ་གཉིས་སུ་འཆར་རོ། །དེ་ནས་ཐོབ་པའི་ཡེ་ཤེས་དེ་བས་ཀྱང་ཆེས་ལྷག་པ་སྐད་ཅིག་མ་གསུམ་འཆར་རོ། །དེ་ནས་ཉེ་བར་ཐོབ་པའི་ཡེ་ཤེས་དེ་ཐམས་ཅད་ལས་ཆེས་ལྷག་པ་སྐད་ཅིག་མ་བཞི་འཆར་རོ། །དེ་དག་གི་སྐབས་སུ་སྐད་ཅིག་་དང་པོར་སྔར་ཤར་གྲོལ་ལ་སྦྱངས་པའི་རྟོགས་པར་རང་ངོ་ཤེས་ནས། ངང་་དྭངས་འོད་གསལ་བའི་ངང་ལ་འཛིན་པ་མེད་པར་བཞག་པས་དེ་ཉིད་དུ་རང་་སར་གྲོལ་ནས། ཆོས་སྐུ་ལྷུན་གྲུབ་ཆེན་པོའི་ངང་ལ་བཙན་ས་ཟིན་པ་ཡིན་ནོ། །དེ་ནི་སྟོང་པའི་འོད་གསལ་ལོ། །དེ་ནས་སྣང་བའི་འོད་གསལ་ཁ་་དོག་ལྔ་ལྡན་གྱི་སྣང་བ་མཆེད་པས་ཕྱོགས་མཐའ་གཏུགས་པར་སངས་རྒྱས་ཀྱི་སྐུ་འབུམ་ཕྲག་གྲངས་མེད་པ་འཆར་རོ། །དེའི་ཚེ་རང་སྣང་རྨི་ལམ་དང་འདྲ་བར་ཤེས་ནས་དེར་གསལ་ལ་དེར་འཛིན་མེད་པར་བཞགས་པས་དེ་ཉིད་དུ་རང་ངོ་ཤེས་ནས་གྲོལ་བར་འགྱུར་རོ། །དེ་ནས་རང་ངོ་མ་ཤེས་ན་སྣང་བའི་་འོད་གསལ་དབྱིངས་སུ་ཐིམ་ནས་ཆོས་ཉིད་ཀྱི་བར་དོ་རང་ལོག་སྟེ་སྲིད་པའི་བར་དོ་སྣང་བར་འགྱུར་རོ། །དེ་ཡང་སྔར་ཐིམ་པ་ལ་དབྱིངས་ནས་སླར་མཆེད་པར་འགྱུར་ཏེ། བེམས་རིག་སོ་སོར་བྲལ་བས་ནུབ་དང་པོ་ཤི་བའི་སྲིད་པ་དང་། ནུབ་གཉིས་པར་སའི་སྲིད་པ་དང་། གསུམ་པ་ཆུ། བཞི་པ་མེ། ལྔ་པར་རླུང་། དྲུག་པ་ནམ་མཁའ། བདུན་པར་བག་ཆགས་ལས་ཀྱི་སྲིད་པ་དང་


LRD005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལས། དང་པོ་ནི། དར་ཅིག་བརྒྱལ་བ་ལྟར་གནས་སོ། །གཉིས་པ་ནི། དེ་ལས་ཅུང་ཞིག་སངས་ནས་རང་སྣང་ཡིད་ཀྱི་སྣང་བ་རྨི་ལམ་ལྟ་བུར་ལུས་ཀྱང་སྲ་འཐས་སེ་འདུག་པ་སྙམ་བྱེད། ཕྱི་སྣང་བ་ཡང་སྨིག་རྒྱུའི་རྣམ་པ་ལྟར་རབ་རིབ་ཡད་ཡུད་འབྱུང་ངོ་། །ཤེས་པ་་དེ་རང་བྱུང་གི་འོད་གསལ་ཏེ་སྔར་གཟུགས་རང་གྲོལ་དུ་ཤེས་པའི་གདམས་པ་དྲན་པས་གྲོལ་ལོ། །གསུམ་པ་ནི། །སྔར་བས་ཀྱང་ཅུང་ཟད་སངས་ནས་ལུས་ཀྱང་ཆུས་བང་བ་སྙམ་བྱེད། ཕྱི་སྣང་བ་ཡང་དུ་བའི་རྣམ་པ་ལྟ་བུ་བན་བུན་ལང་ལང་ཙམ་དུ་འབྱུང་ངོ་། །དེ་ཡང་རང་བྱུང་གི་འོད་གསལ་ཏེ། སྔར་ཤར་གྲོལ་གསལ་སྟོང་གི་ཉམས་མྱོང་དང་འདྲེས་ནས་གྲོལ་ལོ། །བཞི་པ་ནི། སྔར་བས་ཀྱང་ཅུང་ཟད་སངས་ནས་ལུས་ཀྱང་མེས་བསྲེག་པ་སྙམ་བྱེད། ཕྱི་སྣང་བ་ཡང་སྲིན་བུ་མེ་ཁྱེར་ཙམ་དུ་འབྱུང་སྟེ། དེ་ཡང་རང་བྱུང་གི་འོད་གསལ་ཏེ་སྔར་ངང་དྭངས་བདེ་གསལ་གྱི་རྟོགས་པ་དང་འདྲེས་ནས་གྲོལ་ལོ། །ལྔ་པ་ནི། ལུས་ཀྱང་རླུང་གིས་བསྐྱོད་པ་སྙམ་བྱེད། ཕྱི་སྣང་བ་ཡང་སྒྲོན་མེ་འབར་བ་ལྟར་མཐོང་སྟེ། དེ་ཡང་རང་བྱུང་གི་འོད་གསལ་ཏེ། །སྔར་ཁ་དོག་གི་འོད་གསལ་གསལ་སྟོང་འཛིན་མེད་ཀྱི་རྟོགས་པ་འདྲེས་ནས་གྲོལ་ལོ། །དྲུག་པ་ནི་ལུས་ཀྱང་ནམ་མཁའ་ལྟ་བུའི་རྣམ་པ་ཏེ། ཕྱི་སྣང་བ་ཡང་སྤྲིན་མེད་ནམ་མཁའ་ལྟ་བུ་ནི་རང་བྱུང་གི་འོད་གསལ་ཏེ། སྔར་སྟོང་གསལ་མི་རྟོག་པའི་འོད་གསལ་གྱི་ཉམས་མྱོང་དང་འདྲེས་ནས་གྲོལ་ལོ། །ཕྱི་རྟགས་ལྔ་པོ་ནི་འབྱུང་བ་ལྔ་ཡི་རླུང་ལྔ་མཆེད་པའི་སྣང་བ་ཡིན་ནོ། །ནང་རྟགས་རྣམས་ནི་འཆར་ཚུལ་རྐྱེན་གྱིས་གཟུགས་བརྙན་སྣང་བའོ། །གསང་རྟགས་འོད་གསལ་སྤྲོས་པ་མེད་པ་ནི་སེམས་ཉིད་ལྷུན་


LRD005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཞིའི་སངས་རྒྱས་རང་ལུགས་སུ་ཤར་བ་དངོས་ཡིན་ནོ། །དེ་ནས་ནུབ་བདུན་པ་ནི། སྔོན་བས་ཤིན་ཏུ་དྭངས་པའི་ཤེས་པ་མེ་ལོང་ལྟ་བུ་ལ་བག་ཆགས་ལས་ཀྱི་གཟུགས་བརྙན་སྣང་བར་འགྱུར་ཏེ། བདེ་སྡུག་ལ་སོགས་པའི་སྣང་བ་རྨི་ལམ་བཞིན་་དུ་གསལ་བས་ལས་ཀྱི་མེ་ལོང་མཐོང་བ་ཞེས་བྱའོ། །དེའི་དུས་སུ་སྔར་འོད་གསལ་སྣང་སྟོང་ཟུང་འཇུག་སྤྲོས་པའི་མཐའ་བྲལ་དང་བསྐྱེད་རྫོགས་སྒོམ་པའི་ཉམས་མྱོང་དྲན་པ་ཙམ་གྱིས་ལས་ཀྱི་སྣང་བ་དང་འདྲེས་པར་འགྱུར་ཏེ། ཟླ་བ་འཆར་བ་དང་དབང་པོའི་གཞུ་ལྟར་རང་ཉིད་ཇི་ལྟར་བསྒོམས་པའི་ཡི་དམ་གྱི་ལྷར་སྣང་བ་སྒྱུ་མ་ལྟ་བུའི་ངང་ནས། སྒྲ་ཐོས་པ་ཐམས་ཅད་བྲག་ཅ་ལྟ་བུ་་དང་། རྣམ་རྟོག་སྐྱེས་པ་ཐམས་ཅད་རྨི་ལམ་ལྟར་ཤེས་ཏེ། བདེ་གསལ་མི་རྟོག་པའི་ཡེ་ཤེས་སུ་རྟོགས་ནས་སངས་རྒྱའོ། །དེ་དག་གི་སྐབས་སུ་གྲོལ་བྱེད་ཀྱི་ཐབས་གཉིས་ཏེ། གཞན་སྟོབས་ཀྱིས་གྲོལ་བ་དང་། རང་སྟོབས་ཀྱིས་གྲོལ་བའོ། །དང་པོ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་་སོགས་པའི་ཐུགས་རྗེས་གྲོལ་བ་ནི་ཉི་མས་པདྨོ་ཕྱེ་བ་ལྟ་བུ་སྟེ། སྔར་བླ་མ་་དང་ཡི་དམ་གྱི་ལྷ་གང་མོས་ལ་གསོལ་བ་བཏབ་པས་དེ་ཉིད་དྲན་པ་ཙམ་གྱིས་་དུས་དེར་ལྷའི་སྤྱན་གྱིས་གཟིགས་ཏེ། དེའི་ཐུགས་རྗེས་བདག་ཉིད་གྲོལ་བའོ། །གཉིས་པ་ལ་ལྟ་བ་རྟོགས་པའི་སྟོབས་ཀྱིས་གྲོལ་བ། སྒོམ་པ་གོམས་པའི་སྟོབས་ཀྱིས་གྲོལ་བ། སྤྱོད་པ་ཤེས་པའི་སྟོབས་ཀྱིས་གྲོལ་བ། འབྲས་བུ་ཤར་བའི་སྟོབས་ཀྱིས་གྲོལ་བ་དང་བཞི་ལས། དང་པོ་ནི། སྔར་སྐྱེ་ཤི་བར་དོའི་སྐབས་སུ་སྣང་སེམས་སྟོང་པའི་རང་བཞིན་དུ་ཤེས་པ་དུས་དེར་དེ་ཉིད་དྲན་པ་ཙམ་གྱིས་གྲོལ་བར་འགྱུར་རོ། །གཉིས་པ་ནི། སྔར་ངང་དྭངས་འོད་གསལ་བའི་སྒོམ་པ་བདེ་གསལ་རྣམ་པ་མི་རྟོག་


LRD005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ལ་གོམས་པ་ཉིད་དུས་དེར་ཤར་བའི་རིག་པ་དང་འདྲེས་པ་ཙམ་གྱིས་གྲོལ་ལོ། །གསུམ་པ་ནི། སྔར་གང་ཤར་སྒྱུ་མའི་ཚུལ་གྱིས་བླང་དོར་མེད་པར་སྤྱད་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རྩལ་སྦྱངས་པ་དུས་དེར་དྲན་པ་ཙམ་གྱིས་བར་དོའི་རང་སྣང་ཐམས་ཅད་རྨི་ལམ་སྒྱུ་མའི་ཚུལ་གྱིས་བདེན་མེད་་དུ་ཤེས་ཏེ། བླང་དོར་གཉིས་སུ་མེད་པར་རྟོགས་ནས་མངོན་པར་སངས་རྒྱའོ། །བཞི་པ་ནི། སྔར་རིག་པ་རང་གྲོལ་ལྷུན་གྲུབ་ཆེན་པོར་ཐག་ཆོད་པས་བཅོས་བསྒྱུར་དང་སྤང་གཉེན་ཞིག་སྟེ། གཞི་རྫོགས་པ་ཆེན་པོའི་ངང་་དུ་ལ་བཟླས་ཏེ་གདོད་མའི་ཟད་སར་ཤེས་པའི་དོན་དེ་དུས་དེར་དྲན་པ་ཙམ་གྱིས་གདོད་མའི་གཞི་ཐོག་ཏུ་སྐད་ཅིག་ལ་གྲོལ་ནས་མངོན་པར་བྱང་ཆུབ་པ་་ཡིན་ནོ། །དེ་ལྟར་རང་སྣང་གི་ཞག་བདུན་པོ་དེ་ནི་སྲིད་པ་རྣམ་པ་བདུན་ཏེ། མདོ་ལས། སྲིད་པ་བདུན་པོ་དག་ལས་ཤིན་ཏུ་འདས་པ་ཞེས་པ་དང་། རྒྱུད་ལས། སྲིད་པ་བདུན་ནི་རྣམ་འཆང་བ། །ཞེས་པའི་དོན་ཏེ། དེ་་ཡང་ད་ལྟ་གོམས་འདྲིས་རབ་དང་ལྡན་པ་དེར་གྲོལ་གྱི་གཞན་ནི་མ་ཡིན་ནོ། །ད་ལྟ་ལེགས་པར་གོམས་པ་དག་དེར་གྲོལ་བ་ཤིན་ཏུ་སླ་ཏེ། དཔེར་ན་ཉིན་པར་གོམས་པའི་དབང་གིས་རྨི་ལམ་ཟིན་པ་ན་མཚན་མོ་འཇིགས་སྐྲག་སྣ་ཚོགས་སུ་རྨིས་པ་རྨི་ལམ་དུ་ཤེས་པ་ཙམ་གྱིས་སྐད་ཅིག་ལ་གྲོལ་བ་བཞིན་ནོ། །དེ་ཡང་ད་ལྟའི་ཤེས་པ་བདུན་འགྱུར་བས་རྨི་ལམ་གསལ་ཏེ་ཤེས་པ་རགས་པ་་འགགས་ནས་ཀུན་གཞི་ལས་ཡེ་ཤེས་ལངས་པས་མེ་ལོང་ལ་གཟུགས་བསྙན་སྣང་བ་བཞིན་ནོ། །རྨི་ལམ་བདུན་འགྱུར་བས་བར་དོར་གསལ་ཏེ་བེམས་རིག་བྲལ་བས་གདོས་བཅས་སྒྱུ་ལུས་ཀྱི་འཆིང་བྱེད་ནི་མེད། ཀུན་གཞི་ལས་དེ་ཡེ་ཤེས་པ་མཆེད་དེ་རང་སྣང་སྣ་ཚོགས་ཀྱི་ཡུལ་སྣང་ལ་སྔར་གྱི་བག་ཆགས་སྤྱོད་པའི་ཕྱིར་རོ། །དེ་ཡང་སྲིད་པར་འཇུག་པ་ནི་


LRD005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་དང་ཆགས་སྡང་གིས་འདྲེས་ལ། །དུས་དེར་ཆོས་གང་ལའང་ཆགས་སྡང་མེད་པས་རང་སེམས་རྩ་བྲལ་དུ་ཤེས་ཤིང་། དེའི་དབང་གིས་རང་སེམས་གྲོལ་ཏེ་འཁོར་བར་མི་འཇུག་པ་ཡིན་ནོ། །དེའང་གཞིའི་གནས་ལུགས་སམ་ཟད་་སའམ་ཡེ་གདོད་མའི་གནས་ལུགས་སམ་སེམས་ཉིད་འོད་གསལ་བའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ནི་ད་ལྟའི་ཤེས་པ་བཅོས་བསླད་མེད་པ་འདི་ཁོ་ན་ཡིན་པས་རང་ངོ་གང་ཤེས་སུ་གཞི་ཐོག་ཀུན་ཏུ་བཟང་པོའི་་སར་གྲོལ་བ་ཞེས་བྱའོ། །གཞན་ཡང་འགྲོ་དྲུག་གི་སྣང་བ་བདེན་མེད་དང་། །བསྐྱེད་རིམ་གྱི་འགོག་པ་དང་། ལྷ་མིའི་མངལ་གནས་འདམ་པ་དང་། ཞིང་ཁམས་དག་པ་ཡིད་ལ་བྱ་བ་རྣམས་ནི་ཞར་ལ་འོངས་པའི་མན་ངག་དམ་པའོ། །དེ་དག་གིས་བར་དོར་གྲོལ་བ་འོད་གསལ་གྱི་གདམ་པ་བཤད་ཟིན་ཏོ། །དོན་གསུམ་པ་ཕྱི་མར་གྲོལ་བ་འཕོ་བའི་གདམས་པ་ནི། རང་ཉིད་་ཡི་དམ་གྱི་ལྷ་གང་ཡང་རུང་བར་བསམ་པའི་སྙིང་ག་ནས་རང་གི་སེམས་ཚོན་སྣ་ལྔའི་གྲུ་གུ་རྡོག་པ་ལྟ་བུ་བསམས་ཏེ། ཧིཀ་ཉི་ཤུ་རྩ་གཅིག་གིས་སྤྱི་བོ་ཚངས་པའི་བུ་ག་ནས་འོག་མིན་ལ་སོགས་པ་རིགས་ལྔའི་ཞིང་ཁམས་དག་པར་རྣམ་སྣང་ལ་སོགས་པའི་ཐུགས་ཀར་འཕངས་པས་སངས་རྒྱས་ཀྱི་ཐུགས་དང་་འདྲེས་ཏེ་ཕྱིར་མི་ལྡོག་པར་མོས་པ་བྱ་ཞིང་། ཞག་གསུམ་དུ་སྦྱངས་པས་སྤྱི་བོར་བུག་པ་དོད་པ་དང་བཞག་ལ། ཟླ་བ་རེ་ལ་ལན་རེ་སྦྱང་ཞིང་། འཇའ་ཚོན་གྱི་རིག་པ་ཞིང་དེར་འཕོ་བ་ཡད་ཀྱིས་ཞག་རེ་བཞིན་བྱ་ཡི་ངག་གིས་ཧིཀ་མི་བརྗོད་དོ། །དེ་ལྟར་གོམས་ན་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་ཁམས་་དག་པར་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་ཐོབ་བོ། །དེ་ལྟར་ལེགས་བཤད་སྤྲིན་གྱི་རྔ་བོ་ཆེས། །


LRD005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་མི་ཤེས་གཉིད་མྱོས་རབ་སད་དེ། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཚུལ་འདི་གངས་རི་ཐོད་དཀར་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། །དྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོད། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་གྱི་དོན་ཁྲིད་རིན་ཆེན་སྙིང་པོ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཤཱཀྱ་སེང་གེས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ། །དཔལ་སྔགས་ཀྱི་བདག་མོ་སྲོག་སྒྲུབ་མ་དང་། བཤན་པ་དམར་ནག་དང་། རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག །ལས་ཅན་ལ་གཏོད་ཅིག །ལས་མེད་ཀྱི་ལག་ཏུ་འགྲིམ་ན་ཆད་པ་དྲག་པོ་ཆོད་ཅིག །ས་མ་ཡ། །རྒྱ་རྒྱ་རྒྱ།། །།དགེའོ།། །།

བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ།


LRD005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ་བཞུགས་སོ། །གདོད་ནས་རབ་ཞི་མཁའ་ལྟར་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །ཡོད་མེད་ཕྱོགས་བྲལ་རྒྱ་ཆད་འཕོ་འགྱུར་མེད། །ཐོག་མའི་མགོན་པོ་ཀུན་བྱེད་ཁྱེད་ལ་འདུད། །ཆོས་ཀུན་སྙིང་པོ་་སེམས་ཉིད་མངོན་སུམ་ལམ། །མ་འགྲོད་མ་སྦྱངས་ད་ལྟ་མངོན་སངས་རྒྱས། །ལྷུན་རྫོགས་ཀུན་བྱེད་ཐེག་པའི་ཡང་རྩེའི་དོན། །ཁྲིད་དུ་བསྡེབས་ཏེ་ཕྱི་རབས་དོན་ཕྱིར་བཤད། །དེ་ལ་ཡང་དག་པར་རྫོགས་པའི་་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་། གདུལ་བྱའི་དབང་པོ་དང་བསྟུན་ནས་ཕལ་ཆེར་དྲང་བའི་དོན་དུ་བསྟན་པ་ཙམ་ལས། ངེས་པའི་དོན་


LRD005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་གསུངས་པ་ནི་མེད་དེ། རྩ་བའི་རྒྱུད་ལེའུ་སུམ་ཅུ་རྩ་གསུམ་པ་ལས། སྐུ་གསུམ་སྟོན་པས་སོ་སོར་བསྟན་པ་ལས། །དེ་བཞིན་ཉིད་་འབྱུང་དེ་ཡི་ལུང་བསྟན་ཡིན། །ཞེས་པ་དང་། ཕྱི་མའི་རྒྱུད་ལེའུ་དྲུག་ཅུ་རྩ་བཞི་པ་ལས་ཀྱང་། འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། །རང་རང་དགའ་བའི་ལམ་ལ་གཟུང་བའི་ཕྱིར། །ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན། །བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར། །དྲང་བའི་ལུང་དུ་ང་ཡིས་རྟོགས་པ་ཡིན། །ཞེས་པ་དང་། བཅོས་སུ་མེད་པའི་ལེའུ་ལས། དེ་བཞིན་ཉིན་ལས་མོས་པར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་་ཇི་ལྟར་བསྟན་པ་དང་། །ངེས་ལུང་མ་ཡིན་དྲང་ལུང་འབའ་ཞིག་ཡིན། །ཞེས་པ་དང་། ཉན་ཐོས་ནས་ཨ་ནུའི་བར་གྱི་ཐེག་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འཇུག་པའི་སྒོར་ཕྱིན་པ་བྱེད་པའི་ཐབས་ཙམ་ལས། དེ་ཉིད་་དངོས་སུ་རྟོགས་པ་ནི་མ་ཡིན་ཏེ། གོལ་སྒྲིབ་ལས་མི་འདའ་བའི་ཕྱིར་རོ། །འདི་སྐད་དུ་ཡང་། རྩ་བའི་རྒྱུད་ལེའུ་སུམ་ཅུ་རྩ་བརྒྱད་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱིས། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཅེས་སོ། །ཐེག་པ་འོག་མ་དེ་དག་གི་དོན་ལ་གོམས་པར་བྱས་ཀྱང་ཚེ་འདི་ཉིད་ལ་སེམས་ཉིད་་ཀུན་བྱེད་ཀྱི་དོན་མི་མཐོང་ཞིང་འགལ་བར་བསྟན་ཏེ། ཕྱི་མའི་རྒྱུད་ཀྱི་སྐྱེ་བ་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །སོ་སོར་བསྟན་པའི་ལུང་ལ་མི་འཐད་ཅིང་། །སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ། །ཀུན་བྱེད་ང་ཡི་དོན་དང་ཤིན་ཏུ་འགལ། །ཞེས་གསུངས་


LRD005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བས་ངེས་པའི་དོན་འབའ་ཞིག་མངོན་དུ་སྟོན་པའི་ལུང་དུས་གསུམ་རྒྱལ་བས་དུས་གསུམ་དུ་མ་གསུངས་པ་ཉིད། སྟོན་པ་ཀུན་བྱེད་ཀྱིས་གསུང་གསུངས་པ་སྟེ། ཕྱི་མ་ཕྱི་མའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ་ལས། ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པ་སྟོན་པའི་སེམས་རྒྱུད་འདི། །དུས་གསུམ་རྒྱལ་བས་སྔ་མར་མ་གསུངས་ཏེ། །ཕྱི་མར་མི་གསུངས་ད་ལྟ་སྟོན་མི་མཛད། །ཀུན་བྱེད་རྒྱལ་པོ་འཕོ་་འགྱུར་མིི་མངའ་བས། །སྔར་ཡང་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་བ། །ད་ལྟ་བྱུང་བར་གསུངས་པས་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །མདོ་ལུང་མངོན་དུ་བསྟན་པའི་བཀའ་བརྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་བསྟན། །ཅེས་སོ། །དེ་ལྟ་བུའི་ཀུན་བྱེད་ནི་ཆོས་ཐམས་ཅད་དང་ཐེག་པ་་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་འདུས་པ་ཡིན་ཏེ། ཕྱི་མིའི་རྒྱུད་ལེའུ་བདུན་ཅུ་རྩ་དགུ་པ་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོའི་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད། །སྙིང་པོའི་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན། །བསམ་གྱིས་མི་ཁྱབ་ཆོས་ལ་མཁས་པར་འགྱུར། །ཀུན་བྱེད་ང་ཡི་དོན་ལ་གོམས་གྱུར་ན། །ཀུན་བྱེད་དོན་ལ་མཁས་ཤིང་གོམས་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཐེག་པ་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་པའི་ཉིང་ཁུ་ཡིན་ཏེ། རྩ་


LRD005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་ལེའུ་བཅུ་གསུམ་པ་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་ཡང་སྙིང་ཡིན་པར་བཤད། །སྟོན་པ་གསུམ་གྱིས་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་བཤད། །ཅེས་སོ། །དེ་ལྟར་ཐེག་པ་བརྒྱད་ལས་འདས་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཀུན་བྱེད་ཨ་ཏིའི་ཐེག་པ། སྙིང་པོ་དོན་གྱི་གདམས་པ་འདི་ལ་གསུམ་སྟེ། སྟོན་བྱེད་སློབ་དཔོན་གྱི་རང་བཞིན། བསྟན་ཡུལ་སློབ་མའི་མཚན་ཉིད། བླང་བྱ་མན་ངག་གི་རང་བཞིན་ནོ། །དང་པོ་ནི། ཕྱི་ནང་གི་ཆོས་དང་གྲུབ་པའི་མཐའ་ལ་མཁས་ཤིང་། ཁྱད་པར་ཨ་ཏིའི་དགོངས་པ་ལ་མངའ་བརྙེས་པས་སློབ་མའི་རྒྱུད་ལ་སྙིང་པོའི་དོན་དེ་ཉིད་རྟོགས་པར་བྱེད་པ་ཡང་དག་པའི་ལམ་སྟོན་པ་ལ་མཁས་ཤིང་། འཇིག་རྟེན་གྱི་ཆོས་དང་མཚན་མའི་རྣམ་པར་གཡེང་བས་མ་གོས་པ་བསྟེན་པར་བྱ་ཞིང་། འབྱོར་པ་ཐམས་ཅད་ཀྱིས་བླ་མ་དམ་པ་དེ་ཉིད་མཉེས་པར་བྱ་བ་ཡིན་ཏེ། རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་ལས། དེ་བས་གསེར་ལ་ནག་མཚུར་བཏང་བ་ཡི། །སློབ་དཔོན་ཡང་དག་སྟོན་པ་རིན་ཆེན་མཛོད། །རིན་ཐང་་དཔག་ཏུ་མེད་པས་བསླུ་བར་འོས། །ཞེས་གསུངས་སོ། །དེ་ལས་གཞན་་དུ་རང་གཞན་གྱི་གྲུབ་པའི་མཐའ་དང་ཆོས་ཀྱི་དོན་ལ་རྨོངས་ཤིང་། དངོས་པོ་དང་མཚན་མར་ཞེན་པས་འདུ་འཛི་དང་གཡེང་བ་ལ་དགའ་བས། སྡོམ་པ་དང་དམ་ཚིག་ཉམས་ཤིང་། དད་ལྡན་འདྲེན་མེད་ལོག་པའི་ལམ་དུ་འཛུད་པ། ཆོས་ཀྱིས་རྙེད་པ་ཚོལ་བ་དེ་ནི་ཨ་ཏིའི་དོན་ལས་ཕྱི་རོལ་དུ་གྱུར་པས། ཚིག་ཙམ་གཞན་ལ་ཆོས་སུ་སྟོན་ཡང་རང་ལ་དེ་ཉིད་རྟོགས་པའི་སྐལ་བ་མེད་


LRD005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྲེའུ་ལྟ་བུའི་ཟློས་པ་དེ་ཉིད་སྤང་བའི་རིགས་སོ། །དེ་སྐད་་དུ་ཡང་རྣམ་དག་དབྱིངས་ཀྱི་ལེའུ་ལས། བྱིས་པས་བསླུ་བས་རྟོག་པའི་ལམ་ལ་བཙུད། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས། །ཆོས་ཀྱིས་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེའུ་འདྲའི་ལུང་། །བསྟེན་པས་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་གསུངས་སོ། །གཉིས་པ་བསྟེན་པར་བྱ་བའི་ཡུལ་སློབ་མའི་རང་བཞིན་ནི། སྤྱིར་དད་པ་དང་དམ་ཚིག་ལྡན་པ། ངང་རྒྱུད་རིང་ཞིང་སྙིང་རྗེ་ཆེ་བ། དད་པ་བརྟན་ཞིང་གཏོང་ཕོད་ཆེ་བ་སྟེ། ཕྱི་མའི་ཕྱི་མ་རྒྱུད་ལེའུ་བརྒྱད་ཅུ་རྩ་གསུམ་པ་ལས། གཞི་རྩ་ཀུན་འདས་བྱང་ཆུབ་སྙིང་པོའི་རྒྱུད། །དགོངས་པ་མངོན་་དུ་ཕྱུང་བའི་ལུང་འདི་ནི། །དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་ཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ། །ཞེས་སོ། །ཁྱད་པར་དུ་འདིའི་ཚིག་དོན་རྫོགས་པར་སྦྱིན་པའི་སྣོད་ནི། ང་རྒྱལ་དང་ཆེ་བ་མེད་པས་བླ་མ་ལ་གུས་པ། བཀའ་ལས་མི་་འདའ་བས་གསུངས་པ་བཞིན་བྱེད་པ། ལུས་དང་སྲོག་ལའང་ཕོངས་པ་མེད་པས་ཞབས་ཏོག་སྒྲུབ་པ། ཚེ་འདི་བློས་བཏང་ནས་དམ་བཅའ་སྒྲུབ་ནུས་པ། ད་ནས་ཇི་སྲིད་འཚོའི་བར་བླ་མའི་བཀའ་བཞིན་སྒྲུབ་ཅིང་དམ་ལས་མི་འདའ་བའི་མནའ་བསྐྱལ་ནུས་པ་ལ་སྦྱིན་ཏེ། དེ་ཉིད་ལས། གྲགས་པ་སྤངས་ཤིང་ང་རྒྱལ་དང་བྲལ་བ། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕོངས་པ་མེད། །བཀའ་ལས་མི་འདས་རྟགས་དང་ལྡན་པ་ལ། །སྙིང་པོའི་དོན་དང་སྐྱེ་མེད་བསྟན་པ་སྦྱིན། །གང་གི་སྙིང་པོའི་བསྟན་པ་


LRD005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐོབ་ནས། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་ན་བདག་གིས་བཀའ་བཞིན་སྒྲུབ་བོ་ཞེས། །དམ་བཅའ་ལེགས་པར་གནས་ན་བཀའ་འདི་སྦྱིན། །ཇི་སྲིད་བདག་དང་སློབ་དཔོན་འཚོ་བ་ཡིས། །ལུས་་དང་སྲོག་གི་འབྲལ་བ་མ་མཆིས་པར། ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཅེས་མནའ་བོར་ལ། །བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་སོ། །དེས་ཀྱང་ཆགས་སེམས་མེད་པས་འབྱོར་བ་ཀུན་གྱིས་བླ་མ་མཆོད་ཅིང་། །བླ་མས་ཀྱང་དེའི་ཚོགས་རྫོགས་པའི་ཕྱིར་བཞེད་པ་མེད་ཀྱང་བླངས་ཏེ་དཀོན་མཆོག་ལ་མཆོད་པར་བྱ་སྟེ། །དེ་ཉིད་ལས། མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་། །རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ནའང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཞེས་སོ། །གསུམ་པ་བླང་བྱ་མན་ངག་གི་རིམ་པ་ལ་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་ཞིང་གདམས་པ་དངོས་གསང་ཞིང་བཀའ་རྒྱས་བཏབ་པའོ། །དང་པོ་རྩ་བའི་རྒྱུད་ལེའུ་གསུམ་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོ་རྒྱུས་དོན་གྱི་དགོས་པ་བསྟན་པ་ནི། དང་པོ་ཡིད་ཆེས་བྱུང་ཁུངས་བསྟན་པའི་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། །རང་བཞིན་བྱིན་གྱིས་བརླབས་པའི་བཤད་ལུགས་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཚིགས་བསྡེབས་པའི་བཤད་ལུགས་སོ། །ཞེས་པས། དང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་་ཡང་དག་དོན་གྱི་འོག་མིན་ཆེན་པོ་ན། བཅོམ་ལྡན་འདས་ཀུན་བྱེད་རྒྱལ་པོ་དགོངས་པ་དོན་གྱི་ཆོས་ཉིད་ལས་


LRD005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཏེ། འོག་མིན་ཁང་བུ་བརྩེགས་པའི་གཞལ་མེད་ཁང་ཆེན་པོར། རིགས་ལྔའི་སངས་རྒྱས་དང་། ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ལས་སྤྲུལ་པའི་སེམས་དཔའ་རྡོ་རྗེ་ལ་བྱིན་གྱི་རླབས་ཀྱིས་བཤད། དེས་ལོངས་སྤྱོད་རྫོགས་པའི་སྐུར་བྱོན་ཏེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་གསུངས། དེས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་སྒྲ་ཚིག་སྡེབ་སྦྱོར་ལེགས་པར་སྦྱོར་བའི་སྒོ་ནས་གསུངས། དེས་སློབ་དཔོན་ཆེན་པོ་ཤྲཱི་སིདྷ་ལ་དོན་གྱི་དགོངས་པ་གཉིས་སུ་མེད་པར་གསུངས། དེས་སྤྲུལ་པའི་ལོ་ཙ་བ་བཻ་རོ་ཙ་ན་ལ་སྙིང་པོ་མཆོག་ཏུ་གསང་བའི་སྒོ་ནས་གསུངས། དེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གཉིས་མེད་ཡེ་ཤེས་ཆེན་པོར་གསུངས། དེས་ལྕོག་རོ་སྐྱེས་བཟང་ལེགས་སྨིན་ལ་དབྱིངས་བྱ་རྩོལ་དང་བྲལ་བར་གསུངས། དེས་འབྲོམ་ལེགས་པའི་་བློ་གྲོས་ལ་དོན་སྐྱེ་བ་མེད་པར་གསུངས། དེས་རྦ་རྒྱལ་བའི་དབང་པོ་ལ་གཞི་འཕོ་འགྱུར་མེད་པར་གསུངས། དེས་མཚུང་མཆོག་གི་བླ་མ་ལ་དཔེ་ནམ་མཁའ་ལྟ་བུར་གསུངས། དེས་དྲུང་ཡེ་ཤེས་དབང་པོ་ལ་དགོངས་པ་རྣལ་བཞག་ཆེན་པོར་གསུངས། དེས་ཟུར་སྟོན་རིན་ཆེན་གྲགས་པ་ལ་རང་བཞིན་གཉིས་སུ་མེད་པར་གསུངས། དེས་ལྕེ་དགའ་བའི་དབང་པོ་ལ་ངོ་བོ་གདོད་ནས་དག་པར་གསུངས། དེས་སྙན་རིན་ཆེན་རྩེ་མོ་ལ་སེམས་ཉིད་གྲུབ་བསལ་མེད་པར་གསུངས། དེས་ཆོས་རྗེ་ཀུན་དགའ་དོན་གྲུབ་ལ་ཆོས་ཉིད་བློ་འདས་ཆེན་པོར་གསུངས། དེས་སློབ་དཔོན་གཞོན་ནུ་དོན་གྲུབ་ལ་རང་བྱུང་བཅོས་བསླད་མེད་པར་གསུངས། དེས་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ལ་ཡེ་གྲོལ་རྒྱུ་འབྲས་ལས་འདས་པའི་ཚུལ་གྱིས་གསུངས། དེས་འཇམ་དབྱངས་ཀུན་དགའ་


LRD005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ལ། དེས་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་རཱ་ཛ་ལ་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གསུམ་སྟེ། སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་གདམས་པའི་མཚོན་ཚུལ། རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་སོ། །དང་པོ་ནི། སེམས་ཉིད་དོན་གྱི་ཡེ་ཤེས་རང་ངོ་ཤེས་པར་བྱ་བ་ནི་བླ་མ་དམ་པ་ལ་རག་ལས་པས། དེ་ཉིད་རྣལ་འབྱོར་དུ་སྒོམ་པའི་རིམ་པ་སྔོན་དུ་འགྲོ་དགོས་ཏེ། རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གསུམ་པ་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པར་རེ་བ་་ཐམས་ཅད་བསྐང་། །བརྟགས་ན་མེད་ལ་བཞག་ན་ལེགས་པར་འབྱུང་བ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁས་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་སྟོན། །ཞེས་གསུངས་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དོན་དམ་པ་རང་གི་ངོ་བོ་ཡེ་ནས་མ་སྐྱེས་པའི་རྗེས་ལ། རང་གི་ལུས་དང་སེམས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་གེ་ཧཱུྃ་མཐིང་གའི་འོད་ཟེར་གྱིས་ཕྱི་དང་ནང་གི་གཟུང་འཛིན་དུ་སྣང་བ་ཐམས་ཅད་འོད་ཟེར་གྱི་དྲྭ་བ་ཆེན་པོས་དག་པར་བྱས་ཏེ། འོག་མིན་གྱི་གནས་ན་ལྷ་དང་ལྷ་མོའི་རང་བཞིན་དུ་བལྟའོ། །དེ་ཉིད་ཀྱི་ངང་ལས་རང་ཉིད་སེམས་དཔའ་རྡོ་རྗེ་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་དཀྲུང་གིས་བཞུགས་པའི་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་རྡོ་རྗེ་


LRD005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་དེ་ཐུགས་་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། འཇའ་ཚོན་ལྟ་བུའི་་ཐུགས་ཀ་ནས་འོད་ཟེར་གྱི་དྲྭ་བ་ཕྱོགས་བཅུར་འཕྲོས་པའི་རང་བཞིན་ཅན་དུ་བསམ་པར་བྱའོ། །དེའི་སྤྱི་གཙུག་ན་པདྨའི་སྡོང་པོ་སེང་གེ་རིན་པོ་ཆེས་བརྒྱན་པའི་སྟེང་ན་རྩ་བའི་བླ་མ་ཉིད་ཀུན་བྱེད་རྒྱལ་པོའི་རྣམ་པ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱ་ཅན། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བརྡར་རྒྱན་དང་ན་བཟའ་མེད་པའི་སྐུ་སྣང་ལ་རང་བཞིན་མེད་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་མཐར། བརྒྱུད་པའི་བླ་མ་རྣམས་ཀྱང་རིགས་ལྔའི་སངས་རྒྱས་གྲངས་མེད་པའི་སྐུ་འོད་ཀྱི་གོང་བུ་སྣང་ལ་རང་བཞིན་མེད་པ་རང་རང་གི་རྒྱན་ཆ་ལུགས་རྫོགས་པར་བསམ་པར་བྱའོ། །དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ཚད་མེད་པ་ཕྱོགས་བཅུའི་འཇིག་རྟེན་དུ་འཕྲོས་པའི་རྩེ་མོ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཐུབ་པ་དྲུག་གྲངས་མེད་པ་སྣང་བས་འཇིག་རྟེན་གྱི་དོན་བྱེད་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ཞེས་རླུང་རྡོ་རྗེའི་བཟླས་པ་དང་ངག་ཏུ་ཅི་ཙམ་ནུས་ཀྱི་བར་དུ་བརྗོད་ནས། མཐར་དེ་ཐམས་ཅད་ཀུན་བྱེད་ཉིད་དུ་བསྡུས་ཤིང་ཐིམ་ནས། དེ་ཡང་ངོ་བོ་ཉིད་མེད་པའི་ངང་ལ་བཞག་ནས་ཨཱཿགྲངས་མེད་པ་བཟླ་བར་བྱའོ། །རྗེས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མའི་ངང་དུ་གྲོལ་བར་ཤོག་ཅིག །ཅེས་བརྗོད་པ་ལས་ལངས་པར་བྱའོ། །འདི་ནི་ཤིན་ཏུ་གསང་བ་དམ་པའོ། །དེ་ལྟར་ཟླ་བ་ཕྱེད་དུ་སྦྱངས་པས་སྣང་བ་འལ་འོལ་རྨི་ལམ་སྒྱུ་མ་ལྟར་རྟོགས་པའི་ངང་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ཐམས་ཅད་བདག་མེད་པར་རྟོགས་པར་རང་བྱུང་དུ་སྐྱེ་ཞིང་། ཚེ་འདིའི་རྣམ་པར་གཡེང་བ་དང་།


LRD005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཆོས་ལ་བློ་མི་ཆགས་ཤིང་། སྐྱོ་ཤས་དང་ངེས་འབྱུང་བཙན་ཐབས་སུ་སྐྱེ་བའོ། །དེས་ནི་ཀུན་བྱེད་ཀྱི་དགོངས་པ་རང་ཤར་་དུ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞི་གདམས་པའི་མཚོན་ཚུལ་ལ་བཞི་སྟེ། ལྟ་བས་ཐག་བཅད། སྒོམ་པས་ལ་བཟླ། སྤྱོད་པས་་འཕྲང་བསལ། འབྲས་བུར་རེ་དོགས་སྤང་བའོ། །དང་པོ་ལ་གཉིས་ཏེ། སྣང་བ་སེམས་ཀྱི་རོལ་པར་ཐག་བཅད་པ་དང་། སེམས་ཉིད་སྟོང་པར་ཐག་བཅད་པའོ། །དང་པོ་ནི། འདི་ལྟར་སྣང་སྲིད་ཐམས་ཅད་མདང་གི་རྨི་ལམ་ལྟར་རང་གི་སེམས་ལ་སྣང་བ་ལས་གཞན་དུ་གྲུབ་པ་འགའ་ཡང་མེད་དེ། རྩ་བའི་རྒྱུད་ལེའུ་དྲུག་པ་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས་། །ཇི་ལྟར་སྣང་ཡང་ང་ཡི་ངོ་བོ་ཉིད། །ཇི་ལྟར་བྱུང་ཡང་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་བྱུང་བ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་བྱུང་བ་་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་གསུངས་སོ། །དེ་ལྟར་ཐམས་ཅད་རང་གི་སེམྶ་ཀྱི་ཆོ་འཕྲུལ་ལས་མ་འདས་པས། །མ་རྟོགས་པ་ལ་འཁོར་བར་བསྙད་པ་ཡིན་ཏེ། དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། བརྐམ་ཞིང་ཆགས་པའི་དབང་གིས་སྣང་བར་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ། །དཔེར་ན་སེམས་ལ་སྣང་བའི་ཆོས་དང། རང་གི་སེམས་གཉིས་རྨི་ལམ་གྱི་རྣམ་པ་ལྟར་དོན་ལ་གཉིས་སུ་མེད་པའི་ངང་ལ་གོམས་པར་


LRD005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། རྩ་བའི་རྒྱུད་ལེའུ་བཅོ་ལྔ་པ་ལས། ཇི་ལྟར་སྣང་བའི་ཆོས་རྣམས་་ཐམས་ཅད་དང་། །རང་སེམས་ཆོས་ཉིད་ཡེ་ནས་གཅིག་ཡིན་པས། །རྒྱུ་་འབྲས་ལུགས་བཞིན་འདི་ལས་ལྡོག་མི་བྱེད། །རང་སེམས་དེ་བཞིན་ཉིད་ལས་ལྡོག་མི་བྱེད། །རང་སེམས་དེ་བཞིན་ཉིད་ལས་བརྟག་བྱ་རུ། །རང་གི་བྱང་ཆུབ་ངོ་བོ་སྣང་བ་ཡིན། །ཞེས་སོ། །དེ་ལྟར་བརྟགས་པའི་སྣང་བའི་དངོས་པོ་ས་ཆུ་མེ་རླུང་ལ་སོགས་པ་ཕྱི་རོལ་དུ་གྲུབ་པ་མེད་པའི་ངང་དུ་ཞག་བཅུར་བཞག་པས། བྱང་ཆུབ་སེམས་ལས་ཐ་དད་པའི་ཆོས་རྡུལ་ཙམ་་ཡང་མེད་པར་རྟོགས་ནས་གཟུང་ཡུལ་གཞན་དུ་ཞེན་པའི་སྤྲོས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་ཕྱི་སྣང་བའི་ངོ་བོ་ནི། རང་བཞིན་མེད་པར་སྟོང་པའི་ཆ་ལ་བྱང་ཆུབ་སེམས་ཀྱི་ངོ་བོར་བསྟན་པ་ལ། སྣ་ཚོགས་སྣང་ལ་མ་འགག་པའི་ཆ་ནས་བྱང་ཆུབ་སེམས་ཀྱི་རོལ་པར་བསྟན་ལ། སྣང་བ་སེམས་སུ་འདོད་པ་དང་མི་མཐུན་ཏེ། སྣང་བ་འདི་བྱང་ཆུབ་སེམས་ཀྱི་རོལ་པར་ཤར་ཡང་སེམས་བྱུང་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེས་ན་སེམས་དང་བྱང་ཆུབ་སེམས་གཉིས་མ་ཕྱེད་དོ། །བྱང་ཆུབ་སེམས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སེམས་ཉིད་འོད་གསལ་བ་ཡིན་ལ། སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་རྒྱུ་སྟེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བརྟགས་རྣམ་པ་ཅན་རྟོག་ཡིན། །ཞེས་པར་ལྟར་རོ། །གཤིས་གང་དུ་བྱང་ཆུབ་ཀྱི་སེམས་ཡིན་པ་ན་སེམས་སེམས་བྱུང་འགག་པའོ། །སེམས་ནི་ཡུལ་རྟོག །བྱང་ཆུབ་སེམས་ནི་ཡུལ་མི་རྟོག་པའོ། །དེས་ན་སེམས་སུ་ཞེན་པའི་འཛིན་པ་ཡང་གདོད་ནས་དག་པའི་ཆོས་ཉིད་དུ་བསྟན་པའི་ཕྱིར་རོ། །གཉིས་པ་སེམས་སྟོང་པར་ཐག་བཅད་པ་ནི། རྩ་རྒྱུད་ལེའུ་རྩ་གཉིས་


LRD005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ནང་དུ་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དོ། །ཡུལ་ཕྱིིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མ་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་དོན་ཆེན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པས། ད་ལྟར་གྱི་དྲན་རིག་ཕྱི་ནང་བར་གསུམ་ལ་རྟོགས་པ་འདི་དང་པོ་གང་ནས་འོང་། །ད་ལྟ་གང་ན་གནས། ཐ་མ་གར་འགྲོཁ་དོག་དང་དབྱིབས་མཚན་ཉིད་ངོས་བཟུང་ཇི་ལྟར་འདུག །ད་ལྟ་ཤར་དུས་ཉིད་ནས་ཕྱི་སྣང་བའི་ཡུལ་ལ་་འདུག་གམ། ནང་ཕུང་པོའི་ནང་ན་འདུག་གམ། བར་སྣང་འདི་ལ་གནས་སམ་སྙམ་དུ་བརྟགས་ཤིང་། ཕྱི་སྣང་བ་དང་། ནང་གི་ལུས་འདི་སོ་སོར་ཕྱེ་ཞིང་གཞིག་པས་གང་དུའང་མ་གྲུབ་པ་དེའི་ཚེ། རང་བཞིན་བཅུའི་དོན་ཡང་མ་གྲུབ་པ་ཉིད་དུ་ལ་བཟླ་བར་བྱ་སྟེ། དེ་ལྟར་བཙལ་བས་ངོ་བོ་མ་རྙེད་པའི་སེམས་འདི་ལ་ལྟ་བ་དང་། སྒོམ་པ་དང་། དམ་ཚིག་དང་། ཕྲིན་ལས་དང་། དཀྱིལ་འཁོར་དང་། དབང་དང་། ས་སྦྱང་བ་དང་། ལམ་བགྲོད་པ་དང་། སྒྲིབ་པ་སྦྱང་བ་དང་། ཡེ་ཤེས་སམ་་སངས་རྒྱས་བྱ་བ་ཞིག་བསྒྲུབ་བྱ་སྒྲུབ་བྱེད་དུ་འདུག་གམ་སྙམ་དུ་སོ་སོར་བརྟགས་ཤིང་དཔྱད་པས། དེ་དག་གི་ངོ་བོ་གང་ཡང་མ་རྙེད་པ་ནི་གཞི་ནས་་དག་པའི་རང་བཞིན་བཅུའི་དོན་སྒོམ་མེད་ཆེན་པོར་ལ་བཟླས་པ་ཞེས་གསུངས་སོ། །རྩ་རྒྱུད་ལེའུ་དགུ་པ་ལས། ཆོས་རྣམས་ཀུན་གྱི་ལ་ནི་ང་་ཡིས་བཟླ། ང་ལས་གཞན་དུ་ལུང་ནི་གཞལ་མེད་པས། །ལྟ་བ་སྒོམ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་བཙལ་དུ་མེད་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་སྒྲིབ་པ་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླ། །ང་ནི་མ་


LRD005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླ། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ས་ལམ་བགྲོད་དུ་མེད་པར་ལ་ཡང་བཟླ། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླ། །རང་བྱུང་ཡེ་ཤེས་གཏན་ལ་དབབ་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླ། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ཞེས་གསུངས་སོ། །དེ་དག་དབང་པོ་དང་བསྟུན་ནས་ཞག་གསུམ་ནས་ལྔ་བཅུ་གཅིག་ཏུ་རྟོགས་། དེ་ནས་གཉིས་པ་སྒོམ་པ་ལ་བཟླ་བ་ནི། དེ་ལྟར་སེམས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་པའི་རྟིང་ལ། དབེན་པར་ལུས་སེམས་ཁོང་ཀློད་ལ་སོས་དལ་བག་ཕབ་སྟེ་རྣམ་སྣང་གི་ཆོས་བདུན་དང་ལྡན་པ་ལ། བླ་མས་བསྟན་པ། དེ་ཡང་སྣང་སེམས་ཐམས་ཅད་ཡེ་ནས་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་མཉམ་པའི་རྒྱལ་པོ་ཡིན་པས། །བཅོས་བསླད་དང་རེ་དོགས་མེད་པར་རང་བཞག་ཆེན་པོའི་ངང་ལ་ཀློད་ཅིག །འདི་ཉིད་མི་རྟོག་ཆོས་སྐུའི་དགོངས་པ་ཡིན་ཏེ། ངེས་པ་ཚིག་གཞིའི་ལེའུ་ལས། ཀྱེ་སེམས་དཔལ་ཆེན་པོ་འདི་ལྟར་དོན་རིག་གྱིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོགས་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་གསུངས་པས། ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུ་ཡེ་ནས་དག་པའི་ངང་ལ་སྒོ་གསུམ་རྩོལ་བྲལ་མཉམ་པ་ཉིད་དུ་ཞོག་ཅིག །སྣང་ཡུལ་ཅི་སྣང་ཡང་དེ་ལ་འཛིན་ཞེན་མེད་པ་དེ་ཉིད་ཀྱི་སྟེང་དུ་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་། རྟོག་དང་སྣང་བ་ཙམ་དུ་ཡང་འཛིན་པ་མེད་པའི་ངང་དྭངས་སྤྲོས་པ་དང་བྲལ་བ་འཆར་བ་ནི་སེམས་ཉིད་ཡེ་གྲོལ་ཀུན་བྱེད་ཀྱི་དགོངས་པ་ཡིན་ཏེ། ལྷུན་གྲུབ་རེ་དོགས་ལ་མེད་


LRD005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་ལས། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་སྒོམ་པས། །སྣང་བ་དངོས་པོར་མི་ལྟ་འཛིན་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་པས། །སྟོང་པ་མི་བསྒོམས་ཅི་ཞིག་རྟོགས་པར་གྲོལ། །ཞེས་སོ། །དེ་ཉིད་རང་བྱུང་་འོད་གསལ་ཀྱི་དགོངས་པ་ཡིན་ཏེ། ཇི་བཞིན་པ་ལ་བྱ་རྩོལ་རང་གྲོལ་བའི་ལེའུ་ལས། ཇི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མ་བཙལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་པས་རང་གསལ་བཅོས་བསླད་མེད་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེའི་ངང་ལ་རྟོགས་པ་ཅི་ཤར་ཡང་དེ་ཉིད་ལ་ཅེར་གྱིས་བལྟས་ཏེ་དེའི་སྟེང་དུ་བཞག་པས། །རྟོག་པ་དེ་ཉིད་མ་སྤང་རང་སར་གྲོལ་ཏེ་སྔ་མའི་ངང་དུ་རྣམ་གཞག་གཅིག་ཏུ་གནས་པ་ནི། བྱུང་ཚོར་ཆུ་ཡི་རི་མོ་བཞིན་་དུ་རང་སར་གྲོལ་བ་སྟེ། དེ་ཇི་བཞིན་པ་བྱ་རྩོལ་དང་བྲལ་བའི་ལེའུ་ལས། དེ་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལས། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་ན། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་པ་དང་། བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་ལས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པས། །གང་ལྟར་བསམ་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱངཡེངས་པ་མེད། །ཅེས་གསུངས་སོ། །དེ་ནས་ས་ཆུ་མེ་རླུང་ནམ་མཁའི་ངང་ལ་རིམ་གྱིས་


LRD005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བལྟར་བཅུག་ལ། འབྱུང་བ་དེ་དག་ནི་རང་བཞིན་གྱིས་རྟོག་པ་མེད་པའི་ངོ་བོ་ལ་དེ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། རང་སེམས་སྟོན་པར་འབྱུང་བའི་ལེའུ་ལས། ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་གི་བྱང་ཆུབ་སེམས་དེ་ཉིད། །སྟོན་པ་ཡིན་པར་མངོན་བསྟན་ན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ནི། །རང་སེམས་སྟོན་པ་མ་མཐོང་པས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོན་པར་མངོན་ཕྱུང་བས། །རང་སེམས་སྟོན་པའི་ཆོས་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཀུན་ཏུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་བྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནིི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ། །དགོངས་པ་ཉིད་ལས་ཉིད་མི་རྟོག །ཡུལ་ཆོས་གཞན་ཡང་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ས་ཡི་སྐུར་ཕྱུངས་ནས། །ཚིག་དང་་ཡི་གེ་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་ངོ་བོ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ། །སྟོན་པ་ཆུ་ཡི་སྐུར་ཕྱུངས་ནས། །སྟོན་པ་མེ་་ཡི་སྐུར་ཕྱུངས་ནས། །སྟོན་པ་རླུང་གི་སྐུར་ཕྱུངས་ནས། །སྟོན་པ་ནམ་མཁའི་སྐུར་ཕྱུངས་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་ཕྱེད་པ་ཡི་དགོངས་པ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །


LRD005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཕྱུང་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་བཤད་པ། འདི་ཡིས་ཀུན་ཀྱང་རིག་པར་གྱིས། །ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཁྱེད་རྣམས་ང་ཡིས་བྱས་པའི་ཕྱིར། །ང་ཡི་སྲས་ཡིན་ང་དང་མཉམ། །ང་དང་མི་གཉིས་ང་ཡིན་ཕྱིར། །ང་ཡིས་ཁྱོད་ལ་མངོན་ཕྱུང་བས། །ང་ཡི་ངོ་བོ་སྟོན་པ་ལྔས། །རང་བཞིན་རྣམ་ལྔ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་ང་ཡིན་ཕྱིར། །དེ་བཞིན་ཁྱོད་ཀྱིས་ཡིད་ཆེས་ཀྱིས། །ཀྱེ་ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ང་མེད་ཙམ་ན་ཁྱོད་ཀྱང་མེད། །ཁྱོད་མེད་པ་ཡི་དུས་ཙམ་ན། །སྟོན་པ་ང་་ཡང་འབྱུང་མི་འགྱུར། །མི་རྟོག་ཆོས་ཀྱང་གསུང་མི་འགྱུར། །ཞེས་གསུངས་པས། འདི་ལྟར་སྣང་བ་སྟོང་པར་ངོ་སྤྲོད་པ་ཡིན་གྱི། ཕྱིན་ཆད་གང་སྣང་གི་སྟེང་དུ་དེར་འཛིན་མ་ཞུགས་པས་བཅོས་བསླད་མེད་པར་རང་ཤར་རང་གྲོལ་དུ་ངོ་ཤེས་པར་གྱིས་ཤིག །ཅེས་སོས་དལ་ལ། རི་ལ་སོགས་པའི་ས་དང་ཆུ་དང་། མར་མེ་ལ་སོགས་པའི་མེ་དང་། རླུང་དང་ནམ་མཁའ་རེ་རེ་བཞིན་ངོ་སྤྲད་དེ། དེས་ནི་སྣང་སྲིད་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྒོམ་པའི་རྣམ་གཞག་ཆེན་པོར་འཆར་བའི་དགོས་པ་ཡོད་་དོ། །དེ་ལྟར་ངོ་སྤྲོད་པས་ད་ལྟ་ཉིད་ནས་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་གནས་པས། སྐྱོན་ཡེ་ནས་དག་ཅིང་ཡོན་ཏན་ཕུན་གསུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པས། ལུས་མིར་སྣང་ཡང་་དགོངས་པ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པར་ལུང་བསྟན་པ་ནི། རྣམ་གྲངས་བསྡུ་བའི་ལེའུ་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པ། །བྱ་བ་ཕུན་སུམ་ཚོགས་པས་བདེ། །གཅིག་རྫོགས་


LRD005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱི་བྱ་བར་རྫོགས། །གསུམ་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་ལ་རྫོགས་པའི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་པའི་དོན་བཤད་ལ། དེ་རིང་ཉིད་ནས་སངས་རྒྱས་ཀྱི་དགོངས་པ་ལ་སླེབས་བོ། །ཞེས་ལུང་བསྟན་པར་བྱའོ། །གསུམ་པ་སྤྱོད་པས་འཕྲང་བསལ་བ་ལ་གསུམ་སྟེ། ཉོན་མོངས་རང་གྲོལ་གྱི་སྤྱོད་པ། སྣང་བ་དབང་བསྒྱུར་གྱི་སྤྱོད་པ། བརྟུལ་ཞུགས་ལམ་སློང་གི་སྤྱོད་པའོ། །དང་པོ་ནི། བླང་དོར་མེད་པའི་ལེའུ་ལས། འདོད་པ་ལྔ་ཡང་སེམས་ཀྱིས་སྤྱོད་པར་རྟོགས། །ཞེས་པ་དང་། མི་ནུབ་རྒྱལ་མཚན་གྱི་ལེའུ་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་འདོད་ཡོན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་དང་། བྱར་མེད་རྫོགས་པ་བསྒོམ་དུ་མེད་པ་ལས་ཀྱང་། ཀུན་དང་མི་མཐུན་འཇིག་རྟེན་ཡོངས་ཀྱིས་སྤང་བའི་ཆོས། །ཉོན་མོངས་ལྔ་པོ་མཚམས་མེད་ལྔ་པོ་ཡང་། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད། །ཅེས་གསུངས་པས། འདི་ལ་གཉིས་ཏེ། ཉོན་མོངས་སྐྱེ་བའི་ཡུལ་འདོད་ཡོན་རྒྱན་གྱི་སྤྱོད་པ་དང་། དེ་ལ་བླང་དོར་དུ་མ་ཞེན་པ་ཉོན་མོངས་རང་གྲོལ་གྱི་སྤྱོད་པའོ། །དང་པོ་ནི། གཟུགས་


LRD005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་ཅི་སྣང་ཡང་སྣང་བ་དེ་ཉིད་ཆོས་ཅན་གྱི་ངོས་ནས་རྨི་ལམ་སྒྱུ་མ་ལྟར་སྣང་སྟོང་། གྲགས་སྟོང་། དྲི་སྟོང་། རོ་སྟོང་། རེག་སྟོང་བདེན་མེད་ཀྱི་སྣང་བ་འལ་འོལ་སེང་སེང་ཁྲལ་ཁྲོལ་དུ་སྤྱད་ཅིག །ཆོས་ཉིད་ཀྱི་ངང་ནས་རང་སེམས་སྟོང་པ་གསུང་པའི་ལེའུ་ལྟར། སྣང་ཐོག་དེ་ཉིད་དུ་ཆེར་བལྟས། ཕྱམ་བཞག་པས་དེར་འཛིན་གང་ཡང་མེད་པའི་ཤེས་པ་གཉིས་མེད་རང་གྲོལ་དུ་འཆར་རོ། །དེ་ལྟ་བུའི་སྤྱོད་པས་སྣང་བ་ཆོས་ཉིད་ཀྱི་རྒྱན་དུ་བྱེད་པས་འདོད་ཡོན་དབྱིངས་ཀྱི་རྒྱན་ཞེས་བྱའོ། །གཉིས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གང་སྐྱེས་ཀྱང་དེའི་རྩལ་རྫོགས་སུ་བཅུག་ནས། ལས་མ་བསགས་པའི་དུས་སྐད་ཅིག་དང་པོ་ལ་ངོས་བཟུང་། གཉིས་པ་ལ་དེ་ཐོག་ཏུ་ཆེར་བལྟས་ཏེ་ཕྱམ་བཞག་པས་དུག་ལྔ་གང་སྐྱེས་དེ་ཉིད་མ་སྤངས་རང་སར་གྲོལ་བའི་རིག་པ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་འཆར་རོ། །དེ་ཡང་འདོད་ཆགས་བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་གསལ་སྟོང་མེ་ལོང་ལྟ་བུའི་ཡེ་ཤེས། གཏི་མུག་སྣང་སྟོང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ང་རྒྱལ་རིག་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས། ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་ཏེ། ཉན་རང་ལྟར་མ་སྤངསབྱང་སེམས་ལྟར་མ་སྦྱངས། གསང་སྔགས་ལྟར་མ་བསྒྱུར་བར་ཉོན་མོངས་པའི་རྟོག་པ་དེ་ཉིད་རང་སར་དག་སྟེ། ཀུན་བྱེད་རང་བྱུང་རིག་པའི་རྒྱལ་པོ་ལྷུན་གྱིས་གྲུབ་པ། ཐེག་པ་ཀུན་ལས་ཁྱད་པར་འཕགས་པ་ཞེས་བྱའོ། །དེས་ནི་ནང་ཉོན་མོངས་པ་སྐྱེ་གྲོལ་ཡེ་ཤེས་སུ་ཤར་བས་ད་ལྟ་སངས་རྒྱས་ཀྱི་དགོངས་པ་ལྷུན་གྲུབ་ཆེན་པོ་ལ་རིག་པའི་དགོས་པ་ཡོད་དོ། །གཉིས་པ་སྣང་བ་


LRD005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་གྱི་སྤྱོད་པ་ནི། རྣམ་དག་དབྱིངས་ཀྱི་ལེའུ་ལས། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཤེས། །མི་ལེན་མི་སྤངས་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤངས་མི་བྱེད། །ཅེས་པ་དང་། མི་ནུབ་རྒྱལ་མཚན་ལས། བདག་དང་གཞན་དུ་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། སྙིང་པོའི་དོན་ལ་གནས་པའི་ལེའུ་ལས། ཀྱེ་རིག་པའི་རྒྱལ་པོ་གསལ་བར་་དབང་བསྒྱུར་བས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡི་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་སྣང་བའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལས་ཚིག་གི་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོའི་་དོན་ལ་འཇུག་པར་བྱེད། །ཅེས་གསུངས་པས། གཟུགས་སྣང་། སྒྲ་སྣང་། དྲན་རིིག་ཡིད་ཀྱི་


LRD005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཐམས་ཅད་སྣང་དུས་ཉིད་ནས་མ་སྐྱེས་པའི་དཀྱིལ་འཁོར་གསུམ་དུ་གནས་པའི་ཕྱིར། དེ་ཐོག་ཏུ་རྟོག་དཔྱོད་གང་་ཡང་མི་བྱེད་པར་རང་བབ་གཉིས་མེད་ཆེན་པོར་སྤྱོད། དེས་ནི་སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་པས་དགག་སྒྲུབ་དངསྤང་གཉེན་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་བརྟུལ་ཞུགས་ལམ་སློང་གི་་སྤྱོད་པ་ནི། དགའ་མི་དགའ། བདེ་སྡུག །གཙང་བཙོག །འཇིགས་མི་འཇིགས། ན་མི་ན། དགྲ་གཉེན། ཆགས་སྡང་ལ་སོགས་པ་གཉིས་བཅས་དགག་སྒུབ་ཀྱི་ཞེན་ཡུལ་བླང་དོར་ཐམས་ཅད་ཀྱི་སྟེང་དུ་རོ་སྙོམས་ཤིང་། ཐོག་འགེལ་བཟློག་བསྒོམ་བྱ་བ་ཡིན་ཏེ། མ་གཡོས་འདོད་པ་མེད་པའི་ལེའུ་ལས། ཀྱེ་སེམས་དཔའ་ཆེན་པོ་གཅིག་ལ་གཉིས་སུ་མ་བྱེད་ཅིག །བདེ་་དང་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་བ་མ་ལེན་སྡུག་མ་སྤོངས། །རང་བཞིན་གནས་པ་ཀུན་ཀྱང་སྒྲུབས། །བདེ་ལ་ཆགས་པ་སྡུག་བསྔལ་ཡིན། །ཀུན་བསལ་་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་དང་། བླང་དོར་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །དགེ་སྡིག་བླང་དོར་གཙང་སྦྲ་ཆེ་ཆུང་ཀུན། །སྐྱེ་མེད་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །བླང་དང་དོར་བ་མེད་པ་དོན་དུ་རྟོགས། །གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས། །སྤྱད་དང་མ་སྤྱད་གཉིས་སུ་མེད་པར་རྟོགས། །མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས། །གཞི་རྩ་མེད་པའི་བྱང་ཆུབ་སེམས་སུ་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་


LRD005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །གང་ལྟར་སྤྱོད་པ་དེ་ལྟར་མི་འགལ་ཏེ། །བྱས་དང་མ་བྱས་གཉིས་ཀ་སྐྱེ་མེད་པ། །ཤེས་པས་གང་ལྟར་སྤྱོད་པ་སྐྱེ་མེད་དོན། །ཀྱེ་ཀུན་བྱེད་རྒྱལ་པོ་ང་་ཡི་སྤྱོད་པ་ལ། །མཁའ་ལྟར་གནས་པས་གྲངས་དང་ཚད་གཟུང་མེད། །གཉིས་སུ་མེད་པས་ཡིན་མིན་ཕྱོགས་ལས་འདས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པར་བསྟན། །འདོད་ཡོན་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །ཆགས་སྡང་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །རྒྱན་གྱི་རྒྱུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས། །ཁམས་གསུམ་སྲིད་གསུམ་སེམས་ཀྱི་སྤྱོད་པར་རྟོགས། །སྐྱེ་མེད་མ་རྟོགས་པ་ཡི་སྤྱོད་པ་ནི། །རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད། །ཅེས་པ་དང་། མཉམ་པར་བླང་དོར་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དང་དོར་བའི་ཆོས་ཉིད་ངས་མི་སྟོན། །གཅིག་ལས་གཉིས་སུ་དབྱེ་བའི་ཆོས་མི་སྟོན། །རྟོག་དཔྱོད་འདས་ལ་རྟོག་་དཔྱོད་བསམ་མི་བྱ། །མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད། །བྱ་བ་གང་དང་ཅི་སྣང་ཆོས་ཉིད་ལ། །མ་བསམ་རང་བཞིན་བཞག་པས་གྲོལ་བར་སྟོན། །ཞེས་པ་དང་། ཡང་དེ་ཉིད་ལས། ཀུན་བྱེད་རྒྱལ་པོ་ང་ཡི་་སྤྱོད་པ་ནི། །མ་བཙལ་ལྷུག་པར་བཞག་པས་དོན་ཀུན་རྫོགས། །སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད། །རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས། །ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པ། །དུས་གསུམ་སྐྱེ་མེད་ངང་དུ་མཉམ་པ་ལྟར། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་བསྟན་ཏོ། །ཞེས་གསུང་སོ། །དེ་ལྟར་གཉིས་མེད་རང་གྲོལ་དུ་སྤྱོད་པས་སྤང་གཉེན་གྱི་


LRD005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་འགྱེལ། གཉེན་པོ་དྲན་བའི་མེལ་ཚེ་ཞིག །འདི་ཡིན་གྱི་ཆོས་མེད། རེ་དོགས་ཀྱི་འཕྲང་འདས། དུས་གསུམ་གཞི་མེད་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བགྲོད་ལྷུན་གྱི་གྲུབ་པས། ཆོས་ཉིད་ཟད་པའི་ས་ལ་གཏན་སྲིན་ཟིན་པ་ཞེས་བྱའོ། །དེས་ནི་ལྟ་སྒོམ་བོགས་འབྱིན་པའི་དགོས་པ་ཡོད་དོ། །བཞི་པ་འབྲས་བུ་རེ་་དོགས་སྤང་བ་ནི། ད་ལྟར་གྱི་སེམས་ཉིད་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་ལས་གཞན་པའི་སངས་རྒྱས་ཞིག་ལོགས་ནས་བཙལ་དུ་མེད་དེ། བཅོས་སུ་མེད་པའི་ལེའུ་ལས། ཀྱེ་ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེ་བས་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས། །སེམས་ལས་བྱུང་བའི་ཆོས་རྣམས་ལ། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲུལ་པ་ལྔ། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དོ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ཏེ། །ད་ལྟ་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔར་མ་བཅོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་སོ། །དེས་ན་སེམས་ཉིད་བཅོས་བསླད་མེད་པའི་ངང་ན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་


LRD005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ད་ལྟ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་ཡིན་ཏེ། སྦྱང་དུ་མེད་པའི་ལེའུ་ལས། ཀློང་ཆེན་སེམས་ཀྱིི་གནས་འདི་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུལ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱངས་ཤིང་བགྲོད་མི་དགོས། །ཞེས་སོ། །འོ་ན་ད་ལྟ་སངས་རྒྱས་ཡིན་ན་ས་དྲུག་རྫོགས་སམ་ཞེན། །ཤིན་ཏུ་ཡང་རྫོགས་པར་བཤད་དེ། དེ་ཉིད་ལས། རང་བྱུང་ཡེ་ཤེས་མ་འགག་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་་དུ་མི་རྟོགས་ཆགས་པ་མེད་པ་ལ། །མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཤད། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་བྱུང་ཡེ་ཤེས་ཆོས་ཉིད་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་ཆོས་རྣམས་ཐམས་ཅད་ལ། །ཡེ་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །ཅེས་གཅིག་ལས་སོ་སོར་དབྱེ་ན་དྲུག་ཏུ་སྣང་ཡང་དེ་དག་རང་བྱུང་ཡེ་ཤེས་ཀྱི་ས་གཅིག་ལས་གཞན་མ་ཡིན་པས་རྫོགས་པ་ཆེན་པོ་ས་གཅིག་པ་ཞེས་བྱའོ། །དེས་ན་ད་ལྟའི་སེམས་ལ་ཡེ་ནས་སྒྲིབ་པ་མེད་པས་དེ་བཞིན་ཉིད་ལས་མ་གཡོས་པས་ཀྱང་སྒོ་ལྔའི་རྣམ་ཤེས་སོ་སོར་གསལ་བ་དང་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་སོ་སོར་གསལ་བ་ཉིད་ཡེ་ཤེས་ཀྱི་རོལ་པ་ཞེས་བྱ་སྟེ། མ་བཙལ་རང་ལ་རྫོགས་པས་རེ་དོགས་བྱ་མི་དགོས་པ་ཉིད་དོ། །ཡེ་ཤེས་སྒྲིབ་པ་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ཡེ་ཤེས་ནི། །


LRD005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་སྤྲོས་པ་ཀུན་དང་བྲལ། །རབ་ཞི་རྡུལ་མེད་མཁའ་ལྟར་དག་པ་སྟེ། །སྐྱེ་བ་མེད་པ་ཞེས་སུ་བསྟན་པ་ཡིན། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །རྣམ་པའི་ཁྱད་པར་མ་བཅོས་སོ་སོར་གསལ། །དེ་ལྟར་གང་གིས་རིག་ཅིང་རྟོགས་པ་ནི། །ཀུན་བྱེད་རྒྱལ་པོའི་སུས་སུ་ལུང་བསྟན་ཏོ། །ཞེས་སོ། །དེ་ཡང་རང་གསལ་སྤྲོས་བྲལ་གྱི་སེམས་ཉིད་གྲྭ་མ་ཆག་ཟུར་མ་ཉམས་པར་རྩོལ་མེད་གཞི་གྲོལ་དུ་རྟོགས་པ་ལས་གཞན་པའི་འབྲས་བུ་མེད་དོ། །ལྷུན་གྲུབ་བཙལ་དུ་མེད་པའི་ལེའུ་ལས། ཀྱེ་ང་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །ཇི་ལྟར་རྟོགས་པ་ཁྱོད་ལ་ལུང་བསྟན་པས། །ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་རྟོགས་པར་འགྱུར། །ཡེ་ནས་རྩོལ་སྒྲུབ་མེད་པར་དབུགས་ཕྱིན་ཏོ། །ཀུན་བྱེད་རྒྱལ་པོ་ང་ཉིད་ལུང་བསྟན་ཏོ། །ཞེས་པ་དང་། ལྷུན་གྲུབ་རེ་དོགས་མེད་པའི་ལེའུ་ལས་ཀྱང་། ཀྱེ་སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོག་མི་བྱ། །འཁོར་དང་མྱ་ངན་་འདས་པ་རེ་དོག་བྲལ། །ཞེས་སོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད་ནི། རྒྱུ་འབྲས་གཉིས་ལ་གང་ལྟ་བ་འདུས་མ་བྱས་ལ་རྒྱབ་ཀྱིས་ཕྱོགས་པས། ད་ལྟའི་སེམས་ལས་གཞན་པའི་སངས་རྒྱས་འདོད་པ་ཡིན་ཏེ། ནམ་མཁའ་་འདི་སྦྱངས་ཤིང་བསྒྱུར་བས་ད་ལྟའི་ནམ་མཁའ་འདི་ལས་གཞན་པའི་ནམ་མཁའ་རྣམ་དག་གཅིག་ཕྱི་ནས་འདོད་པ་དང་མཚུངས་སོ། །འདི་ནི་ད་ལྟ་སངས་རྒྱས་ཀྱི་ངོ་བོར་འདོད་པས། རང་གསལ་དུ་བསྒོམས་པས་ཆུའི་རྙོག་མ་དྭངས་པ་ལྟར་གློ་བུར་གྱི་ཀུན་རྟོག་སེམས་ཉིད་ཀྱི་ངང་དུ་དྭངས་བས། སྐུ་གསུམ་རང་ཆས་སུ་འཆར་བ་ཨ་ཏི་ཡོ་ག་རང་བཞིན་ལྷུན་གྱིས་གྲུབ་པའི་


LRD005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཡིན་ནོ། །གསུམ་པ་རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་ནིི། བླ་མ་དམ་པའི་མན་ངག་ལས་བྱུང་བ་བཞིན་རང་གིས་ཉམས་སུ་མྱོང་བ་རྣམས་འདིར་བརྗོད་དེ། དེ་ཡང་ལྟ་བ་ཕྱོགས་བྲལ་འཛིན་མེད། སྒོམ་པ་རང་གསལ་ཤར་གྲོལ། སྤྱོད་པ་ཤུགས་འབྱུང་ཟང་ཐལ། འབྲས་བུ་རེ་དོགས་གཉིས་མེད་རྣམས་ཀྱི་དོན་ལ་གོམས་ཤིང་འདྲིས་པར་བྱེད་པ་ལ། ལྟ་བའི་གོལ་ས་་སྟོང་པ་ཕྱང་ཆད་པས་དགེ་སྡིག་འཆོལ་བར་སྤྱད་ཅིང་སྙིང་རྗེ་མེད་ན། ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ལ་གོལ་བས། །བླ་མ་ལ་གསོལ་བ་བཏབ་པ་་དང་དག་སྣང་མོས་གུས་བྱ། བྱམས་དང་སྙིག་རྗེ་བསྒོམ། ལས་འབྲས་་དང་མི་རྟོག་པ་ལ་བློ་སྦྱོང་ངོ། །དངོས་པོ་ལ་མཚན་མར་ཞེན་ནས་ལྟ་བ་གོ་་ཡུལ་ཙམ་ལས་ཕྱི་ནང་གི་ཆོས་ལ་བདེན་བདེན་ཡིན་ཡིན་ངོས་བཟུང་ཅན་དུ་ཤར་ན། བདག་འཛིན་མཚན་མའི་ལྟ་བ་ལ་གོལ་བས་ཆོས་ཐམས་ཅད་བདེན་མེད་ཟང་ཐལ་ལ་བློ་སྦྱོང་། གང་སྣང་རྨི་ལམ་ལ་འཛིན་མེད་སྒྱུ་མར་བསླབ། དེ་ནས་སྣང་བ་ལ་ངོས་འཛིན་མེད་པའི་རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཤར་དུས་དེ་ཀའི་ངང་ལ་མ་ཡེངས་པར་གསལ་སང་ངེ་བསྒོམ་མོ། །བྱིངས་ཞིང་འཐིབས་ན་རྣམ་རྟོག་ཡུལ་ལ་སྤྲོ། བསིལ་ཁང་མཐོ་ས་བསྟེན། རྩལ་སྦྱངས་ཤིང་འབད་དོ། །སྒོམ་པའི་གོལ་ས། རྣམ་རྟོག་སྣ་ཚོགས་འཕྲོ་ན་འཛིན་མེད་དུ་བློ་སྦྱངས་ཏེ། དེ་བས་ཀྱང་རྟོག་པ་མང་བར་འཕྲོ་ན་་སེམས་ཅུང་ཟད་ཀྱང་ནང་དུ་མི་བཞག་པར་སྤྲོ་ལ་ངོས་བཟུང་ནས་གང་དུ་ཡང་མི་འཕྲོ་བའི་ཚེ་ན་རྟོག་མེད་མཉམ་པའི་ངང་ལ་མ་ཡེངས་པར་སེམས་ཕྱི་རོལ་སྣང་བའི་སྟེང་དུ་བཟུང་ལ་བསྒོམས་པས་གསལ་ལ་རྟོག་མེད་དུ་ཤར་བ་ན་དེ་ཉིད་རྒྱུན་བསྲིངས་ལ་བསྒོམ་མོ། །བདེ་གསལ་མི་རྟོག་པའི་རིག་པ་ལ་ཆགས་ན་དེ་ཉིད་བཤིག་ལ་རང་གི་ངོ་བོ་ལ་


LRD005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཤིང་ལྟ་བའི་རྩལ་སྦྱང་བྱའོ། །དེ་ནས་སྣང་བ་འཛིན་མེད་དུ་བུན་ནེ་ཤིགས་སེ་བསྒོམ་བྱ་སྒོམ་བྱེད་རྩོལ་སྒྲུབ་མེད་པས་ན་བློ་དེ་ཉིད་ཀྱི་སྟེང་དུ་རྒྱུན་བསྲིངས་ལ་གསལ་སྟོང་མི་རྟོག་པ་ལ་རང་ངོས་སྟོང་པའི་ངང་ལ་བློ་སྦྱོང་ངོ་། །དེ་ཡང་དང་པོ་དམིགས་པ་གང་ཡང་རུང་བ་ཅིག་ལ་བློ་བརྟན་པ་ཐོབ་པར་བྱེད་པ་གལ་ཆེའོ། །ཕྱིས་ནས་ཐམས་ཅད་རོ་མཉམ་གཅིག་ཏུ་འཆར་བར་འདུག་གོ། སེམས་གནས་་ཐོག་ནས་འཕྲོ། འཕྲོ་ཐོག་ན་གནས། གནས་འཕྲོ་གཉིས་མེད་དུ་ཤར་བ་ནི་གོམས་པ་ཆུང་འབྲིང་ཆེ་གསུམ་མོ། །དེ་ནས་ད་ལྟར་གྱི་སྣང་བ་ལ་བདེན་ཞེན་མེད་པའི་ཉམས་འཆར་རོ། །འདིའི་དུས་སུ་སྣང་བ་ཡད་ཡུད། གཏམ་ཡང་ངེས་མེད་རྨི་ལམ་ཡང་དགེ་བ་འབའ་ཞིག་གོ། དེ་ནས་སྣང་བ་་ཡང་འལ་འོལ། གཏམ་ཡང་འབྲེལ་མེད། རྨི་ལམ་ཡང་ཟིན་ལ་ཉིན་དུས་ཅི་བྱེད་པ་རྨིའོ། དེ་ནས་སྣང་བ་ཡངས་སང་ངེ་། གཏམ་ཡང་ངེས་མེད། རྨི་ལམ་ཡང་འོད་གསལ་དུ་གྲོལ་ཏེ། དེའི་ཚེ་རིག་པ་གཏད་མེད་འབའ་ཞིག་ཏུ་འཆར་རོ། །དེ་ལྟར་རྨི་ལམ་རྒྱུན་ཆད་ནས་བག་ཆགས་ཀྱི་འཁྲུལ་པ་རང་ཞིག་ལ་སོང་སྟེ། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་དབྱིངས་སྐྱེ་བ་མེད་པ་དང་རོ་མཉམ་གཅིག་ཏུ་གྱུར་པས་གདོད་མའི་ཀུན་བྱེད་ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞི་ལ་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་སེམས་ཉིད་སྤྲོས་པ་་དང་བྲལ་བའི་ངང་དུ་བསྒོམས་པས་ཆོས་སྐུ་མཐར་ཐུག་གི་དོན་ལྷུན་གྱིས་གྲུབ་པས་ན། ལོངས་སྐུ་དང་སྤྲུལ་སྐུ་དེའི་ངང་ལས་ལྷུན་གྲུབ་ཏུ་འཆར་བ་ནི། རང་བྱུང་ཡེ་ཤེས་ཀྱི་ཆེ་བའོ། །སྤྱོད་པའི་གོལ་ས་ཐ་མལ་རང་གིས་གཉིས་་འཛིན་མཚན་མ་ལ་ཞེན་པ་སྟེ། གང་བྱུང་ཡང་ལྟ་སྒོམ་གྱི་དོན་ལས་ཅུང་ཟད་ཀྱང་མ་ཡེངས་པར་སྤྱོད་


LRD005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤུགས་འབྱུང་ཟང་ཐལ་གྱི་སྤྱོད་པ་ཚོགས་དྲུག་ལྷུག་པའི་རང་བཞིན་ཅན་འབྱུང་ངོ། །དེ་ཉིད་ཀྱི་དོན་ལས་མི་འགལ་བར་་སྤྱོད་དོ། །འབྲས་བུའི་གོལ་ས་རེ་དོགས་གཉིས་སུ་འཛིན་པའི་རྟོག་པ་འབྱུང་སྟེ། རང་བྱུང་གི་ཡེ་ཤེས་འདི་ཉིད་སངས་རྒྱས་ཡིན་པར་དོན་ལ་ཡིད་ཆེས་པས། ཐེ་ཚོམ་ཅན་དུས་ཕྱིས་ཐོབ་དུ་རེ་བའི་གོལ་ས་ལས་གྲོལ་ལོ། དོན་གསུམ་པ་གསང་བའི་རྒྱས་གདབ་པ་ནི། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་ཡང་ལྔ་ལས་མང་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་རབ་ཏུ་གསང་ངོ་། །མ་གསང་ན་གཉིས་ཀ་ལ་བར་ཆད་དང་སྒྲོ་སྐུར་འབྱུང་ཞིང་སྙིང་པོའི་བསྟན་པ་ནུབ་པར་འགྱུར་ཏེ། བསྟན་པ་གང་ལ་བཞག་པའི་ལེའུ་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་སྣུབ། །དེ་བས་རིགས་ངན་གང་ཟག་ལ་གསང་བྱ། །ཞེས་གསུངས་སོ། །དེ་ལྟར་སྣོད་མིན་ལ་གསང་ཞིང་། །སྐལ་ལྡན་ལ་བསྟན་པས་མཆོག་གི་དངོས་གྲུབ་འགྲུབ་བོ། །དེ་ལྟར་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་འདི། །བློ་བཟང་སློབ་མས་ནན་གྱིས་བསྐུལ་བའི་ངོར། །གངས་རི་་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བས་འགྲོ་ཀུན་ཀུན་བྱེད་ཉིད་གྱུར་ཅིག །གང་བློ་མཁའ་ལྟར་ཡངས་ཤིང་རབ་ཞི་ཡང། །དེ་བློ་ཅུང་ཟད་མི་རྟོགས་ལོག་པར་རྟོགས། །ཉན་བློ་མུན་པའི་རང་བཞིན་འདི་མཐོང་ནས། །འཕགས་བློའི་ཐུགས་རྗེས་ཟིན་པའི་གོ་སྐབས་དཀའ། །དེང་སང་བདག་ཅག་སྲིད་པའི་མཚོར་འཁྱམས་ཏེ། །གཏི་མུག་རང་བཞིན་སྒྲིབ་པའི་དྲྭ་བས་གཡོག །ཆོས་ཚུལ་རིན་ཆེན་མིག་ཐུར་དབྱེ་བྱས་ཀྱང་། །ད་དུས་


LRD005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དེ་ཉིད་མཐོང་དུས་མེད། །ཀྱེ་མ་སེམས་ཉིད་རིན་ཆེན་ནོར་བུ་མཆོག །སྐལ་མང་གཞན་དུ་སྟོར་བ་འདིར་སྙེད་ཀྱང་། །ལེན་པར་མི་བྱེད་སྤྲོས་པའི་རླུང་གིས་དཀྲུགས། །ཉེ་དུ་འཁོར་བའི་གནས་ལས་ཐར་དུས་མེད། །གང་ན་གནས་རྣམས་བྱང་ཆུབ་དེ་འདོད་ཀྱང་། །དབེན་པའི་སེམས་ལ་དེ་ཉིད་མཐོང་དུས་མེད། །འདིར་འབད་ཕྱི་དུས་རེ་བའི་བསམ་པས་བསླུས། །ཏིང་འཛིན་ལས་རུང་ཙམ་ཞིག་འདིར་ཡོད་དམ། །བདག་གཞན་དོན་མེད་འཇིག་རྟེན་གཡེང་བའི་མཚོར། །བསྐལ་མང་ཞིག་ཏུ་ལྷུང་བས་ཐར་དུས་མེད། །དེ་ལས་སྐྱོབ་པར་བྱེད་པ་སུ་ཞིག་ཡོད། །འདི་ལྟར་བསམ་པས་མི་བཟོད་སྐྱོ་བ་འཕེལ། །ཟབ་མོའི་ཆོས་ཚུལ་བརྒལ་དཀའ་རིན་ཆེན་གྲུ། །མངོན་སུམ་སྙིང་པོའི་སེམས་ཉིད་འདིར་བརྟེན་ནས། །མི་་ཡི་སྲིད་པ་དོན་དང་ལྡན་པར་མཛོད། །ནམ་ཕུགས་གཏན་གྱི་བདེ་བ་རྙེད་པར་འགྱུར། །བདག་གིས་འདི་ན་སྲིད་པའི་གྲོལ་བ་ལ། །སྙིང་རྗེས་ཤས་ཙམ་སྦྱིན་པ་མ་གཏོགས་པ། །དེ་ཉིད་མངོན་སུམ་འདྲེན་པར་ནུས་མེད་པས། །གཅིག་པུར་ནགས་ཀྱི་ནང་དུ་གནས་པ་ཡིན། །ཆུ་གཙང་ལོ་མ་མེ་ཏོག་འབྲས་མང་ཞིང་། །སྦ་དང་འཁྲི་ཤིང་འོད་མའི་ར་བས་བསྐོར། །སྨྱུག་མའི་བསིལ་ཁང་ཡིད་འོང་ཉམས་དགའ་བར། །བདག་བློ་ཞི་བའི་ཏིང་འཛིན་འགྲུབ་པར་ཤོག །དེར་ནི་འདྲེ་དང་སྐྱེ་བོས་མི་མཐོང་ཞིང་། །ཆུ་གཙང་དཀའ་ཐུབ་ཟས་ཙམ་དེས་འཚོ་བས། །བླ་མའི་མན་ངག་བདུད་རྩིའི་་དོན་བསྒོམས་ཏེ། །སྲོག་དང་བཅས་པའི་ལུས་འདི་འདོར་བར་ཤོག །དེ་་ཡང་འཆི་ཁའི་འོད་གསལ་ཟིན་པ་དང་། །བར་དོའི་འོད་གསལ་གདོད་མའི་སར་གྲོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །བྱང་ཆུབ་ཀྱི་སེམས་


LRD005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། སློབ་མ་དམ་པས་བསྐུལ་བའི་ངོར། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་སེམས་ལུང་རིན་ཆེན་སྒྲོན་མེའི་ལུང་བཞིན་བཀོད་པ་རྫོགས་སོ།། །།དཔལ་སྔགས་ཀྱི་བདག་མོ་དང་། གཟའི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག །ས་མ་ཡ། །དགེའོ།། །།


previousབདུན་པ་གསང་བ་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་ཁྲིད་ཡིག་ཟབ་མོའི་སྐོར་ལ།next