Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟླ་བ་གྲགས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཟླ་བ་གྲགས་པ།next

ཟླ་བ་གྲགས་པ།

ཟླ་བ་གྲགས་པས་ནི།

སངས་རྒྱས་བསྐྱངས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་བཀྲལ་བས་དེ་དང་རང་གི་དོན་དམ་པ་དང་ཀུན་རྫོབ་པའི་འཇོག་ཚུལ་ཁྱད་པར་མེད་པར་བཞེད་ལ། རང་གི་ལུགས་ནི་དབུ་མ་པ་གཞན་གྱིས་བཀྲལ་བ་དང་ཐུན་མོང་མ་ཡིན་པར་བཤད་དེ། འཇུག་འགྲེལ་ལས། ཇི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར་བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་མི་བརྗོད་པ་དེ་བཞིན་དུ། ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པའི་ལུགས་འདི་ནས་འབྱུང་བ་དེ་ཡང་སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ་ལོ། །དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །གཞན་ཡང་འཇུག་འགྲེལ་ལས། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ་བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ། །ཞེས་གསུངས་ཏེ། གོང་དུ་རང་མཚན་གྱིས་གྲུབ་པའི་རྒྱུ་འབྲས་བཀག་པ་ལ་དོན་དམ་པར་དེ་བཀག་ནས་གཞན་སྐྱེ་འགོག་པ་རིགས་ཀྱང་ཐ་སྙད་དུ་རང་བཞིན་ནམ་རང་གི་མཚན་ཉིད་ཀྱིས་སྐྱེ་བའི་གཞན་སྐྱེ་འདོད་དགོས།དེ་མི་འདོད་ན་ཀུན་རྫོབ་ཏུ་ཡང་བདེན་པ་མེད་པས་ཀུན་རྫོབ་ཀྱི་བདེན་པ་མེད་པར་འགྱུར་རོ། །ཞེས་རྒོལ་བ་ལ་རིམ་པ་བཞིན་དུ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་བདེན་པ་གཉིས་ཆར་དུ་མེད་པར་བསྒྲུབས་ཏེ། འདི་ནི་དབུ་མ་པ་དོན་དམ་པར་མི་སྐྱེ་ཡང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པར་འདོད་པ་ལ་སྒྲུབ་ཀྱི་དངོས་པོར་སྨྲ་བ་ལ་མིན་པས། དབུ་མ་པ་གཉིས་ལ་དགག་བྱའི་ཁྱད་པར་དེ་ཙམ་ཡོད་དོ། །ཟླ་བའི་ཞབས་ཀྱི་ལུགས་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྒོ་ནས་ཡོད་པར་འཇོག་པ་ནི་ཐ་སྙད་དུ་ཡང་མི་བཞེད་པས་རང་གི་ཐ་སྙད་འཇོག་ལུགས་ནི། ཚིག་གསལ་ལས། གཞན་ཡང་ལུས་ཀྱི་རྟེན་ཅན་ཁྱད་པར་དུ་བྱེད་པ་འཇིག་རྟེན་པའི་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་མ་བརྟགས་ན་གྲུབ་པ་བརྟེན་པ་པོ་མཆི་གུ་དང༌། མགོ་ཡི་རྟེན་ཅན་བརྟེན་པ་པོ་སྒྲ་གཅན་ནི་གང་ཟག་ལ་སོགས་པ་བཏགས་པ་ལྟར་ཡོད་པའི་ཕྱིར་དཔེ་འདི་རིགས་པ་མ་ཡིན་ནོ། །ཞེས་པ་འདིའི་དོན་ནི་འཇིག་རྟེན་ན་མཆི་གུའི་ལུས་དང་སྒྲ་གཅན་གྱི་མགོ་ཞེས་ཐ་སྙད་བྱེད་པ་ལ་ལུས་དང་མགོ་ལས་ཐ་དད་པའི་ཁྱད་པར་མེད་ཀྱང་རྟོག་ངོར་གཞི་ཆོས་རུང་བ་བཞིན་དུ། སའི་རང་གི་མཚན་ཉིད་སྲ་བ་ཞེས་པ་ལ་ཡང་སྲ་བ་མིན་པའི་ས་མེད་ཀྱང་དེ་ལྟ་བུའི་ཐ་སྙད་བྱེད་དོ་ཞེས་པའི་ལན་དུ། ལུས་དང་མགོ་ཞེས་པའི་སྒྲ་ལས་དེ་གཉིས་ལ་དམིགས་པའི་བློ་སྐྱེས་པ་ན་ཁྱད་གཞིར་བཟུང་ནས་གང་གི་ལུས་དང་གང་གི་མགོ་ཡིན་སྙམ་དུ་ཤེས་པར་འདོད་པ་ན། སྟོན་པ་པོས་ཀྱང་མཆི་གུ་དང་སྒྲ་གཅན་མིན་པའི་ལུས་དང་མགོ་ཡིན་པ་བསལ་བར་འདོད་ནས། འཇིག་རྟེན་པའི་བརྡའི་རྗེས་སུ་བྱེད་པ་ཁྱད་པར་གྱི་ཆོས་མཆི་གུ་དང་སྒྲ་གཅན་གྱི་སྒྲས་ཉན་པ་པོའི་དོགས་པ་སེལ་བ་ནི་རིགས་ན། སྲ་བ་མིན་པའི་ས་མེད་པས་ས་ཡི་རང་གི་མཚན་ཉིད་སྲ་བའོ་ཞེས་པ་ལ་དོགས་པ་དེ་འདྲ་བསལ་རྒྱུ་མེད་པའི་ཕྱིར་དཔེ་དོན་གཉིས་མི་མཚུངས་སོ་ཞེས་ལན་མཛད་ནས། དཔེ་མ་གྲུབ་པའི་རྒྱུ་མཚན་གཞན་ཞིག་ཀྱང་སྟོན་ཏེ་ཁྱད་པར་གྱི་གཞི་རྟེན་ལུས་དང་མགོ་བོ་དང་ཁྱད་པར་གྱི་ཆོས་བརྟེན་པ་མཆི་གུ་དང་སྒྲ་གཅན་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་དུ་གྲུབ་པས་དེ་གཉིས་ཐ་དད་མེད་པའི་དཔེར་མ་གྲུབ་བོ་ཞེས་འཆད་དོ། །ལྷས་བྱིན་གྱི་གཟུགས་ལྷས་བྱིན་གྱི་སེམས་ཞེས་བརྗོད་པ་ན་ཐ་སྙད་དེ་གང་ལ་བཏགས་པའི་གཞི་ལྷས་བྱིན་དང་དེའི་གཟུགས་དང་སེམས་ཇི་ལྟར་གྲུབ་དཔྱད་པ་ན་ཆོས་དེ་དག་ཀྱང་ལྷས་བྱིན་མིན་ལ། དེའི་གཟུགས་སེམས་སོགས་ལས་དོན་གཞན་དུ་ཡང་ལྷས་བྱིན་མི་རྙེད་པས་དཔྱད་ཅིང་བཙལ་ནས་རྙེད་པའི་དོན་ལ་ལྷས་བྱིན་འཇོག་ས་མེད་པ་ནི་བདག་མེད་པ་ཞེས་པའོ། །ཆོས་རྣམས་ཀྱི་འཇོག་ཚུལ་ཡང༌།ལུང་དེའི་འཕྲོ་ཉིད་ནས། དེ་བཞིན་དུ་རྣམ་པར་དཔྱད་པ་ན་ས་ལ་སོགས་པ་དེ་དག་ལ་ཡང་སྲ་བ་ལ་སོགས་པ་དག་ལས་ཐ་དད་པའི་མཚན་གཞི་མེད་ལ། མཚན་གཞི་ལས་ཐ་དད་པར་རྟེན་མེད་པའི་མཚན་ཉིད་ཀྱང་མེད་མོད་ཀྱི་དེ་ལྟ་ནའང་འདི་ནི་ཀུན་རྫོབ་ཏུ་ཡོད་དེ། དེས་ན་སློབ་དཔོན་རྣམས་ཀྱིས་ཕན་ཚུན་ལྟོས་པ་ཙམ་གྱི་གྲུབ་པའི་སྒོ་ནས་གྲུབ་པར་རྣམ་པར་གཞག་པར་མཛད་དོ། །ཞེས་གསུངས་པས་ལྟོས་ནས་ཡོད་པར་གསུངས་སོ། །ཟླ་བའི་ལུགས་ལ་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་ཀྱང་ཡོད་པར་ཁས་ལེན་ཏེ། འཇུག་འགྲེལ་ལས། གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་ཡང་ཤེས་བཞིན་དུ་མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང་འབྲས་བུ་ལས་ཐ་དད་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས། རང་བཞིན་དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་གསུངས་སོ། །ཐལ་འགྱུར་བས་ནི་ཐ་སྙད་འདོགས་པའི་བློའི་དབང་གིས་མ་བཞག་པའི་ཐ་སྙད་དུ་ཡོད་པ་མི་བཞེད་དོ། །དབུ་མ་རང་རྒྱུད་པ་རྣམས་ནི་ཐ་སྙད་འདོགས་པའི་བློའི་དབང་གིས་གཟུགས་ཚོར་སོགས་པ་འཇོག་མི་ནུས་ལ། གནོད་པ་མེད་པའི་དབང་པོའི་དབང་གིས་ཐ་སྙད་དུ་ཡོད་པ་འཇོག་ནུས་པར་འདོད་པས་བློའི་དབང་གིས་བཞག་མ་བཞག་གི་བློ་ལ་ཡང་ཁྱད་པར་ཆེའོ། །དེ་འདྲ་བའི་བློའི་དབང་གིས་བཞག་པ་མིན་པར་ཆོས་རང་གི་ངོས་ཀྱི་གནས་ལུགས་ཀྱི་དབང་གིས་ཡོད་མེད་སོགས་དཔྱོད་པ་ནས་དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པར་འགྲོ་བར་འདོད་ཀྱི། སྔར་བཤད་པའི་དཔྱོད་ལུགས་དེ་ཙམ་ནས་མི་འདོད་པས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་དོ། ། ལུགས་འདིས་གཞི་ཆོས་ཅན་ནམ་སྟོང་གཞིའི་སྒོ་ནས་བདག་མེད་གཉིས་སུ་འབྱེད་ཀྱི་མེད་རྒྱུའི་བདག་ལ་མི་འདྲ་བ་མི་བཞེད་དེ། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་ཆོས་དང་ གང་ཟག་གི་དབྱེ་བས་ཕྱེ་ཡི་དགག་བྱའི་བདག་གཉིས་ཀྱི་སྒོ་ནས་ཕྱེ་བར་མ་གསུངས་ལ། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། དེ་ལ་བདག་ཅེས་བྱ་བ་ནི། གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བ་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའོ། །ཞེས་སོ། །རག་མ་ལས་ཀྱི་ངོ་བོ་ནི་མིང་དུ་བཏགས་པ་ཙམ་མིན་པར་དོན་གྱི་ངོས་ནས་སྡོད་ལུགས་ཡོད་པ་རང་དབང་བའི་ངོ་བོ་ཡིན་པའོ། །རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་རང་རྒྱུད་པ་རྣམས་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་མ་བསྟན་ཅིང༌། གང་ཟག་གི་བདག་མེད་བསྟན་པ་ནི་ཉན་ཐོས་སྡེ་པས་གཏན་ལ་ཕབ་པའི་རྟག་གཅིག་རང་དབང་བའི་བདག་མེད་པའམ་རྫས་ཡོད་ཀྱིས་བདག་མེད་པ་ལས་ལྷག་པ་ཐེག་ཆེན་དུ་ཡང་བཤད་རྒྱུ་མེད་པར་བཞེད་ལ། སངས་རྒྱས་བསྐྱངས་དང་ཟླ་གྲགས་གཉིས་ཀྱི་ལུགས་ཀྱིས་དེ་གཉིས་ཀ་ལས་བཟློག་སྟེ་སྨྲ་བའི་དང་པོ་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བཤད་པའི་ཚུལ་ནི། སངས་རྒྱས་བསྐྱངས་ཀྱིས། བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་བདག་མེད་པའི་དཔེར་སྒྱུ་མ་དང་བྲག་ཆ་དང་གཟུགས་བརྙན་དང་སྨིག་རྒྱུ་དང་རྨི་ལམ་དང་དབུ་བ་རྡོས་པ་དང་ཆུའི་ཆུ་བུར་དང་ཆུ་ཤིང་གི་ཕུང་པོ་དག་བསྟན་ཏེ། འདི་ལ་དེ་བཞིན་ཉིད་དམ་མ་ནོར་བ་དེ་བཞིན་ཉིད་ནི་འགའ་ཡང་མེད་ཀྱི། འདི་དག་ནི་སྤྲོས་པ་ཡང་ཡིན་འདི་དག་ནི་རྫུན་པ་ཡང་ཡིན་ནོ། །ཞེས་ཀྱང་གསུངས་སོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་ལ་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ་བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཕུང་པོ་ལྔ་བདག་མེད་པའི་དཔེར་རིམ་པ་བཞིན་དུ་དབུ་བ་དང་ཆུ་བུར་དང་ཆུ་ཤིང་དང་སྨིག་རྒྱུ་དང་སྒྱུ་མ་བསྟན་པ་དང༌། འདི་དག་རྫུན་པ་ཡིན་ནོ། །ཞེས་གསུངས་པ་དང༌། ཆོས་ཐམས་ཅད་བདག་མེད་དོ་ཞེས་ཐེག་དམན་གྱི་སྡེ་སྣོད་ལས་གསུངས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏེ་བདག་གི་དོན་ནི་ངོ་བོའི་དོན་ཡིན་པའོ། །འཇུག་འགྲེལ་ལས་ཀྱང༌། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་ཉན་ཐོས་ལ་བསྟན་པའི་མདོ་དྲངས་ནས་ཆོས་ཀྱི་བདག་མེད་བསྟན་པར་གསུངས་ཤིང༌། རིགས་པ་དྲུག་ཅུ་པ་ལས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་དང༌། དེའི་འགྲེལ་པ་ལས་ཀྱང༌། མེད་ལྟ་ཟློག་པ་ནི་ཉན་ཐོས་སྡེ་པ་ལ་གསལ་བས་དེའི་རིགས་པ་མི་བཤད་དོ། །ཡོད་ལྟ་ཟློག་པ་ཡང་བདེན་པ་དམ་པ་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན་ནོ། །ཞེས་སོགས་ཀྱིས་གསུངས་མོད་ཀྱང། ལན་མང་དུ་དང༌། བར་མེད་པ་དང་གཞུང་གཅིག་ཏུ་བཀོད་ནས་མ་གསུངས་པས་དེའི་རིགས་པ་བཤད་པར་གསུངས་སོ། །འདི་ལ་ལེགས་ལྡན་གྱིས། དཔེ་དེ་དག་གིས་ནི་གང་ཟག་གི་བདག་ཏུ་སྣང་ཡང་མེད་པར་སྟོན་པས་གང་ཟག་གི་བདག་མེད་བཤད་ཀྱི་ཆོས་ཀྱི་བདག་མེད་མིན་ནོ། །བདག་གི་སྒྲའི་དོན་ཀྱང་ཆོས་ཀྱི་ངོ་བོ་ཉིད་མ་ཡིན་གྱི་གང་ཟག་གི་བདག་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པར་ཆོས་ཀྱི་བདག་མེད་བཤད་ན་ནི་ཐེག་པ་ཆེན་པོ་དོན་མེད་པར་འགྱུར་རོ། །ཞེས་བཀག་གོ །འཇུག་འགྲེལ་དུ་ཐེག་པ་ཆེན་པོར་ནི་ཆོས་ལ་བདག་མེད་པ་ཙམ་ཞིག་མི་སྟོན་གྱི། ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྨོན་ལམ་དང་ཚོགས་གཉིས་ལ་སོགས་པ་སྟོན་པས་དོན་མེད་དུ་མི་འགྱུར་ཞེས་རིན་ཆེན་འཕྲེང་བའི་ཤེས་བྱེད་དང་བཅས་པས་བསྒྲུབས་སོ། །སློབ་དཔོན་གྱིས་བཞེད་པར་ཡང༌། རྩ་ཤེས་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པ་དང༌། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་སོགས་ཀྱིས་ཟླ་བས་བསྒྲུབས་ཏེ། རིགས་པ་དྲུག་ཅུ་པ་ལས་ཀྱང༌། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཅེས་གསུངས་ལ། རྫུན་པའི་དོན་ངོ་བོ་ཉིད་ཀྱིས་སྟོང་པའི་རང་བཞིན་མེད་པ་ལས་གཞན་དུ་འདྲེན་པ་ལ་གནོད་པ་བརྗོད་ནས་དོན་དེར་ངེས་པར་རྩ་ཤེ་ལས་བསྒྲུབས་པས། ཐེག་དམན་གྱི་སྡེ་སྣོད་དུ་ཡང་ཆོས་ཀྱི་བདག་མེད་ཀྱང་བཤད་པ་ནི་འཕགས་པའི་དགོངས་པར་ངེས་པས་འདོད་པར་བྱའོ། །དེ་ལྟ་ནའང་ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་ལ་རང་མཚན་གྱིས་གྲུབ་པའི་རང་བཞིན་ཡོད་དོ་ ཞེས་མ་གསུངས་པར་མི་སྒྲུབ་ཀྱི་དེ་སྐད་གསུངས་པའི་སྐབས་ཀྱང་མང་ངོ། །གང་ཟག་གི་བདག་མེད་ནི་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན་གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ལ་འདོད་དོ། །ཀུན་གཞི་འདོད་པས་ནི་ཀུན་གཞིའི་རྒྱུན་ཉིད་གང་ཟག་ཏུ་འདོད་དོ། །གང་ཟག་གི་བདག་དེ་དག་གིས་དེ་ལྟར་འདོད་པའི་ལུང་ནི་མངས་སུ་དོགས་ནས་མ་བྲིས་སོ། །ཟླ་བའི་ལུགས་ཀྱིས་དེ་འདྲའི་གང་ཟག་རྫས་ཡོད་ཁེགས་ཀྱང་གང་ཟག་ཐ་སྙད་དུ་བཏགས་པ་ཙམ་མིན་པའི་རང་གི་ངོ་བོས་གྲུབ་པ་མི་ཁེགས་ལ་དེ་ཡོད་པར་འཛིན་པ་གང་ཟག་བདེན་འཛིན་ཡིན་པས་གང་ཟག་གི་བདག་འཛིན་ཡིན་ཏེ་ཆོས་ཀྱི་བདག་འཛིན་བཞིན་ནོ། །ཚོགས་ཙམ་ལ་སོགས་པ་གང་ཟག་ཏུ་འཇོག་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་གཏན་མི་རུང་བའི་ཕྱིར་ཏེ། བདག་དང་བདག་གི་བ་ནི་འཇིག་རྟེན་ན་རྗེ་ཁོལ་ལྟར་འཇོག་པའི་ཕྱིར་རོ། །ཟླ་བའི་ལུགས་འདིར་ཉན་རང་གིས་ཐར་བ་ཐོབ་པ་ལ་བདག་མེད་གཉིས་རྟོགས་དགོས་པ་འཕགས་པ་ཀླུའི་བཞེད་པ་དམ་པ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡོད་ལྟ་དང་རྒྱུ་འབྲས་ལ་སོགས་པ་མི་རུང་བར་མཐོང་བའི་མེད་ལྟ་གཉིས་ཇི་སྲིད་མི་འདོར་བ་དེ་སྲིད་དུ་མ་གྲོལ་བ་དང༌། དངོས་པོ་དངོས་མེད་ཀྱི་དེ་ཉིད་མཐའ་གཉིས་དང་བྲལ་བ་ཤེས་པས་གྲོལ་བར་གསུངས་པའི་ཕྱིར་རོ། །གྲོལ་ཞེས་པ་ཤེས་སྒྲིབ་ལས་གྲོལ་བ་ལ་དྲང་དུ་མི་རུང་སྟེ་སྲིད་པ་འདི་ལས་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་ཅེའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་འཁོར་བ་ལས་གྲོལ་བ་ལ་ཡོད་མེད་ཀྱི་མཐའ་གཉིས་སྤངས་པ་དགོས་པར་འདོད་དོ། །འཇུག་པ་རང་འགྲེལ་ལས།ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་ཡོད་གསུངས་པ་དང༌། འཇུག་འགྲེལ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །བདག་མེད་པ་འདི་ནི་མདོར་བསྡུས་ནས་རྣམ་པ་གཉིས་སུ་གསུངས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའོ། །ཡང་ཅིའི་ཕྱིར་བདག་མེད་པ་རྣམ་པ་གཉིས་ཉེ་བར་བསྟན་ཞེ་ན། བཤད་པ། འགྲོ་བ་རྣམ་དགྲོལ་ཕྱིར་ཏེ། བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམ་པར་དགྲོལ་བར་བྱ་བའི་དོན་དུ་ཉེ་བར་བསྟན་ཏོ། །དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ནི་གཉི་ག་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ། །ཞེས་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་པ་དང༌། གང་ཟག་གི་བདག་མེད་མ་ལུས་པར་སྒོམ་པ་ཡོད་པར་གསུངས་པ་རྣམས་ཀྱི་དོན་དགེ་ལྡན་པའི་མཁས་དབང་རྣམས་ཀྱིས་ལུང་གོང་འོག་ཚིག་ཟིན་ལྟར་བཞག་ནས་ཉན་རང་གིས་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་རྟོགས་ཀྱང་རྫོགས་པར་མ་སྒོམ་པའི་རྒྱུ་མཚན་རིགས་པའི་རྣམས་གྲངས་མཐའ་ཡས་པའི་སྒོ་ནས་མི་སྒོམ་པའམ་མ་རྟོགས་པར་འདོད། འཇུ་མི་ཕམ་གྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་རྫོགས་པར་དང་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་དུ་མ་རྟོགས་པར་གང་ཟག་གི་ཕུང་པོ་ལྔ་རགས་པ་ཆོས་བདག་དུ་མ་གྲུབ་པར་རྟོགས་པར་འདོད་དོ། །ལུགས་དེ་གཉིས་ཀྱི་འདོད་ཚུལ་ལ་དཔྱད་རྒྱུ་མང་དུ་ཡོད་དོ། །འདི་བའི་ལུགས་ལ་རང་རིག་ཁས་མི་ལེན་ལ་རང་རིག་འགོག་ཚུལ་ཡང་རིགས་པ་བཞིས་སྒོ་ནས་དབུ་མ་འཇུག་པ་ལས། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱི་སྟོང་བའི་གཞན་དབང་དངོས་འདོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང༌། །དེ་ཉིད་ཀྱིས་དེ་མྱོང་བར་འགྲུབ་མ་ཡིན། །ཞེས་པ་ནས། དེ་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱི་གཞན་དབང་གང་གི་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་གསུངས་པས་སོ། །རྒྱས་པར་རང་རིག་འགོག་ཚུལ་དང་རང་རིག་མེད་ཀྱང་དྲན་པ་སྐྱེ་བ་འཐད་པ་སོགས་ཚད་འགོག་ཏུ་ཤེས་པར་བྱའོ། །ལུགས་འདིས་གཞན་སྐྱེ་ཐ་སྙད་དུ་མི་འདོད་དེ། དབུ་མ་འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པས་སོ། །དེ་ལྟར་དགེ་ལྡན་པ་དང་རྙིང་མ་དང་ས་སྐྱ་བ་རྣམས་ཀྱིས་བཤད་ལ། ཇོ་ནང་རང་ལུགས་ལ་ཆོས་ཤན་འབྱེད་ན་གཞན་སྐྱེ་ཐ་སྙད་དུ་བཞེད་པར་གསུངས་སོ། །


previousཟླ་བ་གྲགས་པ།next