Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས། སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོ།
  
  
  
  
  


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousསྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས། སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོ། next

སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས། སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོ།

༄༅། །སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས་བཞུགས་སོ། །མཚུངས་བྲལ་རིག་འཛིན་བླ་མ་དམ་པ་མཆོག་གི་གསུང་ཤོག་ནང་དངོས་ངན་ཕྲན་ལ་ལུགས་གཉིས་ཀྱི་བགྱི་འོས་དགོས་རིགས་རེ་ཡོད་ན་ཞུ་འཛར་རེ་བསྐུར་གསུངས་ཐད། སྤྱིར་བཏང་འཇིག་རྟེན་གྱི་ལུགས་རང་རེ་རྣམས་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་སྟབས་ཀྱིས་ཆེ་བཞག་ཆུང་བསྐྱུར་ལ། བློ་ཕུག་གཏད་པ་ལས་ཁུར་ཐང་ཆེར་མེད་པ་གཞིར་བཞག་ནས་འཕྲལ་གྱིས་རང་གཞན་གང་ཐད་ལ། ཕན་འདོད་ཀྱི་བསམ་པ་བཟང་པོ་གཡོ་ཟོལ་མེད་པའི་བདེན་དྲང་གི་སྒོ་ནས་བྱ་བ་གང་ལ་ཡང་། ཡུལ་དུས་གནས་སྐབས་དང་བསྟུན་ཞིང་ཚོད་ཟིན་ཆོག་ཤེས་དང་། འཁོས་ཆུང་བག་ཡོད་སོགས་ལ་ཐུགས་གཞོལ་མཛད་ཐུབ་པ་རེ་བྱུང་ན། འཕགས་པ་དགྱེས་པའི་ཞབས་ཏོག་དང་རང་རྒྱུད་དག་ཅིང་། འགྲོ་བའི་མོས་སྣང་དགེ་བར་འགྱུར་བ་སོགས། ལེགས་པའི་དོན་ཐམས་ཅད་འགྲུབ་པ་རྟེན་འབྲེལ་བསླུ་མེད་ཀྱི་ཆོས་ཉིད་ཡིན་པ་དགོངས་བཞིན་པ་ལ་ཡང་དང་པས་བསྐུལ་བ་ལགས། དམ་པ་ཆོས་ཀྱི་ལུགས་ལ་རང་དོན་དུ་བསྟན་པའི་སྙིང་པོ་སྒྲུབ་པ་ལྷུར་ལེན་གཙོ་བོར་བྱ་ཞིང་། བསྒྲུབ་ཚུལ་ལ་ཡང་རང་དོན་ཁྱད་དུ་བསད་ནས། གཞན་ཕན་བྱང་ཆུབ་ཀྱི་སེམས་བགྲོད་པ་གཅིག་པུའི་ལམ་འདིས་གཞི་བཟུང་ནས། བསྒྲུབ་བྱའི་ཆོས་ཐེག་ཆེན་མདོ་སྔགས་སྤྱི་དང་། བྱེ་བྲག་ཐུབ་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ། མྱུར་ལམ་རྫོགས་པ་ཆེན་པོའི་མཐར་ཐུག་ཡང་གསང་སྙིང་ཐིག་སྨིན་གྲོལ་ཟབ་མོའི་ཡང་སྙིང་ཀ་ལྷུན་གཉིས་ཐབས་ཤེས་ཟུང་འཇུག་གི་ལམ་མཐར་ཐུག་ཡིན་པར་ངེས་པའི་དོན་གནད་མཉམ་བཞག་བསྒོམ་མེད་རང་བཞག་ལ། སྙོམས་པར་འཇུག་པའི་དུས་འདའ་བ་དང་། རྗེས་ཐོབ་ཏུ་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཀུན་བཟང་བདེ་བ་ཆེན་པོའི་ཆོ་རོལ་གྱི་ངང་ནས། ཐུགས་རྗེ་ལྷུན་གྲུབ་ཀྱི་རྩལ་ཤེས་རབ་ཟབ་མོ་སྟོན་པའི་བསྟན་པའི་རྣམ་བཞག་དང་ཟབ་གནད་ཀུན། ཐོས་བསམ་གྱི་ཤེས་རབ་ཟབ་མོའི་རྩལ་ཡང་ཡང་སྦྱངས་ནས། སྒོམ་བྱུང་གི་ཤེས་རབ་རྩོལ་མེད་དུ་འབྱུང་ཐུབ་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་བྱེད་ལས་རིས་མེད་ཀྱི་ཉམ་ཐག་གི་འགྲོ་བ་རྣམས་སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཏང་བ་མ་བུ་ལྟ་བུ། ཐབས་ལ་མཁས་པས་གང་མཛད་པ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་སོགས། མདོར་ན་ལམ་འོག་མས་རྩོལ་བས་བསྒྲུབ་པའི་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཀུན་ཐེག་མཆོག་རྒྱལ་པོ་འདིའི་ལུགས་ལ་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་དགོས་པ་འདི་གནད་ཐུན་མོང་མ་ཡིན་པ་སྐལ་ལྡན་ཤེས་རབ་ཅན་འགའི་ཡུལ་ལས་གཞན་ཕལ་མོ་ཆེ་ལ་ལྐོག་གྱུར་དུ་སོང་བ་འདི་མངོན་སུམ་ལགས་པས་ན། རང་གཞན་ཀ་དག་རྐྱང་རྐྱང་པོའི་ལམ་ལ་བློ་ཕུགས་འཕྲལ་དུ་མི་གཏོད་པར། ཀ་དག་སྟོང་པ་ཆེན་པོའི་རྩལ་གདངས་ལྷུན་གྲུབ་རྟེན་འབྲེལ་ཟབ་མོ་འདི་ཁྱད་དུ་མི་གསོད་པར་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཐམས་ཅད་རྩལ་སྣང་ལྷུན་འགྲུབ་འདིའི་སྟེང་ནས་ཁྱད་པར་ཕྱེ་ཐུབ་པ་དང་། ལམ་ཟབ་མོ་ཐབས་ཤེས་ཟུང་འཇུག་ལས་ཡ་བྲལ་དུ་མ་སོང་བ་སྟོན་པའི་བསྟན་པ་རིན་པོ་ཆེའི་ཐེག་པའི་བབས་དང་མི་འགལ་ཞིང་། ལུང་རིག་རྣམ་དག་གིས་གྲུབ་པ་སྔོན་གྱི་དམ་པ་སྤྱི་དང་། ཁྱད་པར་རང་རེའི་རིག་འཛིན་གོང་མས་ཚད་མར་གྱུར་པའི་རྣམ་ཐར་ཁོ་ན་དཔང་དུ་བཞག་ཅིང་རྗེས་སུ་སློབ་པ་ལས། སྙིགས་དུས་ཀྱི་བྱིས་པ་རྨོངས་པ་ལམ་ཉི་ཚེ་དུམ་ཆོད་ཀྱི་གཟུགས་བརྙན་ལ་མཆོག་འཛིན་དང་ཁ་ཕོ་བཏོན་ནས་རང་རྒྱུད་ཆུད་ཟོས་ལས་གང་དུ་མ་ཕྱིན་ཅིང་། གཞན་ལམ་རྣམ་དག་ལ་ཞུགས་ཤིང་ཟུང་འཇུག་ཟབ་མོའི་དྲང་ལམ་འཁྱོགས་པོར་ལྟ་བའི་ལད་མོ་གཏན་ནས་མི་མཛད་པར་ཞུ། སྔ་ཕྱི་ཀུན་ལ་ཡང་ནས་ཡང་དུ་ལན་སྟོང་དུ་རང་གིས་གང་ཤེས་ཟབ་གནད་གབ་སྦས་མ་བྱས་པར། ཕན་འདོད་ཀྱི་སེམས་ཀྱིས་མ་ལོངས་པར་ཞུས་པ་རྣམས་ཐུགས་བཞག་མཛད་པ་ལས་རང་དོན་ལ་དེ་ཙམ་ལས་གཞན་ཞུ་འོས་ད་སྐབས་བྲེལ་བས་མ་འབྱོར་ལགས། གཞན་དོན་ཁོ་ན་སྙིང་རྗེ་ཆེན་པོའི་དངོས་སམ་བརྒྱུད་ནས་མཛད་པ་རྒྱལ་སྲས་རིག་པ་འཛིན་པ་རྣམས་ཀྱི་ལུགས་སྲོལ་ཡིན་པ་གཞིར་བཅས། དེ་ཡང་རང་དོན་ཆོས་བརྒྱད་ཀྱི་ཞེན་འཁྲིས་དང་མ་འདྲེས་པར་ལྷག་བསམ་དག་པས་མཚམས་སྦྱར་ནས། ཉམ་ཐག་འགྲོ་བ་རིས་མེད་ཡིད་རྟོན་ཅིང་དད་པ་ཅན་ནམ་ལོག་ལྟ་ཅན་གང་སུ་ལ་ཡང་ཐ་ན་སངས་རྒྱས་རྣམས་ཀྱི་མཚན་སྔགས་དང་མ་ཎི་འདྲེན་ལུགས་ཚུན་གྱིས་ཐར་པའི་ས་བོན་ཐེབས་ངེས་སོ། །ཐབས་ལ་མཁས་པ་མི་དམན་པ་དང་། ཁྱད་པར་དུ་གདུལ་བྱ་དད་པ་ཅན་ཆོས་ཀྱི་སྣོད་དུ་གྱུར་པའི་གང་ཟག་མཆོག་དམན་ཐར་བ་དོན་གཉེར་ཅན་སློབ་མར་འོང་ངེས་རེ་བྱུང་ན་དེ་དག་གི་རྒྱུད་རིམ་གྱིས་ཐར་པའི་ལམ་ལ་མཐར་ཆགས་སུ་བསླབ་པ་གལ་ཆེ་བས། ཚེ་འདི་བློས་ཐོངས་ཐབས་སོགས་སྐྱོ་ཤས་དང་ངེས་འབྱུང་རྒྱུད་ལ་སྐྱེ་ངེས་དང་། ཁྱད་པར་ཐེག་ཆེན་གྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་ཟིན་ངེས་པ་རེ་ཤིན་ཏུ་གལ་ཆེ། དེ་ནས་སེམས་བསྐྱེད་རྒྱུད་ལྡན་དེས་འབྲས་བུ་རྡོ་རྗེ་ཐེག་པར་འཇུག་པ་ལ་དང་པོ་བླ་མ་སངས་རྒྱས་རྡོ་རྗེ་འཆང་དངོས་སུ་ངེས་པའི་དད་མོས་ཀྱི་སྒོ་ནས་ཞིང་མཆོག་དེ་ལ་བརྟེན་ནས་དབང་ཐོབ་དམ་ཚིག་རྣམ་པར་དག་པས་བསག་སྦྱང་གནད་དུ་འགྲོ་ངེས་པ་རེ་ལ་གཞོལ་བ་ལྷུར་ལེན་པ་འདིས་ཆོས་ཀྱི་གཞི་ཚུགས་ཤིང་། ཆོས་སེམས་བརྟན་པོ་རྒྱུད་ལ་ཁེལ་ངེས་པ་རེ་མཛད་དགོས་པ་ནི་གལ་ཤིན་ཏུ་ཆེ་ལགས། དེ་མ་ཡིན་པར་ལམ་འོག་མ་ལ་བློ་ཁ་མི་ཕྱོགས་པར་བློ་མ་འབྱོངས། རྒྱུད་མ་སྦྱངས། བསག་སྦྱང་སྣ་གཅིག་ཙམ་མ་བྱས་པར། ཁ་ལྟ་མཐོན་པོའི་ཟེར་སྒྲོས་ཀྱིས་བྲིད་ནས། དངོས་གཞི་ཟབ་མོ་སྟོན་མདོག་བྱས་རུང་། གང་ཟག་དེའི་རྒྱུད་ལ་ཚུལ་དང་མཐུན་པའི་ལམ་རྟགས་སྣ་གཅིག་ཀྱང་མེད་པར་ཐ་མལ་བ་དང་ཁྱད་པར་མེད་བཞིན། ད་དུང་བསགས་སྦྱངས་དང་ཐོས་བསམ་སོགས་ལ་རེ་མི་དགོས་མདོག་གིས་རྒྱབ་བསྟེན་ཞིང་ད་ལྟ་ནས་སངས་རྒྱས་ཚར་སོང་བ་ལྟ་བུའི་མངོན་པའི་ང་རྒྱལ་སོགས་ཉོན་མོངས་པའི་སྣོན་མར་སོང་བའི་ཆོས་གཟུགས་དེ་འདྲ་རང་རེ་རྙིང་ཕྱོགས་སྟོད་སྨད་ཀུན་ན་མང་རབས་ཤིག་འདུག་པ་མངོན་སུམ་དུ་གཟིགས་ནས། དེ་འདྲའི་ལམ་སྲོལ་ངན་པའི་རྒྱུན་བཞག །དེ་འདྲ་རང་རེའི་ཆོས་ལུགས་ལ་གཏན་ནས་མི་མཛད་པར་སྔོན་གྱི་དམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་སོགས་ཀྱི་ལུགས་སྲོལ་དྲི་མ་མེད་པ་ལ་གཞི་མཛད་ནས། ལམ་གནད་འབྲེལ་ཆགས་པ་རེ་ལ་དགོངས་ཕྱོགས་མི་ལྷོད་པར། གང་ཟག་རེ་རེ་ཙམ་ལ་ཡང་ཐོག་མཐའ་བར་གསུམ་གྱི་ལམ་གནད་ཐམས་ཅད་ཚང་ལ་མན་ངག་མྱོང་ཐོག་ཏུ་ཁེལ་བའི་སྲོལ་བཟང་པོ་རེ་ཅི་ཚུགས་བྱེད་པ་དང་། ཁྱད་པར་དེང་སང་སྔོན་འགྲོས་རྒྱུད་མ་སྦྱངས་པར་དངོས་གཞི་ལ་འཇུག་སྔ་བྱེད་པ་འདི་ཀུན་མཁྱེན་ཆེན་པོའི་བསམ་གཏན་ངལ་གསོ་ན་ལམ་གནད་འཆུག་པ་ཡིན་ཚུལ་སོགས་གསུངས་པ་འདི་ཐུགས་ལ་བཅག་ནས་ལག་ལེན་རྩིང་པོ་མི་མཛད་པ་ཤིན་ཏུ་གལ་ཆེ། ཁྱད་པར་སྔགས་སྤྱི་དང་སྒོས་གསང་སྔགས་བླ་མེད་ནང་རྒྱུད་གསུམ་གང་ལ་འཇུག་ཀྱང་དང་པོའི་འཇུག་སྒོ་དངོས་ནི་དབང་བསྐུར་བ་ཡིན་ཞིང་། དེ་ཉིད་སྔགས་ཀྱི་སྡོམ་ཆོག་ཡིན་པས་ཐོག་མར་ཆོ་ག་ཡང་དག་ཚང་པའི་སྒོས་དབང་བཞི་ཀ་ལེགས་པར་བསྐུར། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམ་པར་དག་པས་གཞི་བཟུང་ནས། གདམས་ཁྲིད་ཟབ་མོ་བཏབ་ན་སྨིན་གྲོལ་གྱི་ལམ་གནད་ཟིན་ཅིང་། བསྟན་པའི་མིག་སྲོལ་ཡང་མི་ཉམས་པ་དང་། རང་གཞན་གྱི་རྒྱུད་ཆུད་མི་ཟ་བ་སོགས་དགོས་གནད་ཆེན་པོ་ཡོད་པས་དེ་ལྟར་མཛད་ཐུབ་པ་དང་། གལ་ཏེ་དབང་བསྐུར་མེད་པར་གདམས་ཁྲིད་ཟབ་མོ་བཏབ་རུང་། དཔོན་སློབ་གཉིས་ཀ་ལ་ཉེས་པ་ཚད་མེད་ཅིང་། ལམ་རྟགས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མི་སྐྱེ་བར་ལམ་གང་བསྒོམ་ལ་སྐྱེད་ཅུང་ཟད་མེད་པ་སོགས་རྡོ་རྗེ་འཆང་གི་བཀས་ཆོད་པ་འདི་ལ། ཚུར་མཐོང་གི་བློས་ཚད་གཞལ་དུ་མེད་ངེས་པ་ཡིན་པས། དེ་ལྟར་དགོངས་ཆུབ་མི་དམན་པར་ལག་ལེན་ལ་ཐེབ་པ་རེ་གལ་ཆེ། དེ་ལྟར་སྔོན་དུ་བགྱི་འོས་རྣམས་ལེགས་པར་གྲུབ་སྟེ་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དངོས་གཞི་ཐུན་མོང་པ་བསྐྱེད་རྫོགས་སོགས་ལ་ཇི་ལྟར་རིགས་པ་སྐབས་དང་སྦྱར་ནས་ཁྲིད། ཁྱད་པར་ཐེག་མཆོག་རྫོགས་ཆེན་ལ་མོས་དད་ལས་འཕྲོ་ཡོད་པའི་གང་ཟག་ཁྱད་པར་ཅན་རེ་ཟུང་རེ་བྱུང་ན། དངོས་གཞི་ཐུན་མོང་མ་ཡིན་པ་ཀ་ལྷུན་གཉིས་ཀྱི་དང་པོ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་ཟབ་མོ་སྔོན་དུ་འདེབས་པ་ལ། ཁྲིད་ཚུལ་མང་ཡང་། རྒྱལ་བའི་དབང་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཀའ་སྲོལ་གྱི་མན་ངག་ཡང་ཏིག་རིན་པོ་ཆེ་གསུམ་གྱི་སྨིན་གྲོལ་གནད་ཅུང་ཟད་རེ་ཐོབ་པའི་ལུགས་སྲོལ་བཟང་པོ་འདི་མི་ཉམས་པར་བྱ་བ་དང་། ཁྱད་པར་དུ་སྙིགས་དུས་ཀྱི་འགྲོ་བ་སྐལ་བ་ཅན་འགའ། བཀའ་སྲོལ་འདིའི་ལུགས་ཀྱིས། ཐེག་པ་མཆོག་ལ་ངེས་པར་འགོད་པར་མཛད་པ་ལ་ཟླ་དང་བྲལ་བའི་རིག་འཛིན་འཇིགས་མེད་གླིང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་མན་ངག་གནད་དུ་དྲིལ་ནས་འདེབས་ཚུལ་ལ། སྔོན་འགྲོ་སེམས་ཀྱི་ཁུང་བུ་གཞིག་པ། དངོས་གཞི་རིག་པ་རང་ངོ་སྤྲོད་པ། རྗེས་སྣང་ཉམས་ཀྱི་སྐྱོང་ཚུལ་བསྟན་པ་དང་གསུམ་དུ་འགག་དྲིལ་ནས་ཁྲིད་ཚུལ་ལ། དང་པོ་ཐབས་ཤེས་སྤྱིའི་དབང་དུ་བྱས་ནས། ཟབ་མོའི་རྟོགས་པ་སྐྱེ་བའི་ཐབས་མཐར་ཐུག་པ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་པའི་མོས་གུས་གནད་དུ་བསྣུན་པ་གལ་ཆེ་བས་བླ་མ་ཆོས་སྐུ་རུ་ཤེས་པའི་མོས་གུས་གནད་དུ་འགྲོ་བ་དང་བསྟུན། རྣམ་དཔྱོད་ཀྱི་ཤེས་རབ་བམ་ཡིད་དཔྱོད་ཀྱི་ཤེས་རབ་དྲི་མ་མེད་པས་དཔྱད་ནས་ངེས་པ་དྲངས་པའི་ལྟ་བ་དེས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལྟ་བ་རྣམ་དག་མྱོང་ཐོག་ཏུ་ཁེལ་དགོས་པ་ནི། ཁྲིད་ཚུལ་འདི་དག་གི་ལུགས་མ་ནོར་པ་ཡིན་པས། དེའི་ཚུལ་ཧྲིལ་གྱིས་དྲིལ་ན་བཞིར་འདུ་སྟེ། དེ་ཡང་སེམས་ཀྱི་རྩད་བཅད་པ། དེའི་མཚང་བཙལ་པ། སེམས་ཀྱི་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགགས་གནས་གསུམ་ལ་སྤྱིར་བཏང་པ། ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བྱེ་བྲག་ཏུ་བརྟགས་ཏེ་གནས་ལུགས་གཏན་ལ་དབབ་པ་དང་བཞི་ལས།

དང་པོ་ནི་རང་གི་སྒོ་གསུམ་པོ་འདིའི་ནང་ན། འཁོར་འདས་ཀྱི་བྱ་བ་བྱེད་ཅིང་བདེ་སྡུག་མྱོང་མཁན་སུ་ཡིན། ལུས་ངག་གཉིས་བེམ་པོ། སེམས་ཤེས་རིག་དང་གསུམ་པོ་འདི་སོ་སོས་བྱེད་དམ། ལྷན་ཅིག་ཚོགས་པས་བྱེད། དེའི་ནང་ནས་གཙོ་གང་ཆེ་སེམས་འདིའི་འཁོར་དུ་ཉོན་མོངས་པ་དང་ལས་བསགས་ཚུལ་དེས་འབྲས་བུ་བདེ་སྡུག་ཏུ་སྣང་ཚུལ་སོགས་དང་། མྱང་འདས་ཀྱི་རྒྱུ་ངེས་འབྱུང་བྱང་སེམས་རིམ་གཉིས་སོགས་ལམ་དང་འབྲས་བུ་བྱང་ཆུབ་གསུམ་གྱི་མྱང་འདས་ཀྱི་གོ་འཕང་ཐོབ་མཁན་སོགས་སེམས་ཀྱིས་བྱེད་ཅིང་། ལུས་ངག་གཉིས་དེའི་གྲོགས་སུ་འགྱུར་ཚུལ་སོགས་ཞིབ་པར་དང་པོ་གོ་བརྡ་སྤྲད། དེ་ནས་ཡང་ཡང་བརྟག་དཔྱད་ཞིབ་ཏུ་བྱེད་བཅུགས་པས་ངེས་པར། འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པའི་ངེས་ཤེས་འདྲོང་ཁོ་ཐག་ཆོད་ཚེ། དེ་ཉིད་གཞི་མེད་རྩ་བྲལ་དུ་གཞིག་ན་བདག་འཛིན་ཐམས་ཅད་རྩ་བྲལ་དུ་འགྲོ། དཔེར་ན་ཤིང་སྡོང་གི་རྩ་བ་ཆོད་པ་དང་། མྱུ་གུའི་རྒྱུ་ས་བོན་གཞོམ་པ་ལྟར་འགྲོ་བ་འདིའི་ལུགས་ཀྱི་རྩད་བཅད་པ་མདོ་འགགས་ཡིན་པས་ཤིན་ཏུ་ཐེབས་པ་གལ་ཆེ། འདི་ལ་མདོ་རྒྱུད་ཀྱི་ལུང་མང་ཡང་སྐབས་དང་བསྟུན་པར་བྱ། དེ་རྩད་བཅད་པ་ཡིན། །

དེ་ནས་གཉིས་པ་སྒོ་གསུམ་གྱི་མཚང་བཙལ་བ་ལ། འདི་ནས་བཟུང་སེམས་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་དུ་ངེས་ཤེས་འདྲེན་པ་ཡིན་པས། དེའི་ཚུལ་མ་བརྟགས་མ་དཔྱད་པའི་དུས་སྒོ་གསུམ་པོ་འདི་བསྡོམས་ནས་རྟག་གཅིག་རང་དབང་ཅན་དུ་བཟུང་ནས་འདུག་པ་འདི་ལ་བརྟག་ཚུལ་ནི། འདི་གསུམ་གཅིག་གམ་ཐ་དད་གང་ཡིན། གཅིག་ཡིན་ན་ལུས་ངག་བེམ་པོ་མཐོང་ཐོས་སུ་རུང་བ་ལྟར་སེམས་ཤེས་པ་དེ་ཡང་མཐོང་ཐོས་སུ་རུང་དགོས། ཡང་ན་སེམས་མཐོང་ཐོས་སུ་མི་རུང་བ་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་བའི་མཚམས་ལོན་ངེས་བྱ་བའི་རིག་པ་གཉིས་པོ་འདིས་འདྲི་རྩད་ཞིབ་ཏུ་བྱ། དེ་གསུམ་གཅིག་མ་ཡིན་པར་ངེས་ནས་ཐ་དད་པ་ཡིན་པར་གོ་ཚེ། དེ་གསུམ་ཐ་དད་ན། ལུས་ངག་གཉིས་བེམ་པོ། མི་རྟག་པ་དུ་མ། རང་དབང་མེད་པར་རྐྱེན་དབང་ཅན། ཞིབ་ཏུ་ཤེས་རབ་ཀྱིས་གཞིགས་ཏེ་རྡུལ་དུ་རིམ་གྱིས་བསིལ། དེ་ཡང་རྡུལ་ཕྲ་རབ་ཏུ་གཞིག་ཅིང་། རྡུལ་དེ་ལའང་ཕྱོགས་ཆས་གཞིག་ན། ལུས་ངག་གཉིས་གཞི་མེད་ནམ་མཁའ་ལྟ་བུའི་ངེས་པ་རྙེད་ཚེ་ཐ་དད་རྒྱུའི་ཕྱོགས་གཅིག་མེད་པར་ཁོ་ཐག་ཆོད་པ་ཡིན་པས་དེ་ལྟར་ཞིབ་ཏུ་བརྟགས་བཅུག །དེ་ནས་སེམས་ཀྱི་ཕྱོགས་ལ་བརྟགས་ཏེ། སེམས་མི་ཤེས་རྒུ་ཤེས་ཀྱི་ཤེས་པ་རིག་རིག་པོ་འདི་མི་རྟག་པ། དུ་མ་རང་དབང་ཅན་མེད་པར་ཡུལ་བཟང་ངན་བར་བའི་རྐྱེན་ཁར་ལ་རག་ལས་པས་ན་གཞན་དབང་ཅན་ཡིན་ཚུལ་སོགས་བརྡ་སྤྲད། དེ་ལྟར་ཞིབ་ཏུ་བརྟགས་བཅུག་པས་སེམས་ཀྱི་རྣམ་རྟོག་བཟང་ངན་ཐམས་ཅད་མི་རྟག་པ། དུས་གསུམ་གྱི་རྟོག་པ་སོ་སོར་ངེས་པའི་ཚེ། འདས་པའི་རྟོག་པ་འགགས་ཟིན་པའི་ཕྱིར་བདེན་པར་མ་གྲུབ། མ་འོངས་པའི་རྟོག་པ་མ་སྐྱེས་པའི་ཕྱིར་མ་གྲུབ། ད་ལྟའི་རྟོག་པ་སྐད་ཅིག་ཏུ་མི་སྡོད་པར་རང་ཡལ་དུ་འགྲོ་བ་མངོན་སུམ་གྱིས་ངེས་པས་མ་གྲུབ་པ་རྣམས་ལ་ངེས་ཤེས་ལྷག་པར་སྐྱེས་ཚེ། སྒོ་གསུམ་པོ་འདི་གཅིག་དང་ཐ་དད་དུ་བློས་རློམ་པ་ཙམ་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་ན་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པར་ཁོ་ཐག་ཆོད་ཅིང་། མ་བརྟགས་ཙམ་དུ་མེད་སྣང་སྟོང་གཟུགས་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་ལ་ངེས་པ་རྙེད་པ་དེའི་ཚེ། མཚང་བཙལ་བས་སྒོ་གསུམ་གྱི་མཚང་མ་རྙེད་པར་གཞི་མེད་སྟོང་པའི་ངེས་ཤེས་ལྷག་པར་འདྲོངས་ཚེ་དཔྱད་པ་ཐེབས་པ་ཡིན། །

དེ་ནས་གསུམ་པ་སེམས་ཀྱི་བྱུང་གནས་འགྲོ་གསུམ་ལ་སྤྱིར་བརྟག་པ་ནི། དང་པོ་རང་རེས་མ་བརྟགས་མ་དཔྱད་པའི་དུས། སེམས་རྟོག་འདི་རྣམས་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགག་གནས་གསུམ་གྱི་ཕྲེང་བ་ཤ་ར་ར་འགྲོ་བ་ཞིག་ནི་མངོན་སུམ་དུ་ཡོད་འདུག་པས། འདི་འདི་ལྟར་བདེན་པར་གྲུབ་བམ་མ་གྲུབ་ཅེས་དཔྱད་པར་བྱ་སྟེ། དཔྱད་ཚུལ་ལ་བྱུང་ས་དང་བྱུང་མཁན་ནམ། སྐྱེ་བའི་རྒྱུའམ་སྐྱེས་པའི་འབྲས་བུ། གནས་ས་དང་གནས་མཁན། འགྲོ་ས་དང་འགྲོ་མཁན་སྟེ། བྱུང་ས་གནས་ས་སོགས་ཡུལ་གསུམ་པོ་ནི་ཕྱི་གཟུང་བའི་ཡུལ་དང་། བྱུང་མཁན་གནས་མཁན་སོགས་ནི་ཡུལ་ཅན་འཛིན་པའི་སེམས་སྟེ། དོན་ལ་གཟུང་འཛིན་ནམ། སྣང་སེམས་དང་སྣང་རྟོག་ཤེས་བྱ་ཤེས་བྱེད་ཀྱི་བློ་ཐམས་ཅད་དོན་གཅིག་པས་དེ་ཉིད་ལ་ཞིབ་ཏུ་དཔྱད་པ་སྟེ། དང་པོ་བྱུང་སའི་ཡུལ་ལམ་སྐྱེ་བའི་རྒྱུ་ནི། དངོས་པོ་ཡོད་པ་ཞིག་ལས་སྐྱེའམ་བྱུང་། དངོས་མེད་ཞིག་ལས་བྱུང་ངམ། དང་པོ་ལྟར་ན་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ་སྣོད་བཅུད་གཉིས་ལས། སྣོད་ཀྱི་འཇིག་རྟེན་ནི་འབྱུང་ལྔ་ལས། འབྱུང་བ་བཞི་ནི་རྡུལ་དུ་སོ་སོར་བཤིགས་ཚེ་ཅི་ཡང་མ་གྲུབ་ལ། ནམ་མཁའ་ལ་ནི་རྡུལ་རྫས་སུ་མེད་པས་ཡིད་ཀྱི་རློམ་པ་ལས་གཞི་མ་གྲུབ། བཅུད་ཀྱི་འགྲོ་བ་ནི་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྔར་ལྟར་བརྟག་ཏུ་བཅུག་པས་མ་གྲུབ་ཚེ། སྤྱིར་བྱུང་སའམ་སྐྱེ་བ་མེད་པར་ཐག་ཆོད་ངེས་བྱས་ཏེ་ཐག་ཆོད་ཚེ། བྱེ་བྲག་ནི། ཕྱིའི་ཡུལ་ལྔ་དང་། ནང་གི་དབང་པོ་ལྔ་དང་། དེ་དག་གི་བར་རྣམས་སུ་བྱུང་སའམ་སྐྱེ་ས་བརྟག །དེ་ལ་ཡུལ་དང་དབང་པོ་གཉིས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་རྡུལ་གྱི་བྱེ་བྲག་ཡིན་པས། ཕྱིའི་ཡུལ་ལྔ་སོ་སོར་ཞིབ་ཏུ་ཕྱེས་ནས་གཟུགས་སོགས་རེ་རེ་ནས་རྡུལ་དུ་བཤིགས་ཏེ་གཞི་མེད་དུ་དཔྱད་དུ་བཅུག་པས་ཡུལ་མ་རྙེད་ཚེ། ནང་དབང་པོ་ལྔ་སོ་སོར་དབང་རྟེན་དང་། དབང་པོ་རྣམས་ཞིབ་པར་རྡུལ་དུ་དཔྱད་ཅིང་། ཁྱད་པར་ལུས་ཀྱི་དབང་རྟེན་ཕྱི་ཁོག་འདིའི་ཡན་ལག་ལྔ་སོགས་ཕྱི་ནང་གི་ཆ་ཐམས་ཅད་ལ་སོ་སོར་ཞིབ་ཏུ་དཔྱད་ཅིང་། མཐར་རྡུལ་ཕྲ་རབ་ཏུ་གཞིག་ཚུལ་སྔར་བཞིན་ལ། རྡུལ་དེ་ཡང་ཤར་ཕྱོགས་སོགས་ཀྱི་ཕྱོགས་ཆས་ཕྱེས་ཏེ། བཏགས་པས་གཅིག་ཙམ་དུ་ཡང་མ་གྲུབ་ན། དུ་མ་ལྟར་ཅི་སྨོས་ཞེས་ཐག་ཆོད། ཡུལ་དབང་གཉིས་གཞི་མེད་དུ་གྱུར་པ་ན་ཕ་མ་མེད་པས་བུ་མེད་པ་ལྟར་སེམས་བྱུང་སའི་ཡུལ་ལམ་བྱུང་ས་མེད་པར་ཐག་ཆོད། ད་རུང་ཡུལ་དབང་གཉིས་ལ་མི་ལྟོས་པར་དེ་དག་གི་བར་རམ། གཞན་གང་ནས་བྱུང་ངམ་སྐྱེ་ས་བརྟགས་པས་བྱུང་ས་མ་རྙེད་ཚེ། ཡང་སེམས་ལས་སེམས་བྱུང་ངམ་བརྟགས་ཏེ། འདས་པ་འགགས་ཟིན་པས་བྱུང་ས་མེད། མ་འོངས་པ་མ་སྐྱེས་པས་བྱུང་ས་མེད། ད་ལྟའི་རྟོག་པ་བརྟག་ན་བྱུང་ས་མི་སྲིད། རྟག་པ་ལས་མི་རྟག་པའི་སེམས་བྱུང་མི་སྲིད། ད་ལྟའི་རྟོག་པ་སྐད་ཅིག་གཉིས་པར་མི་སྡོད་པར་མི་རྟག་པ་ལ། བྱུང་ས་མི་སྲིད་དེ་མི་རྟག་པ་ལ་རྫས་སུ་གྲུབ་པ་མེད་པའི་ཕྱིར། དངོས་མེད་ལས་སེམས་རྟོག་དངོས་པོ་བྱུང་མི་སྲིད་དེ། རྒྱུ་མེད་ལས་སེམས་བྱུང་བའམ་སྐྱེ་བའི་རྒྱུ་མེད་པས། དེ་ལྟར་ཞིབ་ཏུ་དཔྱད་པས་ཤེས་བྱའི་རྒྱུའམ་བྱུང་ས་མ་རྙེད་ཚེ། བྱུང་མཁན་གྱི་སེམས་སྐྱེ་བའམ་བྱུང་ས་མེད་པ་ཤུགས་ཀྱིས་གོ་མོད་ཀྱང་། ད་དུང་ཡང་བྱུང་བའི་སེམས་ཤིག་ཡོད་སྲིད་སྙམ་ན་དེ་ལ་འགྲོ་དྲུག་རང་གི་དབྱིབས་སམ། གྲུ་བཞི་ཟླུམ་པོ་སོགས་དང་། ཁ་དོག་དཀར་དམར་སོགས་དངོས་མཚན་ཇི་ལྟར་གྲུབ་ཡང་ཡང་བརྟག་ཏུ་བཅུག་པས། སེམས་སྐྱེ་བ་མེད་པར་ཁོ་ཐག་ཆོད་ངེས་བྱུང་ཚེ་བྱུང་ས་དང་འབྱུང་མཁན་མེད་པར་ངེས་པ་གཏིང་ནས་འདྲོང་པ་འབྱུང་ལ། དེས་གནས་ས་དང་འགགས་ས་མེད་པའང་ཤུགས་ཀྱིས་ཆོད་འགྲོ་རུང་། ད་དུང་གནས་སའི་རྟེན་དང་། བརྟེན་པའི་སེམས་ཇི་ལྟར་ཡོད་སྔ་མའི་བྱུང་ས་བརྟགས་པ་ཇི་ལྟ་བ་བཞིན་སོ་སོར་ཕྲལ་ནས་ཞིབ་ཏུ་བརྟག་བཅུག་པས། རྟེན་དང་བརྟེན་པ་མེད་པར་ཁོ་ཐག་ཆོད་ཚེ་ཡང་། དེ་བཞིན་དུ་འགག་པ་དང་འགག་མཁན་གྱི་སེམས་དེ་ཇི་ལྟར་ཡོད་ལུགས་གོང་བཞིན་སོ་སོར་ཕྲལ་ནས་ལེགས་པར་བརྟགས་པ་ཡང་ཡང་ཞིབ་ཏུ་བྱས་པས། འགག་སའི་ཡུལ་དང་འགག་མཁན་མེད་པར་ཁོ་ཐག་ཆོད་ངེས་པ་འབྱུང་བ་དགོས། བརྟག་ཚུལ་དེ་རྣམས་ཐམས་ཅད་ལ་དང་པོ་གོ་བརྡ་ལེགས་པར་སྤྲད་ནས། དེ་ནས་ཞག་ཁ་ཤས་རེའི་བར་དུ་དལ་མོས་ཡང་ཡང་ཞིབ་ཏུ་ཤེས་རབ་ཀྱིས་བརྟག་བཅུག་ཚེ། ངེས་པར་སེམས་འདི་ལ་སྐྱེ་འགགས་གནས་གསུམ་གྱི་ཡུལ་དང་ཡུལ་ཅན་ནམ། ཤེས་བྱའི་ཡུལ་དང་ཤེས་བྱེད་ཀྱི་སེམས་སྟེ། གཟུང་འཛིན་གཉིས་སོགས་གཞི་མེད་རྩ་བྲལ་ནམ་མཁའ་ལྟར་སྟོང་ཞིང་། སྟོང་བཞིན་འཆར་ཚུལ་སྐྱེ་འགག་གནས་གསུམ་ལྟར་སྣང་བ། སྒྱུ་མའམ་རྨི་ལམ་གྱི་ཤེས་པ་ལྟར་བདེན་མེད་སྟོང་ཡལ་དུ་ངེས་ཤེས་འདྲོང་པ་ཞིག་བྱུང་ཚེ། གཟུང་འཛིན་བདེན་མེད་དུ་རྟོགས་པའི་གོ་བ་རྣལ་མ་སྐྱེས་པ་ཡིན་པས། བློས་བྱས་ཀྱི་ལྟ་བའམ། ཡིད་དཔྱོད་ཀྱི་ལྟ་བ་དང་། དེ་ལ་དམིགས་ནས་སྟོང་པ་བློས་བྱས་ཀྱི་བསྒོམ་པ་སོགས། དོན་ལ་རྟོག་དཔྱོད་སེམས་ཀྱི་ཡུལ་ཅན་གྱི་བློ་ངོའི་རི་མོ་ཙམ་ཡིན་ཡང་། དངོས་འཛིན་ཨ་འཐས་ཀྱི་ཞེན་པ་རང་རྒྱུད་པ་ལ་ཕན་ངེས་ཡིན། དེ་ནི་འདིའི་ལུགས་ཀྱི་སེམས་ཀྱི་ཁུང་བུ་བཤིགས་པའི་དོན་གཟུང་འཛིན་རང་སྟོང་དུ་ངེས་པ་ཙམ་ལ་གོ་དགོས། གཟུང་འཛིན་ནམ་ཤེས་བྱ་དང་ཤེས་པ་བདེན་མེད་དུ་ངེས་པའི་བློ་དེ་གཡོ་བ་སེམས་ཀྱི་བྱ་བྱེད་དང་བཅས་པ་ཡིན་པས་ཇི་ལྟར་བསྒོམས་ཀྱང་། བློའི་རྩོལ་བ་ཅན་སྟོང་ཉམས་ཤས་ཆེ་ཞིང་དྲན་པས་འཛིན་རྩོལ་ཁོ་ན་ཅན་ཡིན་པས་བློ་བྲལ་གྱི་གནས་ལུགས་དང་ཁྱད་ཤིན་ཏུ་ཆེ་བས་ཕལ་ཆེར་འདི་ནས་ལྷག་སོང་བ་འདྲ་བས་ངོ་སྤྲོད་སོགས་ཇི་ལྟར་བྱས་རུང་ཡབ་ཡོབ་ལས་ཁོ་ཐག་ཆོད་ངེས་ཤིག་གཏན་ནས་འོང་དཀའ་བས་ན་དགོངས་གཞིག་ཞིབ་མོར་མཛད་དགོས། དེ་ལྟར་ངེས་པ་ན། །

དེ་ནས་བརྟག་པ་བཞི་པ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་ཏེ་གནས་ལུགས་གཏན་ལ་དབབ་པ་འདི་ཐུན་མོང་མ་ཡིན་པ་འདིའི་ལུགས་ཀྱི་ཁྱད་ཆོས་ཡིན་པས་འདི་ཤིན་ཏུ་གལ་ཆེ་བས་ཤེས་རབ་ཀྱིས་བརྟག་ཚུལ་ནི། སྔ་མའི་བྱུང་ས་དང་འབྱུང་མཁན་སོགས་མེད་པར་ཤེས་ཤིང་ངེས་པ་དེ་ནི་རྟོག་དཔྱོད་ཀྱི་སེམས་ཟེར་བས་དེས་གཞི་མེད་རྩ་བྲལ་དུ་ཤེས་པས་མི་ཆོག །ད་ནི་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་དུས་གསུམ་གྱི་སྐྱེ་འགག་ཅན་དེ་མིན་པའི་གང་ཡང་ཤེས་མཁན་གོ་མཁན་རྟོག་མེད་དུ་གནས་པའི་སེམས་ཀྱི་གཤིས་སམ། བབས་སམ་ངོ་བོ་ཟེར་བ་ཞིག་ཁ་ནང་དུ་ལོག་ནས་རང་བབ་ལ་ཞོག་ལ་ཡང་ཡང་ལྷོད་ལ་ལྟོས། དེ་ལ་མ་འཛིན་མ་བཅོས་ཡངས་ལ་བོར་ལ་ཞོག །ཅེས་ཡང་ཡང་བརྡ་སྤྲད། དེས་ཀྱང་དེ་ལྟར་བརྟགས་པས་ཅི་ཞིག་ན་དུས་གསུམ་གྱི་རྟོག་པ་དང་མ་འདྲེས་པའི་ཐ་མལ་གྱི་ཤེས་པ་རང་བབ་ཏུ་འདུག་པ། བཟོ་བཅོས་དང་རྩོལ་བ་མི་དགོས་པ། སྨྲ་བསམ་བརྗོད་མི་ཤེས་པ་འདྲ་བོ་ཞིག་འདུག་ཟེར་བྱུང་ན་ཅུང་ཟད་གོ་བའི་མགོ་བརྩམས་པ་ཡིན། ཡང་གང་ཟག་གི་ཁྱད་པར་གྱིས་དེ་ལྟར་ཡང་ཡང་དཔྱད་བཅུག་ཀྱང་སྔར་གྱི་དཔྱད་པ་ཁ་ཕྱིར་ལྟས་དེ་ལ་གཡེང་བའམ། མིན་ཀྱང་རྐྱེན་གང་གིས་ཁ་ནང་ལོག་གི་ཤེས་པ་རང་བབ་ལ་བློ་མི་འཇུག་པའང་སྲིད་པས་ན། དེ་འདྲ་དེ་ལ་བླ་མའི་མདུན་དུ་སེམས་རང་བབས་ལ་བཞག་བཅུག་ནས་ཅུང་ཟད་བཞག་ལ། ག་རེ་ད་ལྟ་ཁྱོད་ལ་རྣམ་རྟོག་འདུག་གམ་མི་འདུག་དྲི་ན་རྟོག་མེད་ཀྱི་ཤེས་པ་འདི་ཡེ་རེ། རྩོལ་མེད་བཅོས་མེད་དུ་འདུག་གམ། འདུག་ཟེར་ན་དེ་ལ་སེམས་ཀྱི་གཤིས་སམ་ངོ་བོ་དེ་མ་ཡིན་ནམ། ཞེས་དེ་ལྟར་ཐབས་དུ་མས་ཡང་ཡང་ཞིབ་ཏུ་ཕབ་ནས་བརྟག་བཅུག །འདི་སྐབས་རྣམས་སུ་བླ་མ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་གནད་དུ་འགྲོ་བ་ནི་གལ་ཆེ་བས་ཡང་ཡང་བརྡ་སྤྲད། དེ་ལྟར་བརྟག་ཚུལ་དུ་མས་ཡང་ཡང་བལྟས་པས། གང་ཟག་དེ་ཡི་རྣམ་རྟོག་དང་མ་འདྲེས་པའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་མི་དགོས་པའི་རང་བབས་ཤིག་ཡོད་པ་དང་། བཟང་ངན་སོགས་ཀྱི་རྟོག་པ་གློ་བུར་པ་ཞིག་ཡོད་པ་དང་གཉིས་པོ་ཤན་ལེགས་པར་ཕྱེ་མ་ཐུབ་བར་དུ་ཡང་ཡང་བརྟག་བཅུག །དེ་གཉིས་ཤན་ཕྱེ་ཐུབ་པ་དང་དེར་མི་བསྐྱུར་བར། ད་ནི་ཁྱོད་ལ་སེམས་ཀྱི་ངོ་བོ་ཞིག་དང་། ཤར་བའི་རྟོག་པ་གློ་བུར་བ་ཞིག་དང་གཉིས་ངེས་པར་འདུག་ཟེར་བ་དེ་བདེན་ནམ། བདེན་ཟེར་ན། ད་ནི་ངོ་བོ་དེ་ལ་བྱུང་གནས་འགྲོ་གསུམ་དང་། ཕྱོགས་དང་མཐའ་དབུས་སྐྱེ་འགག་གནས་གསུམ་གྱི་ཆ་ཕྱེ་རྒྱུ་དང་། ངོ་བོ་ལ་འཕོ་འགྱུར་རམ། བཟང་ངན་ནམ། བཏང་བཞག་སོགས་ཇི་ལྟར་འདུག་གམ་ཡང་ཡང་བརྟག་བཅུག་པས། དེ་ལྟར་གང་ཡང་མི་འདུག་པས་ངོ་བོ་དེ་ནི་དྭངས་ཕྱིན་པ་ཤེས་རིག་བཀྲ་བ། རྟོག་པའི་ཟུག་རྔུས་མི་གནོད་པ། ཡངས་ལ་ཕྱལ་བ། ཕྱོགས་མེད་ཡན་པ། གཏད་སོ་དང་བྲལ་བ་ཞིག་ངེས་པར་འདུག་ཟེར་བ་མ་བྱུང་གི་བར། མི་ཉག་པར་ག་ལེར་བརྟགས་བཅུག་པས། ཇི་ལྟར་བརྟགས་པ་དེ་ལྟར་ཤོང་ཡངས་ཇེ་བརྟན་ལ་འགྲོ་ངེས་པ་རེ་འོང་དགོས། དེ་ནས་སླར་ཡང་ད་ནི་ཁྱེད་ཀྱིས་ཤར་བའི་རྟོག་པ་བཟང་ངན་ཐམས་ཅད་དེ་སྔར་མེད་གསར་དུ་བསྐྱེད་ཆོག་སྟེ། ཡུལ་བླ་མ་དང་དགྲ་སོགས་ལ་དམིགས་ནས་དད་པ་དང་ཞེ་སྡང་གསར་དུ་བསྐྱེད་ཆུག །དད་སྡང་སོགས་གསར་དུ་བསྐྱེད་པ་དེ་བློས་རང་གི་སེམས་ཐོག་ནས་ངེས་པར་བརྟགས་གཞིག་ཆོག་པ། འདུས་བྱས་གློ་བུར་བ། སྟོང་ཡལ་བདེན་མེད་དུ་འཇའ་ལྟར་ཡལ་འགྲོ་བ་ཞིག་ཨེ་ཡིན་ལེགས་པར་ཡང་ཡང་ལྟོས་ཞེས་བརྟག་བཅུག་པས་དེ་ལྟར་ངེས་པར་རེད་ཟེར་བའི་ཐག་ཆོད་ན། ད་ནི་སེམས་ཀྱི་ངོ་བོ་ཟེར་བའི་ཤེས་པའི་རང་བབས་དེ་སྔ་མ་ལྟར་སྔར་མེད་གསར་བསྐྱེད་པའི་ཡུལ་ལམ་རྒྱུའམ་རྐྱེན་ལྟ་བུ་རེས་བསྐྱེད་པ་ཞིག་ཨེ་ཡིན་དང་། ངོ་བོ་དེ་རང་གི་བློས་ཕར་བཏང་བཤིག་དང་། མེད་དུ་བཏང་ཨེ་ཐུབ་ཡང་ཡང་ལྟོས་ཞེས་ཞིབ་ཏུ་བརྟག་བཅུག་པས། ངོ་བོ་དེ་ནི་གསར་དུ་བསྐྱེད་པའི་རྒྱུ་རྐྱེན་གང་ཡང་མི་འདུག །བློས་གཏང་བཤིག་ཇི་ལྟར་བྱས་རུང་བཏང་དང་བོར་དུ་བྱེད་ཐབས་མི་འདུག་ངེས་པ་རེད་ཟེར་བ་བྱུང་ན་བདར་ཤ་ཅུང་ཟད་རེ་ཆོད་པ་འདྲ་བས། དེ་ལྟར་མ་བྱུང་བར་བརྟག་དཔྱད་ནན་དུ་བྱ་བཅུག །དེ་ནས་སེམས་ཀྱི་ངོ་བོ་དེ་དང་། ཤར་བའི་རྟོག་པ་དེ་གཅིག་གམ། ཐ་དད་ཇི་ལྟར་འདུག་བརྟགས་ཏེ། སྔ་མ་ལྟར་ན་ངོ་བོ་འཕོ་འགྱུར་མེད་པ་ལྟར་རྟོག་པའང་འཕོ་འགྱུར་མེད་དགོས། ཡང་ན་རྟོག་པ་འཕོ་འགྱུར་བྱེད་པ་བཞིན་ངོ་བོ་ཡང་འཕོ་འགྱུར་དུ་བྱེད་དགོས་པས་ཇི་ལྟར་རེད་བརྟག་བཅུག་པས། གཅིག་མིན་པར་ཐག་ཆོད་བྱུང་ནས་ཐ་དད་རེད་སྙམ་ཟེར་ན། ཐ་དད་ན་ངོ་བོ་དང་ཤར་བའི་རྟོག་པ་གཉིས་གཅིག་ལ་གཅིག་ལྟོས་སམ། མི་ལྟོས་ན་ངོ་བོ་མེད་ཚེ་ཤར་བའི་རྟོག་པ་ཡོད་ཨེ་སྲིད་བརྟགས། ངོ་བོ་མེད་ན་ཤར་རྟོག་ཡོད་མི་སྲིད་པ་དཔེར་ན་ཆུ་མེད་ན་རླབས་མེད་པ་ལྟར་རེ་སྙམ་ཟེར་ན། འོ་ན་ཤར་བའི་དུས་གསུམ་གྱི་རྟོག་པ་དེ་གཏན་ནས་མེད་ཅིང་མ་གྲུབ་ན་ངོ་བོ་དེ་ཡོད་ཨེ་ཆོག་བརྟག་བཅུག་པས་རྟོག་པ་མེད་ཀྱང་ངོ་བོ་ཡོད་ཆོག་པ་དཔེར་ན་རླབས་མེད་པའི་ཆུ་ཡོད་ཆོག་པ་དང་འདྲ་བར་འདུག་ཟེར་ན། ངོ་བོས་ཤར་བའི་རྟོག་པའི་གོ་ཨེ་བཀག་བལྟ་བཅུག །རྟོག་པ་དེས་ངོ་བོ་ལ་ཕན་གནོད་ཨེ་འདུག་བརྟག་བཅུག་པས། ངོ་བོ་དེ་ཤར་བས་གོ་མི་བཀག །ཤར་བ་བཟང་ངན་གྱི་རྟོག་པས་ངོ་བོ་ལ་ཕན་གནོད་མི་འདུག་པའི་ཐག་ཆོད་པ་བྱུང་ན། དེ་ནས་ངོ་བོ་དང་རྟོག་པ་གཉིས་ལ་བཟང་ངན་ཨེ་འདུག་བལྟ་བཅུག །བཟང་ངན་མེད་དེ་ཆུ་དང་རླབས་ལྟར་འདུག་ཟེར་ན། ངོ་བོ་ནམ་མཁའ་འམ་ཆུ་ལྟ་བུ་དེ་ལས་ཤར་བའི་འཁོར་འདས་སྤང་གཉེན་བཟང་ངན་གྱི་རྣམ་རྟོག་སྤྲིན་དང་ཆུ་རླབས་བཞིན་དུ་ངོ་བོ་དེ་ལས་བྱུང་། དེ་ལ་གནས་དེར་ཐིམ་པ་དང་འདྲ་བར་ངོ་བོ་ཤར་བའི་སྣང་རྟོག་ཐམས་ཅད་ལ་བཟང་ངན་དང་། དབྱེ་བསལ་ཨེ་འདུག་བལྟ་བཅུག་པས། ངེས་པར་བཟང་ངན་མེད་པར་འདུག་ཟེར་ནས་ཁོ་ཐག་ཆོད་ངེས་ཤིག་ཤིན་ཏུ་གལ་ཆེ་བས། དེ་ལྟར་མ་ཤེས་བར་དུ་བརྟག་བཅུག །དེ་ལྟར་ཡང་ཡང་བརྟགས་པས་ངོ་བོ་དང་རྩལ་རྟོག་འཁོར་འདས་སྤངས་གཉེན་གྱི་སྣང་རྟོག་ཐམས་ཅད་བཟང་ངན་མེད་ཅིང་རོ་མཉམ་པ་ལ་ངེས་ཤེས་གཏིང་ནས་སྐྱེས་པ་བློ་གཞན་གྱིས་མི་འཕྲོག་པ་ཞིག་བྱུང་ཟེར་བ་མ་བྱུང་བར་དུ་བརྟག་པ་གལ་ཆེ། དེ་ནས་ངོ་བོ་ཐ་མལ་གྱི་ཤེས་པ་རྟོག་པས་མ་བསླད་པ་དེ། དུས་གསུམ་གྱི་རྟོག་པས་དེ་ཡུལ་དུ་བྱར་ཆོག་གམ་མི་ཆོག་བརྟག་བཅུག །ངོ་བོ་དེ་དུས་གསུམ་གྱི་རྟོག་པས་ཡུལ་དུ་བྱེད་མི་ཤེས་པ་ངེས་པར་རེད་ཟེར་བ་བྱུང་ན། སེམས་རྣམ་རྟོག་གིས་མ་ཤེས་མ་མཐོང་ན་དེ་སུས་ཤེས་བརྟགས་པས། ངོ་བོ་རང་གིས་རང་ཤེས་པར་འདུག་ཟེར་ན། ཇི་ལྟར་འདུག་སྟེ་ངོ་བོ་ལ་ཤེས་བྱ་ཤེས་བྱེད་གཉིས་འདུག་གམ་བརྟག །ངོ་བོ་ལ་ཤེས་བྱ་དང་ཤེས་བྱེད་གཉིས་སུ་གཏན་ནས་མི་འདུག་ཀྱང་། ཇི་ལྟར་བྱས་ཀྱང་གཉིས་སུ་མེད་པའི་ཚུལ་གྱིས་ཤེས་པ་ཞིག་ནི་ངེས་པར་རེད་ཟེར་བྱུང་། ཐ་མལ་གྱི་ཤེས་པ་ཐེར་ལ་བུད་པ། བློས་བཟོ་བཅོས་དང་གཏན་ནས་བྲལ་བ། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ལ་ངེས་པར་གཏིང་ཚུགས་པ་ཞིག་བྱུང་ཚེ་དམ་པ་གོང་མ་རྣམས་ཀྱིས་སློབ་མ་ལ་ཁྲིད་ཐེབས་པའམ། གནས་ལུགས་ལ་མཁྲེགས་ཚུད་པས། ད་ནི་བློས་བྱས་ཀྱི་ལྟ་བའམ། ཡིད་དཔྱོད་ཀྱི་ལྟ་བའི་དཔྱད་པ་རྫོགས་ནས་མངོན་སུམ་གྱི་ལྟ་བའི་མགོར་སླེབས་པར་འདུག་པས། ད་གཟོད་ངོ་སྤྲོད་བྱེད་རན་པར་འདུག་གསུངས་པའི་ཐོག་ཏུ་ཐོན་པ་ཡིན་ནོ། །དེ་ལྟར་གོང་དུ་བཤད་པའི་ཤེས་རབ་ཀྱིས་དཔྱད་ཚུལ་དེ་རྣམས་གལ་ཆུང་དང་དོན་མེད་དུ་མི་བསམ་པར་དེ་ཐམས་ཅད་དུམ་ཆོད་བྱས་ནས་བརྟག་ཚུལ་གོ་བརྡ་འཕྲོད་ངེས་བྱས་ཏེ་ག་ལེར་ཡུན་རིང་དུ་བརྟག་དཔྱད་བྱེད་བཅུག་དགོས། ཙབ་ཙོབ་ཏུ་ཉག་ལང་ནས་ཕྱོགས་མགོ་རེ་སྣ་ཟིན་པ་དང་། དེས་མགུ་ནས་ངོ་སྤྲོད་དང་ཕྱལ་གདལ་སོགས་ཀྱི་བརྗོད་སྒྲོས་དང་བསྒོམ་མདོག་ལ་སྙིང་རུས་སྡུག་སྲན་བྱེད་བཅུག་རུང་ཕྱི་ལྡང་དང་ཐེ་ཚོམ་སོགས་མི་རེད་པ་ཐམས་ཅད་འབྱུང་འོང་བ་ཡིན་པས་ཐུགས་དཔྱད་ལེགས་པར་ཐོངས། ལར་ཐམས་ཅད་ལ་ཕྱིར་ལྡང་སོགས་མི་རེད་པ་འོང་ཟེར་པའི་རྒྱུ་ཐམས་ཅད། གཅིག་ཏུ་སྔོན་འགྲོ་ཕྱི་ནང་དང་བསགས་སྦྱང་མོས་གུས་སོགས་གནད་དུ་མ་སོང་། གཉིས་སུ་གསང་སྔགས་ཀྱི་འཇུག་སྒོ་དབང་གིས་རྒྱུད་མ་སྨིན། གསུམ་དུ་གོང་གི་ཤེས་རབ་ཀྱིས་དཔྱད་པ་གནད་དུ་མ་སོང་སྟེ་གདར་ཤ་མ་ཆོད་པ་ལས་བྱུང་བ་ཡིན་པས། སློབ་མ་ལ་ཡི་ཆད་དང་བཀའ་བཀྱོན་ཚ་དྲག་ཅན་སོགས་བྱས་པ་ཁོ་ནས་གཏན་མི་འོང་བས། སློབ་མ་སྙིང་རྗེས་རྗེས་སུ་བཟུང་ནས་ཅུང་ཟད་རེ་ཙམ་ཡང་ཨེ་ཕན་གྱི་རེ་བ་ཡོད་པས་འདི་ཚོ་ཐུགས་གཏིང་ལ་ཞོག་ཅིག་དེས་སྔོན་འགྲོའི་དཔྱད་པ་རྫོགས་ནས། །

གཉིས་པ་དངོས་གཞི་རིག་པ་རང་ངོ་སྤྲོད་པ་ལ། སྤྲོ་ན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་བཏང་། སྤྲོས་མེད་བྱེད་ན་བླ་སློབ་གཉིས་ཀས་བརྒྱུད་པའི་གསོལ་འདེབས་དང་མོས་གུས་གནད་འགྲོ་བྱ། བླ་མས་དགོངས་པ་གཏད། སློབ་མས་ལུས་སེམས་ཀློད་ལ་སྔར་གྱི་ཤེས་པ་བཟོ་བཅོས་མེད་པར་ཅུང་ཟད་བཞག་བཅུག །དེ་ནས་ངོ་སྤྲོད་ལ། དང་པོ་སྤྲོད་རྒྱུའམ་སྤྲད་བྱ་ངོས་བཟུང་། སྤྲད་ཚུལ་ཤན་ཕྱེད། ངོ་སྤྲད་དངོས་ཐེབ་པར་གདབ་པ་དང་གསུམ་ལ་འདུ་བས། དེ་གསུམ་ཅུང་ཟད་བསྡུས་ཏེ་བསྟན་པ་ལ། ཁྱོད་ལ་ངོ་སྤྲད་རྒྱུའམ་སྤྲད་བྱ་ནི་ཆོས་ཐམས་ཅད། གནས་ལུགས་མཐར་ཐུག་པ་སེམས་ཀྱི་ཁམས་སམ། རིགས་སམ་བདེ་གཤེགས་སྙིང་པོའམ་རྒྱུད་སྡེ་རྣམས་ནས་གཞི་རྒྱུད་དམ་རྫོགས་ཆེན་ལྟར་ན་གཞིར་གནས་ཀྱི་ཡེ་ཤེས་སམ། ཡོངས་སུ་གྲགས་པ་ལྟར་ན་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར་བ། སེམས་དང་སེམས་ཉིད་གཉིས་ཀྱི་ཟླས་ཕྱེས་པའི་སེམས་ཉིད། རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེས་པའི་ཡེ་ཤེས་ཟེར་བ་དེ་ངོ་སྤྲད་རྒྱུ་ཡིན། སྤྲད་ཚུལ་ཤན་འབྱེད་པ་ནི། རྫོགས་ཆེན་ལྟར་ན་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་སོགས་མང་དུ་ཡོད་ན་ཡང་། དེ་ཐམས་ཅད་ཀྱི་གནད་འགག་སེམས་དང་རིག་པའི་ཤན་འབྱེད་འདི་ལ་ཐུག་པ་ཡིན། དེ་ནི་སྔོན་ནས་ཤན་འབྱེད་པའི་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཤེས་པ་བཟོ་བཅོས་དང་བཏང་བཞག་བྲལ་བའི་ངོ་བོ་འདི་ལ་རིག་པའི་ཡེ་ཤེས་ཟེར་བ་ཡིན། བཟང་ངན་གྱི་རྟོག་པ་གློ་བུར་བ་འདི་ལ་སེམས་སམ་རྣམ་ཤེས་ཟེར་བ་ཡིན་པས་དེ་ནི་ཁྱོད་ཀྱིས་སྔ་ནས་ཤན་ཕྱེས་ཟིན་པ་ངེས་སམ་ཞེས་བརྡ་སྤྲད། ངོ་སྤྲོད་དངོས་ཐེབས་པར་གདབ་པ་ནི། འདིའི་ལུགས་ལ་དབང་བཞི་པ་ཚིག་དབང་ཟེར་བ་དེ་ཡིན། དེ་ནི་གནད་གསུམ་དུ་འདུ་སྟེ། དང་པོ་སེམས་ཉིད་རིག་པའི་ཡེ་ཤེས་ཆོས་སྐུ་ཟེར་ཚུལ་དེ་ལ་གསུམ་ཡོད། གཞི་གནས་ཀྱི་ཡེ་ཤེས་དེ་ལ་གཞིའི་ཆོས་སྐུ་དང་། ད་ལྟའི་རྟོག་པས་མ་བསླད་པའི་རིག་པའི་ཡེ་ཤེས་ཟང་ཐལ་འདི་ལ་ལམ་གྱི་ཆོས་སྐུའི་ཡེ་ཤེས་ངོ་སྤྲོད་པ་ཟེར། ཟུང་འཇུག་ཡེ་ཤེས་ཆེན་པོ་འདི་རྩལ་རྫོགས་ཏེ། རླུང་སེམས་མ་དག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་བྲལ་ནས། དག་པ་གཉིས་ལྡན་གྱི་འབྲས་བུའི་དུས་ན་ཟག་མེད་ཆོས་ཀྱི་སྐུ་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དེ་ལ་འབྲས་བུའི་ཆོས་སྐུའི་བརྡ་མཛད་པས། དེ་གསུམ་ཟུང་འཇུག་རིག་པའི་ཡེ་ཤེས་འདིའི་ངོ་བོ་ལས་ཐ་དད་པ་དང་། གཞན་མིན་པས་རིག་པ་ཟང་ཐལ་རྗེན་པ་འདི་ཆོས་སྐུའི་ངོ་བོའི་གནས་ལུགས་སམ། དོན་དམ་བདེན་པའམ། ཀ་དག་སྟོང་པ་ཆེན་པོ་ཡིན་པས་དེ་ལྟར་ངོ་ཤེས་དགོས། དེ་ནི་དངོས་གཞི་རིག་པ་ངོ་སྤྲོད་པ་ཟེར་བའི་གནད་ཡིན། དེ་ནས་གཉིས་པ་ནི། སྔར་གྱི་སེམས་ཟེར་རྒྱུའི་སྣང་རྟོག་བཟང་ངན་དེ་ཐམས་ཅད་སེམས་ཉིད་རིག་པའི་ཡེ་ཤེས་སྒྲིབ་པའི་དྲི་མ་རྟོག་སྒྲིབ་ཟེར་བ་སྐྱོན་གྱི་ཆ་ནས་ངན་པ་དེ་ཡང་། དེ་ནི་སྐྱོན་ཡོན་ཏན་དང་། ལྟས་ངན་གཡང་། བར་ཆོད་དངོས་གྲུབ། སྲིད་ཞིའི་སྣང་རྟོག་ཐམས་ཅད་རིག་པའི་ཡེ་ཤེས། ཆོས་སྐུའི་རང་རྩལ་ལམ་རོལ་བ་ཆེ་བའི་རྒྱན་ནམ་ཐུགས་རྗེ་ལྷུན་གྲུབ་ཀྱི་འཆར་ཚུལ། ཀུན་རྫོབ་དག་པ་རབ་འབྱམས་ཏེ། དེ་ཡང་རིག་པའི་རྩལ་གདངས་རྩ་ཐིག་རླུང་གསུམ་ཕྲ་རགས་ཇི་སྙེད་པ་དང་། འགྲོ་དྲུག་གི་ལུས་ཀྱི་བྱེ་བྲག་ལྟར་སྟོང་གཟུགས་སུ་ཤར་བ་ཐམས་ཅད་སྣང་སྟོང་སྐུ། རིག་པའི་ཡེ་ཤེས་ཀྱི་གདངས་སྒྲ་ལྟར་གྲགས་པ་ཐམས་ཅད་གྲགས་སྟོང་གསུངས། ཡེ་ཤེས་ཀྱི་རྩལ་སེམས་དང་སེམས་བྱུང་གི་རྟོག་པ་ཇི་སྙེད་པ་ཐམས་ཅད་དྲན་རྟོག་ཐུགས་ཀྱི་བྱེ་བྲག་སྟེ། མདོར་ན་འཁོར་བའི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ལྔའི་བྱེ་བྲག་ལས་ཐམས་ཅད་ཟག་མེད་ཀྱི་ལས་འབྲས་བུ་ཁམས་གསུམ་འཁོར་བར་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་མྱང་འདས་ཀྱི་ལམ་གྱི་བྱེ་བྲག་ཉམས་དང་རྟོགས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་རང་རྩལ། འབྲས་བུ་བྱང་ཆུབ་གསུམ་གྱི་གོང་གི་ཡོན་ཏན་གྱི་བྱེ་བྲག་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་རྣམ་འགྱུར། དེ་ཡང་དད་པ་དང་ལོག་ལྟ་སྙིང་རྗེ་དང་ཞེ་སྡང་། རང་དོན་ཡིད་བྱེད་དང་གཞན་ཕན་བྱང་སེམས། སྦྱིན་པ་དང་སེར་སྣ་སོགས་འཁོར་འདས་སྤང་གཉེན་གྱི་ཆོས་སུ་སྣང་བ་ཐམས་ཅད་རིག་པ་ཆོས་སྐུའི་རང་རྩལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ཡིན་པས་བཟང་ངན་དང་བླང་དོར་མེད་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ངོ་འཕྲོད་པར་བྱ་དགོས། གསུམ་པ་ནི། དེ་ཡང་རིག་པ་དོན་དམ་བདེན་པ་ཆོས་སྐུ་དང་། དེའི་འཆར་ཚུལ་འཁོར་འདས་སུ་སྣང་བའི་རྟེན་འབྱུང་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་ཀུན་རྫོབ་དག་པ་སྟེ། དེ་གཉིས་ཆུ་དང་རླབས་བཞིན་ཆོས་སྐུའི་ངོ་བོར་རོ་གཅིག་ཅིང་སོ་སོ་མ་ཡིན་ཐ་མི་དད་པར་ཟུང་འཇུག་དབྱེར་མེད་ཆེན་པོར་ངོ་སྤྲོད། དེ་ལྟར་ངོ་སྤྲོད་མྱོང་ཐོག་ཏུ་མ་ཁེལ་བར་དུ་ལན་མང་དུ་བསྐྱར་ནས་ཡང་ཡང་གདབ་པས་སློབ་མའི་མོས་གུས་དང་། བླ་མའི་བྱིན་རླབས། ངོ་སྤྲོད་གདབ་ཚུལ་ཐམས་ཅད་ཀྱི་རྟེན་འབྲེལ་བསླུ་བ་མེད་པའི་སྟོབས་ཀྱིས་ལས་འཕྲོ་ཅན་ཡོད་ན་སྲིད་ཞི་རོ་མཉམ་དུ་རྟོགས་ནས་བར་མེད་ཕྱམ་གདལ་ལྟ་སྒོམ་གཅིག་ཆོད་དུ་འགྲོ་བའང་སྲིད། དེ་ཙམ་མ་བྱུང་ན་ཡང་། སེམས་རིག་རོ་མཉམ་ཞིང་གཉིས་སུ་མེད་པའི་དོན་ལ་བློ་གཞན་གྱིས་མི་འཕྲོག་པ་ཞིག་བྱུང་ན་ངོ་སྤྲོད་ཐེབས་ཟེར་དགོས། ད་དུང་གནད་དུ་དྲིལ་ནས་བཤད་ན་རིག་པ་ཆོས་སྐུའི་ངོ་བོ། སེམས་ཀྱི་སྣང་རྟོག་ཐམས་ཅད་ཆོས་སྐུའི་རང་རྩལ། དེ་གཉིས་དབྱེར་མེད་ཟུང་འཇུག་དབྱེ་བསལ་མེད་པ་ཆུ་དང་རླབས་ལྟར་མྱོང་ཐོག་ཏུ་ཁེལ་བར་ངོ་སྤྲད་དགོས། དེ་ལྟར་ངོ་མ་འཕྲོད་ན་རིག་པ་ཆོས་སྐུ་ཟེར་པའི་བཟང་པོ་ཞིག་དང་། སེམས་རྟོག་སྒྲིབ་པར་བྱེད་པའི་ངན་པར་བཞག་པས། གནས་ལུགས་ལ་བཟང་ངན་མེད་ཅིང་སྲིད་ཞི་གཉིས་མེད་རྟོགས་པ་ལ་རྒྱབ་ཀྱིས་ཕྱོགས་ནས། གཉིས་འཛིན་རང་རྒྱུད་པའི་རེ་དོགས་ཀྱིས་འཆིང་ཞིང་ཐ་མལ་པ་དང་ཁྱད་པར་མེད་པ་འོང་ཉེན་ཡོད་པས་གཟབ་དགོས། ཡང་སེམས་རིག་གཉིས་མེད་མྱོང་ཐོག་ཏུ་ངོ་མ་འཕྲོད་པར་གོ་ཡུལ་དུ་སོང་ན་ཁ་ལྟ་མཐོ་ཞིང་སྤྱོད་པ་རྩིང་པའི་སྣོན་མར་འགྲོ་ཉེན་ཡོད་པས་གཟབ་དགོས། ལར་ད་ལྟའི་དུས་ན་བླ་མའི་གདམས་ངག་ཁྱད་པར་ཅན་གྱིས་སེམས་རིག་ཤན་འབྱེད་པའི་གནད་ཁྲིད་མཁན་ཡང་ཉིན་སྐར་བས་དཀོན། སློབ་མ་མོས་གུས་ཅན་སེམས་རིག་ཤན་ཕྱེས་ནས་ཁྲིད་ཐེབས་ཡོད་པའང་དེ་བས་དཀོན། བླ་མས་སེམས་རིག་གཉིས་སུ་མེད་པའི་ངོ་སྤྲོད་གནད་ལ་ཕབ་ནས། སློབ་མའི་མྱོང་ཐོག་ཏུ་ཐད་ཀར་ངོ་འཕྲོད་པ་དེ་བས་དཀའ་བས་ཤིན་ཏུ་གཟབ་དགོས། ཁྱད་པར་དུ་སེམས་དང་རིག་པ་འདི་གཉིས་ཀྱི་ཁྱད་སྲིད་པའི་རྩ་བ་རྣམ་རྟོག་སེམས་ཀྱི་བྱེ་བྲག །མྱང་འདས་ཆེན་པོ་ཞི་བ་ཆོས་སྐུའི་ངོ་བོ་རིག་པའི་ཡེ་ཤེས་ཏེ། གནས་ལུགས་ལ་འདི་གཉིས་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པར་གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་ཞིག་ཁྲིད་ཚུལ་འདིའི་ལུགས་ལ་ངེས་པར་འོང་དགོས་པས། ཡང་ཡང་ཞིབ་ཏུ་གོ་བརྡ་འཕྲོད་ངེས་པའི་ཕྱིར་མི་ལྡོག་པའི་ངོ་སྤྲོད་ཐེབས་པ་གལ་ཆེ། དེ་ལྟར་མ་རེད་ན་ཆེན་པོའི་སྦོམ་ཁྲིད་ལྟར་སྣང་བ་ལས་མི་འོང་པས་ཐུགས་གཟབ་མཛོད་ཞུ། །

སྤྱིར་བཏང་ངོ་སྤྲོད་སྐབས་འདིར་ཞིབ་པར་བརྗོད་ན་སེམས་རིག་དབྱེར་མེད་ཆེན་པོ་འདིར་མདོ་སྔགས་ཀུན་གྱི་ལྟ་བའི་དོན་ཐམས་ཅད་ཆུ་བརྒྱ་ཟམ་གཅིག་འོག་ཏུ་ཚུད་པ་ལྟ་བུ་ཞིག་ལ་འགག་བསྡོམ་དགོས་པས། མདོར་བསྡུ་ན་ཟུང་འཇུག་རིག་པ་ཡེ་ཤེས་ཀྱི་ཕྱོགས་དོན་དམ་བདེན་པ་དང་། ཤེས་རབ་ཕར་ཕྱིན་སྤྲོས་བྲལ་དབུ་མ་ཆེན་པོ། དོན་དམ་བྱང་ཆུབ་སེམས། ཕྱག་རྒྱ་ཆེན་པོ། འོད་གསལ་སྒྱུ་འཕྲུལ་བས་ལྷག་པའི་དོན་དམ་དཀོར་བདུན། ཨ་བུའི༼ཨ་ནུའི༽་དབྱིངས་ཡེ་ཟུང་འཇུག །རྫོགས་པ་ཆེན་པོའི་ཡེ་ཤེས་གསུམ་ལྡན་ནམ། རང་བྱུང་གི་ཡེ་ཤེས་སོགས་དང་། ལྷ་དང་བླ་མ་མཁའ་འགྲོ་མཆོག་གསུམ་སོགས་ཐམས་ཅད་ཀྱི་ངོ་བོ་ནི་དེ་ཡིན་ལ། དེའི་རྩལ་ལམ་འཆར་ཚུལ་གྱི་ངོས་ནས་ཀུན་རྫོབ་བདེན་པ་ཀུན་རྫོབ་བྱང་སེམས། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཏེ། དག་པ་རབ་འབྱམས་ལྷུན་འགྲུབ་ཀྱི་འཆར་ཚུལ་ཏེ། སྣང་ཕྱོགས་སེམས་དང་ཡེ་ཤེས་ཟུང་འཇུག་དབྱེར་མེད་ཆེན་པོ་བདེན་གཉིས་རོ་གཅིག་པ་རྒྱལ་བའི་དགོངས་དོན་མཐར་ཐུག་རིག་འཛིན་རྣམས་ཀྱི་དགོངས་པའི་མཐིལ་ཡིན་པས། འདི་ལས་གཞན་ན་ལྟ་བ་ཟབ་ཟབ་པོ་ཞིག་གཏན་ནས་མེད་པར་ཐག་ཆོད་དགོས། དེ་ལྟར་ཐག་མ་ཆོད་ན་ལྟ་དོན་ཆོས་ཉིད་མངོན་སུམ་མཐོང་བ་ལ་ཡིད་མི་ཆེས་པར། བློས་བྱས་ཡིད་དཔྱོད་ཀྱི་ལྟ་བ་སོགས་ལ་གཡེངས་ནས་རང་ལུགས་དྲི་མ་མེད་པ་ལ་རྒྱབ་བསྟན་ནས། གཞན་ཟེར་གྱི་ཁ་རྒྱུག་ལ་ཞེན་ནས་ཆོས་སྤོངས་སོགས་ཀྱི་ཉེས་པ་བསྐྱེད་པས་ན་རང་དང་སློབ་མར་གྱུར་པ་རྣམས་ཀྱི་ཐུགས་ལ་ངེས་པ་གལ་ཆེ། འདི་ནི་གསང་སྔགས་བླ་མེད་ཡན་ཆོད་ཀྱི་ལྟ་དོན་དངོས་ཡིན་པས་མངོན་སུམ་གྱི་ལྟ་བ་ཟེར་བ་ཐུན་མོང་མ་ཡིན་པ་དེ་ཡིན་ནོ། །སྤྱིར་ལྟ་བ་ཟེར་བ་དེ་སེམས་བྱུང་ཤེས་རབ་ཀྱིས་ཤེས་བྱའི་ཆོས་ཀྱི་གནས་ལུགས་བདེན་གཉིས་སུ་ངེས་པས་བློ་མི་བསླུ་པ་ཞིག་ལ་ཟེར་བས། འདིའི་ལུགས་ཀྱི་ཡིད་དཔྱོད་ཀྱི་ལྟ་བ་ཟེར་བ་དང་དོན་འདྲ། དེས་དངོས་གཞིའི་ལྟ་དོན་ངོ་སྤྲོད་པའི་ཚུལ་ལོ། །

གསུམ་པ་རྗེས་སུ་ཉམས་ཀྱིས་སྐྱོང་ཚུལ་བསྟན་པ་ནི། དབང་པོ་ཡང་རབ་རྩོལ་མེད་རང་བཞག་གི་སྒོམ་པ་སྟོན་པ་ཡིན། དེ་ཡང་འདི་ནི་ལྟ་ཐོག་ཏུ་སྒོམ་པ་བཙལ་བའི་ལུགས་ཡིན། དེ་ལ་བསྒོམ་དགོས་མི་དགོས་གཉིས་སུ་ཡོད་པ་ལས། དབང་པོ་ཡང་རབ་ཁ་ཅིག་ནི་རིག་སྟོང་ཟུང་འཇུག་ཆེན་པོར་ངོ་འཕྲོད་པ་དང་མཉམ་དུ་རྩལ་སྣང་འཁོར་འདས་ཀྱི་སྣང་རྟོག་ཐམས་ཅད་ཡེ་ཤེས་ཆེན་པོ་དང་རོ་གཅིག་ཏུ་གྱུར་ནས། འཁྲུལ་བ་གཞི་ལ་ལྡོག་ནས་ཉིན་མཚན་སོགས་བར་མེད་ཕྱམ་གདལ་འོད་གསལ་ཆེན་པོའི་ངང་ལས་ཡེངས་འཁྲུལ་གྱི་སྐབས་དང་བྲལ། འཕྲོ་གནས་གཉིས་མེད་དུ་སངས་ནས་འཁྲུལ་མི་ཤེས་པར་གྱུར། རྩལ་གྱི་ཤེས་རབ་དང་སྙིང་རྗེ་སོགས་ས་ལམ་ཐམས་ཅད་ཅིག་ཆོད་དུ་རྫོགས་པ་དེ་ལྟར་ངེས་པར་གྱུར་ན། ཅིག་ཆར་བ་རབ་མཆོག་དངོས་རྫོགས་པ་ཆེན་པོའི་གདུལ་བྱ་ཐུན་མོང་མ་ཡིན་པ་ཡིན་པས་དེ་འདྲ་སྲིད་མཐའ་མ་བཀག་ཙམ་ལས། ཨུ་དུཾ་ཝ་རའི་མེ་ཏོག་བས་དཀོན། དེང་སང་མྱོང་ཐོག་ཏུ་མ་ཁེལ་བའི་ཅིག་ཆར་བ་ཟེར་བའི་ཁ་ལྟ་ཅན། གདམ་ངག་གི་རྒྱུས་མེད་པའི་མངོན་པའི་ང་རྒྱལ་ཅན་ངོ་ཚ་མེད་པ་དུ་མ་ཡོད་པ་རྣམས་ནི་སྙིང་རྗེའི་གནས་སུ་མཆི། མདོར་ན་ལྟ་སྒོམ་ཅིག་ཆོད་དུ་སོང་ཞིང་། ས་ལམ་ཅིག་ཆོད་དུ་གྱུར་པ་ཞིག་ནི་ངེས་པར་དགོས་པས་ཤན་ཕྱེ་བ་ཤིན་ཏུ་གལ་ཆེ། དེ་ནས་བསྒོམ་དགོས་པའི་ལུགས་ནི་ཐེག་མཆོག་རྒྱལ་པོ་འདིའི་ལུགས་ཐུན་མོང་མ་ཡིན་པ་ནི། བློས་བྱས་ཀྱི་ལྟ་སྒོམ་སྤྱོད་པ་སོགས་རྩོལ་བས་བསྒྲུབ་པ་རྣམས་སེམས་ཀྱི་སྤྱོད་ཡུལ་ཡིན་པས། འདིའི་ལུགས་ཀྱི་གོལ་སྒྲིབ་ཡིན་པ་ཤེས་དགོས། འདིར་གོང་དུ་ངོ་སྤྲད་པ་ལྟར་བློ་བྲལ་སེམས་ལས་འདས་པའི་རིག་པའི་ངོ་བོ། ཐད་ཀར་ངོ་འཕྲོད་པ་དེ་ལྟ་བ་ཡིན། དེའི་རང་བབ་ལྷུན་གྲུབ་ཀྱི་སྒོམ་པའམ། རིག་པ་རང་བབ་ཀྱི་བསམ་གཏན་དེ་རྩོལ་མེད་རང་བཞག་གི་དྲན་པས་མཉམ་པར་འཇོག་དགོས། མཉམ་པར་འཇོག་དགོས་པའི་རྒྱུ་མཚན་ནི། སེམས་རྟོག་མ་རིག་འཁྲུལ་འབྱམས་བླང་དོར་རེ་དོགས་སོགས་གཉིས་སྣང་གི་དབང་དུ་རིག་པ་རྐྱེན་ཁར་འཆོར་བ་འདི་རོ་མཉམ་ཞིང་དབྱིངས་སུ་ནུབ་ནས། ས་ལམ་གྱི་སྤངས་རྟོགས་མཐར་མ་ཕྱིན་གྱི་བར་དུ་དབེན་པའི་ནགས་ཁྲོད་བསྟེན་པ་སོགས་བསམ་གཏན་གྱི་རྒྱུ་ཚོགས་ཚང་བའི་སྒོ་ནས་བརྩོན་པ་ཤུགས་བསྐྱེད་ཏེ་ཉམས་ལེན་ཐུན་དུ་བཅད་ནས་བསྒོམ་དགོས་ངེས་པ་ཡིན། ད་ལྟ་མཆོག་དམན་ཀུན་གྱིས་གདམ་ངག་ཟབ་མོའི་ལག་ལེན་ཆད་ཅིང་རྒྱུས་མེད་པས་ཚོད་དཔོག་བྱས་ནས། ལྟ་རྒྱུ་སྒོམ་རྒྱུ་ཅི་ཡང་མེད། ཡེངས་མ་ཡེངས་འཁྲུལ་མ་འཁྲུལ་མེད། ཐམས་ཅད་ཁོ་རང་གི་བབ་གཤིས་ཡིན་ཟེར་ནས། རང་གཞན་གཉིས་ཀས་མཉམ་བཞག་ཐུན་གཅིག་མི་བཅད་པར། ཕྱི་ནང་གི་གཡེངས་པ་ཁོ་ནས་དུས་འདའ་བ་མང་བས་འདིས་ལམ་གནད་ནོར་ཞིང་མི་ཤེས་པར་འཕྱན་པ་ཡིན་པར་གོ་དགོས། འདིའི་ལུགས་ལ་བློས་བྱས་ཀྱི་ལྟ་སྒོམ་སོགས་མི་དགོས་ཟེར་བ་ཡིན། རང་ལུགས་ལ་སྒོམ་དགོས་ཏེ་སྤང་བྱ་དག་ཅིང་རྩལ་གྱི་ཡོན་ཏན་དང་ས་ལམ་ཐམས་ཅད་ངེས་པར་རྫོགས་དགོས། སྔོན་གྱི་རིག་འཛིན་གོང་མ་ཚད་མར་གྱུར་པ་རྣམས་ཀྱི་ས་ལམ་གྱི་ཡོན་ཏན་དང་སྤང་རྟོགས་ཀྱི་ཁྱད་པར་ལ་ལྟོས་དང་གསལ། དེང་སང་ནི་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་ས་ལམ་གོང་མའི་ཡོན་ཏན་སོགས་ཕར་ཞོག །སེམས་རིག་ཤན་ཕྱེ་ནས་རིག་པ་རང་བབ་ཀྱི་སྒོམ་པའི་ལག་རྗེས་ལས་བྱུང་བའི་ཚོགས་ལམ་ཙམ་གྱིས་རྩལ་གྱི་ཡོན་ཏན་ཤེས་རབ་དང་སྙིང་རྗེ་སོགས་ཡོད་པ་ཉིན་སྐར་ལས་ཀྱང་དཀོན་པ་འདི་ཚོ། གང་ལྟར་ཡང་ལམ་གནད་འཆུག་པའི་རྟགས་ཚད་མངོན་སུམ་པ་ཡིན་པར་འདུག་པས། ཡང་ཡང་ཐུགས་དཔྱད་མཛོད་ལ་ཁྲིད་དེ་ལུགས་ཐོབས་མཛོད། །

ད་ནི་སྒོམ་ཚུལ་ཅུང་ཟད་སྟོན་ཏེ། དེ་ལ་མཉམ་རྗེས་གཉིས་ལས། དང་པོ་མཉམ་པར་འཇོག་ཚུལ་ནི། ཐུན་གྱི་སྔོན་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་ཐུགས་ཡིད་བསྲེ་བ་གནད་དུ་འགྲོ་བར་བྱ། དེ་ནས་ལུས་གནད་ཆོས་བདུན་སོགས་གང་བདེ་བྱ། རླུང་གནད་རླུང་ཁ་ནང་ནས་འབྱུང་འཇུག་ཤིན་ཏུ་དལ་བ་ཁམས་དང་འཕྲོད་པར་བྱ། ལས་རླུང་ཁ་ནས་འདོན་པ་འདིའི་ལུགས་ལ་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི་རླུང་གིས་རྩལ་བསྐྱེད་པའི་རྟོག་པ་དེ་རླུང་དང་བྲལ་བས་རྟོག་པ་འགག་སྟོབས་ཆེ་ཞིང་། མཐར་ལས་རླུང་དབུ་མར་དག་པ་སོགས་ཀྱི་དགོས་པ་ཡོད། སེམས་གནད་ནི། སྔར་ངོ་སྤྲད་པའི་སེམས་དང་བྲལ་བའི་ལྟ་བ་རིག་པ་ཟང་ཐལ་དེ་དང་། མེ་དང་ཚ་བ། ཆུ་དང་བརླན་བཞིན་དུ་རིག་པ་རང་བབ་ཀྱི་བསམ་གཏན་ཤུགས་འབྱུང་དུ་ཡེ་ནས་གནས་པ་དེ་གོང་བཤད་བཞིན་དུ་རྩོལ་མེད་ཀྱི་དྲན་པའམ། གཉུག་མའི་དྲན་པའམ། ཆོས་ཉིད་ཀྱི་དྲན་པ་ཟེར་བ་རིག་པའི་ངོ་བོའི་རྩལ་ལས་གཞན་མ་ཡིན་པ་དེས་མི་འཛིན་མི་བཅོས་མི་བསྡུ་མི་སྤྲོ་བར་ཁ་ཡན་རང་བབས་སུ་བཞག་པས། སེམས་ཀྱི་བྱུང་ཚོར་གྱི་རྟོག་པ་ཕྲ་རགས་ཐམས་ཅད་རིམ་གྱིས་ཀ་དག་གི་དབྱིངས་སུ་གྲོལ་ཞིང་ནུབ་ནས། རྟོག་པ་ཁྲོག་གིས་ཆད་ཅིང་དག་ནས་མི་རྟོག་པར་ཁྲོལ་གྱིས་སོང་ནས། རིག་པ་དྭངས་སིང་ངེ་བ་སྟོན་གནམ་གཡའ་དག་པ་ལྟ་བུ། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་དང་པོ་མཚོ་ནང་དུ་གཟའ་སྐར་ཤར་བ་ལྟ་བུ། ཕྱིའི་མཉམ་བཞག་ཀློང་དུ་ཕེབ་དུས་དེ་ཡང་འགགས་ཤིང་ཡལ་ནས་དམིགས་མེད་སྤྲོས་བྲལ་གྱི་དབྱིངས་སུ་ཞུགས་པ་དེ་ལ་རྫོགས་པ་ཆེན་པོ་སོགས་ཀྱི་མཉམ་བཞག་དངོས་ཟེར་བ་ཡིན། ལས་དང་པོ་པ་རྣམས་ཀྱིས་ཅུང་ཟད་རིག་ཆ་བཏོན་ནས་ཧར་སངས་སུ་བཞག །རྟོག་པ་ཕྲ་རགས་ཅུང་ཟད་འགགས་པ་ཡུན་ཐུང་རུང་རིམ་གྱིས་རྩོལ་བ་གོམས་པར་བསླབ། དེས་ཡུན་ཐུང་གྲངས་མང་བར་དུམ་ཆོད་བྱས་ནས་སྒོམས་དང་བཟང་འགྱེས་སུ་བྱ་གསུངས། མཉམ་བཞག་དེ་དག་གི་དུས་ན་བྱིང་རྒོད་སོགས་ཀྱི་སྐྱོན་གང་བྱུང་རུང་ཐམས་ཅད་རིག་པའི་རང་རྩལ་གྱི་འཆར་ཚུལ་ཆུ་དང་རླབས་ལྟ་བུ་མཉམ་པའི་ལྟ་དོན་དྲན་པར་བྱ་ཞིང་། གཉེན་པོ་གཞན་ཡེ་མི་བསྟེན་པར་དགོངས་པ་དང་བསྲེ་བའམ། ཡང་ན་ཉམས་བཤིགས་ཚུལ་མང་ཡང་། སྒོམ་བློ་དེ་བོར་ལ་བཞག །བཤིགས་ལ་བཞག །བཏང་ལ་བཞག །ཕྲོལ་ལ་བཞག །ཡེངས་འཁྲུལ་གྱི་དོགས་ཟོན་གཏན་ནས་མི་བྱ་བར་ཡེངས་ལ་བོར། ཤོང་ཡངས་ལ་བཏང་། རིག་པ་དྭངས་ཕྱིན་ཅིང་། ཇེ་བརྟན་ཇེ་ཡངས་ལ་སོང་ན་རྟོགས་པའི་ངོ་བོའི་ཉམས་བཟང་བ་ཟེར་པ་ཡིན་པས་ཤིན་ཏུ་ཟབ། ཉམས་བཤིགས་ཚུལ་གཞན་ཞལ་ལས་ཤེས། དེ་ལྟར་ཡང་ཡང་ཐུན་དུ་བཅད་ནས་དེང་སང་དུམ་ཆོད་ལ་བསླབ་པས་རིམ་གྱིས་གོམས་པ་བརྟན་པ་བཞིན། རླུང་སེམས་དབུ་མར་ཐིམ་པའི་རྟགས། སྒོམ་ཁང་དུ་རྟགས་བཅུའི་སྟོང་གཟུགས་རྩོལ་མེད་དུ་འཆར་བ་སོགས་ཡོང་རབ་གོང་མ་རྣམས་ཀྱིས་གསུངས་འདུག་དེ་ནི་མཉམ་བཞག་ཡིན།

དེ་ནས་རྗེས་ཐོབ་ལ་བཟང་ངན་གཉིས་ཡོད་པའི། དང་པོ་ནི་འདིའི་ལུགས་ལ་ཀ་དག་སྟོང་པ་ཆེན་པོ་རིག་པའི་ངོ་བོ་ལ་གྲོལ་བའམ། སེམས་ཀྱི་ཡལ་ས་ཡང་ཟེར། བཟང་ངན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་དེའི་ངང་དུ་ལན་ཚྭ་ཆུ་ལ་ཐིམ་པའམ། རླབས་རྒྱ་མཚོ་ལ་ཐིམ་པ་ལྟར་རང་ཡལ་རྗེས་མེད་དུ་ཐད་ཀར་ཆོད་ན་ཁྲེགས་ཆོད་ཀྱང་ཟེར། འཁྲུལ་ཞིག་དང་རྩལ་གྱི་རྣམ་རྟོག་ཤར་གྲོལ་དུ་ཞིག་པའང་གསུངས་པས་གྲོལ་ལུགས་འདིའི་གནད་ཤིན་ཏུ་གལ་ཆེ། རང་གྲོལ་ཅེར་གྲོལ་སོགས་སྔར་གསུངས་ཀྱང་ལམ་དུ་འཁྱེར་ཚུལ་རིག་པ་ཀ་དག་གི་ངོ་བོ་འདི་ལས་རྩལ་བཟང་ངན་གྱི་སྣང་རྟོག་ཐམས་ཅད་འདི་ལས་ཤར། འདིའི་ངང་དུ་གནས། དབྱིངས་འདིའི་ངང་དུ་གྲོལ་བའི་ལམ་ཁྱེར་ལ་ཚུལ་བཞིན་དུ་བསླབ། འདི་ནི་འཁྲུལ་སྣང་དབྱིངས་སུ་ནུབ། རྐྱེན་སྣང་གྲོགས་སུ་འཆར། ཉོན་མོངས་ལམ་དུ་འཁྱེར་བའི་གནད། གདེང་གྲོལ་ཐོག་ཏུ་བཅའ་བ་འདི་ལ་ཐུག་སྟེ། གྲོལ་ལུགས་ཀྱི་གནད་འདི་ནི་རྫོགས་པ་ཆེན་པོ་འདི་ཁོ་ནའི་ལུགས་ཐུན་མོང་མ་ཡིན་པ་ཡིན། ལམ་འོག་མ་རྩོལ་བཅས་པ་རྣམས་ལ་འདིའི་གནད་གཏན་ནས་མེད་གསུངས། མདོར་ན་གྲོལ་བ་རིག་པའི་ཚུགས་མ་ཤོར་བར་རང་བབས་སུ་བཞག་པའི་མཐུས་རྩལ་གང་ཤར་ཐམས་ཅད་རང་ཡལ་རྗེས་མེད་དུ་ས་ལ་ལ་ཞིག་པ་ལ་གྲོལ་བའི་གནད་ཟེར་བ་ཡིན། རྩལ་གྱི་སྣང་རྟོག་བཟང་ངན་དེ་ངོ་ཤེས་རྩལ་རྫོགས། རང་གྲོལ་དུ་བརྟན་པ་ཐོབ་པར་བྱ་བ་རྣམས་ཀྱི་གནད་རྣམས་ཞལ་ལས་ཤེས་པར་བྱ། གྲོལ་ལུགས་འདི་ནི་འདིའི་ལུགས་ཡིན་ལ། ལྟ་སྒོམ་སྤྱོད་གསུམ་ནང་ནས་སྤྱོད་པ་ཟེར་བ་ཡིན། རྗེས་ཐོབ་ཀྱང་ཡིན། རྗེས་ཐོབ་ལ་རྩལ་སྦྱོང་དགོས། རང་གི་རྒྱུད་ཚོད་དང་བསྟུན་ཏེ། མཉམ་བཞག་ངོ་བོ་ལ་བརྟན་པ་ཐོབ། རིམ་བཞིན་རིག་པའི་ངོ་བོའི་ངང་ནས་རྩལ་དད་པ་དང་ངེས་འབྱུང་བྱང་སེམས་དག་སྣང་སོགས་ལ་ཡང་ཡང་སྦྱངས། ཁྱད་པར་ཆོས་ཀྱི་ཚིག་དོན་གདམས་ངག་གི་གནད་དོན་རྣམས་ལ་ཡང་ཡང་རྩལ་སྦྱངས། ཐེག་ཆེན་གྱི་རྩ་བ་བྱང་སེམས་དང་། དེའི་རྩ་བ་སྙིང་རྗེ་ཆེན་པོ་ལ་གནད་དུ་བསྣུན་པ་གལ་ཆེ། དེ་ལྟར་སྦྱངས་པའི་རིམ་པ་དེས་ངོ་བོ་རྩལ་གཉིས་གཅིག་གྲོགས་གཅིག་གིས་བྱས་ནས་ལས་སུ་རུང་ན་རྗེས་ཐོབ་བཟང་པོ་ཡང་སྐྱེ། མཉམ་རྗེས་ངོ་བོ་གཅིག་པའང་གསུངས། ཁྱད་པར་སྤྱོད་ལམ་སོགས་རྐྱེན་སྣང་ཐམས་ཅད་ལ་ལམ་ཁྱེར་བྱ་བ་འདི་གལ་ཆེ་བ་སོགས་ཞལ་ལས་ཤེས་དགོས། རྗེས་ཐོབ་ལ་རྩལ་སྦྱང་སྐབས་ཀྱི་དྲན་པ་འདི་ལ་འདུ་བྱེད་ཀྱི་དྲན་པ་ཟེར། སེམས་རྟོག་གི་བྱེ་བྲག་ཡིན་པས་གོང་མ་དང་ཁྱད་ཆེ་བ་ཤན་ཕྱེ་དགོས། དེ་ནས་རྗེས་ཐོབ་ངན་པ་རྒྱ་ཡན་ཐ་མལ་བ་ནི། རིག་པའི་ངང་ཤོར། གྲོལ་ལུགས་ཀྱི་གནད་དང་བྲལ། ཁ་ཕྱིར་ལྟས་ཀྱི་སྣང་རྟོག་ཐ་མལ་དུ་གཡེངས་ཤིང་འཁྲུལ་འབྱམས་སུ་སོང་ནས་ལས་ཉོན་རང་རྒྱུད་པ་ལ་ཞེན་པ་དེ་ཡིན། འདི་ནི་སྣང་ཚུལ་ཀུན་རྫོབ་བདེན་པ། གནས་ལུགས་དང་དབྱེར་མེད་པར་མ་གྱུར་པ་མ་རྟོགས་པའི་དུས་དང་ཁྱད་མེད་ཡིན་པས་འདིའི་ངོར་རྒྱུ་འབྲས་བླང་དོར་སྤང་བླང་དགག་སྒྲུབ་ཐམས་ཅད་རང་སར་ཡོད་པ་ཡིན་པས། རྒྱུ་འབྲས་ཁྱད་དུ་མི་གསོད་པར་སྣང་ཙམ་བཏགས་པ་ཙམ་གྱི་རྟེན་འབྲེལ་བསླུ་མེད་ལ་ཡིད་ཆེས་བསྐྱེད་པ་ཤིན་ཏུ་གལ་ཆེ། རྒྱ་ཡན་ཐ་མལ་བ་ཕྲ་རགས་འདི་དག་དབྱིངས་སུ་མ་ནུབ་བར་དུ་བསྒོམ་དགོས་ངེས་པ་ཡིན། འདི་ཉིད་དག་ཐབས་ནི་གོང་གི་མཉམ་བཞག་དང་རྗེས་ཐོབ་ཀྱི་གྲོལ་ལུགས་ལ་རག་ལས་པས་ཁྲིད་ཐེབས་པ་གལ་ཆེ་བས་ཐུགས་ལ་ཆོངས། དེས་དངོས་གཞིའི་ཁྲིད་ལྟ་སྒོམ་སྤྱོད་གསུམ་གྱི་གནད་སྤྱི་ཁོག་ཙམ་སོང་ངོ་། །

༈ ཉེ་བར་མཁོ་བའི་འཕྲོས་བསྡུས་པ་ནི། ལྟ་བ་ངོ་སྤྲད་པ་དེ་གལ་ཆེ་བས་ཡང་ཡང་ཐེབས་པར་བྱ། སེམས་རིག་རོ་མཉམ་གཉིས་སུ་མེད་པའི་དོན་ཐོབ་དགོས། གང་ན་ཡང་གཉིས་བཅས་ཀྱི་ཞི་ལྷག་ཐུན་མོང་པ་བསྒོམ་པ་མང་རུང་། གཉིས་མེད་མཉམ་པ་ཆེན་པོའི་ལྷག་མཐོང་ཁྱད་པར་ཅན་གླེང་པ་ཙམ་བྱེད་པ་ཉིན་སྐར་ལས་དཀོན་པས། གཉིས་སུ་མེད་པའི་དོན་འདི་ཤིན་ཏུ་ཟབ། ཁྱད་པར་སྙིང་ཐིག་གི་ལུགས་འདིའི་མཐར་ཐུག་གི་ལྟ་བའི་སྐྱེལ་སོ་རིག་པའི་ཡེ་ཤེས་ཟང་ཐལ་ལེ་བ་དེ་ངེས་དོན་མཐར་ཐུག་གི་ལྟ་བ་ཡིན་པར་ཤེས་པ་གལ་ཆེ། སྒོམ་པ་ཡང་རིག་པ་རང་བབས་ཀྱི་བསམ་གཏན་འདུ་བྱེད་ཀྱི་དྲན་པའི་འཛིན་རྩོལ་དང་བྲལ་བ་འདི་གནད་དུ་ཐེབས་དགོས། འདིའི་དོན་ལ་བཞག་ཐབས་ཅོག་བཞག་བཞི་དང་། མི་གཡོ་གསུམ་ལྡན་སོགས་སྐབས་དང་བསྟུན། རང་བབས་ཀྱི་བསམ་གཏན་དང་བློས་བྱས་ཀྱི་སྒོམ་པའི་ཁྱད་ནི་ཕྱེ་བ་གལ་ཆེ། ཁྲེགས་ཆོད་འདིའི་བོགས་འདོན་ནམ་མཁའ་སུམ་སྤྲུགས་དང་། རིག་པའི་ངོ་བོ་ཉམས་གོང་བཞིན་བཤིགས་ཚུལ་དང་། དགག་སྒྲུབ་ཀྱི་རྟོག་པའི་ཟུག་རྔུས་གཙེས་པ་ན་རྟོག་པ་དེ་རྣམས་བོར་ལ་བཏང་། བཤིག་ཏུ་བཏང་ནས་བཤིག་པ་གལ་ཆེ། འདིའི་ལུགས་ལ་གནས་པ་མི་སྒྲུབ་རྟོག་པ་མི་དགག་མཉམ་པ་མི་བསྒྲུབ་ཟེར་བ་ཡིན་པས་བསྒོམ་མདོག་བརྒྱ་བྱེད་པ་ལས། ཉམས་སྐོར་གཅིག་བཤིགས་པ་ཆོད་ཆེ་བས་ཐེབས་པར་གདབ་དགོས། འདིའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་གེགས་དང་གོལ་སྒྲིབ་ཐམས་ཅད་འཁོར་འདས་སྤང་བླང་དགག་སྒྲུབ་སོགས་གཉིས་འཛིན་ཕྲ་རགས་ཀྱི་ཞེན་འཛིན་འདི་ཡིན་པས། དེ་ཐམས་ཅད་རང་རིག་ཡེ་ཤེས་ཆེན་པོ་དང་སྣང་རྟོག་ཐམས་ཅད་གཉིས་མེད་རོ་མཉམ་དུ་ཤེས་པའི་ལྟ་བ་དང་། གྲོལ་ལུགས་ཀྱི་གནད་ཀྱིས་ཐམས་ཅད་ཕྱམ་མཉམ་དུ་འགྲོ་བ་ཞིག་བྱུང་ན་གེགས་རང་ཞི་ལ་འགྲོ་བར་གསུངས་པས་དེ་ཐེབས་པ་གལ་ཆེ། དེ་ཡང་ལྟ་བ་དང་སྒོམ་པའི་གོལ་ས་ཆོད་མ་ཆོད་ནི། ལམ་གྱི་ཡོན་ཏན་རང་རྒྱུད་ལ་སྐྱེས་མ་སྐྱེས་འདི་བརྟགས་པར་གལ་ཆེ། ལྟ་བ་རྟོགས་པ་དང་སྒོམ་པ་མཉམ་བཞག་ཇི་ལྟར་གོམས་པ་ལྟར་རྗེས་ཐོབ་ཏུ་རྩོལ་བས་བསྐྱེད་པ་ལྟར་མ་ཡིན་པར་ངང་ངམ་ཤུགས་འབྱུང་ལྷུན་གྲུབ་ཀྱི་ཚུལ་དུ་དད་པ་དང་ངེས་འབྱུང་། བྱམས་དང་སྙིང་རྗེ། བྱང་སེམས་དང་དག་སྣང་། མོས་གུས་དང་ཤེས་རབ་སོགས་དང་། ཁྱད་པར་ཤེས་རབ་དང་སྙིང་རྗེ་གཉིས་པོ་འདི་ལོ་ཟླ་ཞག་གི་རིམ་པ་བཞིན་དུ། སྣང་བའང་ཇི་ལྟར་རིམ་པ་བཞིན་གོང་འཕེལ་དུ་བྱུང་ན་ལྟ་སྒོམ་རྣམ་དག་གོལ་ས་ཆོད་པའི་རྟགས་བསླུ་མེད་ཡིན། འདི་རྣམས་མ་བྱུང་བར་མི་ཡེངས་པ་དང་ཉོན་མོངས་ཀྱི་ཤུགས་ཆུང་བ་མངོན་ཤེས་སོགས་ཡོན་ཏན་ལྟར་སྣང་བ་ཇི་ལྟར་ཡོད་ཀྱང་ལམ་གྱི་གོལ་ས་མ་ཆོད་པའི་རྟགས་ཡིན། ཁྱད་པར་ཐེག་པ་མཆོག་འདིའི་ཁྱད་ཆོས་ཀ་དག་སྟོང་པ་ཆེན་པོ་མིན། ཀ་དག་ནི་མདོ་སྔགས་སྤྱིའི་ལུགས་ཀུན་ལ་ཡོད། འོན་ཀྱང་ཀ་དག་ངོ་སྤྲོད་ལུགས་སོགས་ཀྱི་ཁྱད་འདི་ཉིད་མྱུར་ཞིང་ཐབས་མང་ཞིང་གྲོལ་ལུགས་སོགས་ཀྱིས་ཁྱད་པར་དུ་འཕགས། འདིའི་ཁྱད་ཆོས་ནི་ཐུགས་རྗེ་ལྷུན་གྲུབ་ཀྱི་འཆར་ཚུལ་རྟེན་འབྱུང་ཟབ་མོ་འདིར་ས་ལམ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་འབྱུང་རྩོལ་མེད་དུ་འབྱུང་དགོས་པ་འདི་ཁྱད་ཆོས་ཐུན་མོང་མ་ཡིན་པར་ཤེས་པ་གལ་ཆེ། དེ་ཡང་འདི་ལྟར་ཡིན་ཏེ། མཉམ་རྗེས་ལ་གོ་རིམ་བཞི་རོ་མཉམ་གྱི་ངོས་ནས་དད་དང་ལོག་ལྟ། སྙིང་རྗེ་དང་ཞེ་སྡང་སོགས་སྤང་གཉེན་ཐམས་ཅད་རང་རིག་ཡེ་ཤེས་གཅིག་གི་ངོ་བོ་དང་། རང་རྩལ་གཉིས་ཁྱད་མེད་དབྱེར་མེད་པར་སོང་ན་ཡང་། དད་དང་ལོག་ལྟ་གཉིས་སོགས་སྤང་གཉེན་གྱི་རྩལ་ཐམས་ཅད་ལྷན་ཅིག་ཏུ་ཡར་འཕེལ་དུ་འགྲོ་མི་སྲིད་པ་ཆོས་ཉིད་ཡིན་ཏེ། དང་པོ་སྣང་ཚུལ་གྱི་སྤང་བྱ་ལོག་ལྟ་སོགས་དང་ཉོན་མོངས་ཕྲ་རགས་ཐམས་ཅད་གྲོལ་ལུགས་ཀྱི་གནད་ཀྱིས་ཇེ་ཉུང་ཉེ་ཆུང་དུ་སོང་ནས་མཐར་བག་ཉལ་དང་བཅས་པ་ལྷག་མ་མ་ལུས་པ་དག །སྤང་བྱ་དག་རིམ་པ་ལྟར་གཉེན་པོ་ངེས་འབྱུང་དང་བྱང་སེམས་སོགས་ལམ་ཐུན་མོང་པའི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་ཀྱིས་ཟླ་བ་ཡར་ངོས་ལྟར་གོང་འཕེལ་དུ་འགྲོ་བ་དང་། དེ་ནས་ཐུན་མིན་འཕགས་པའི་སློབ་ལམ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་ནས། ཕྱིས་ཆོས་ཟད་བློ་ཟད་དུ་དག་འགྲོ་བ་ནི་ཆོས་ཉིད་ཡིན། དེ་ཡང་ལམ་འོག་མའི་མཐོང་སྒོམ་གྱི་སྤང་བྱ་དག་ཚུལ་དང་། གོང་མ་གསང་སྔགས་པའི་རླུང་སེམས་ཀྱིས་དག་ཚུལ་རྣམས་གནད་འདི་དང་འདྲ། འོག་མའི་རྩོལ་བས་སྦྱངས་པའི་ས་ལམ་གྱི་ཡོན་ཏན་དང་འདིའི་རྩོལ་མེད་རང་རྩལ་ལྷུན་གྲུབ་ཀྱིས་ས་ལམ་དག་ཡོན་ཏན་རྫོགས་ཚུལ་རྣམས་འདྲ་ཡང་ལམ་ལ་མྱུར་བུལ་གྱི་ཁྱད་ཆེ། འདིར་ལམ་གྱི་ངོ་བོ་སེམས་ལས་འདས་པའི་ཡེ་ཤེས་ལ་གནད་དུ་བསྣུན་ནས་རྩོལ་མེད་ལྷུན་གྲུབ་ཏུ་ས་ལམ་རྫོགས་པ་ཉི་ཟླའི་བགྲོད་པ་བས་ཀྱང་མྱུར་བས། མྱུར་དུ་གྲོལ་བའི་ལམ་གནད་འདི་ལ་ཐུག་པ་ཡིན་པས་འདི་ལྟར་ཤེས་པ་ཤིན་ཏུ་གལ་ཆེ། དེ་ལྟར་ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་རྣམས་བསྒྲུབ་པ་ལྷུར་བླངས་ནས། མཉམ་བཞག་ཡུན་རིང་དུ་གོམས་པ་ལས་འབྱུང་ཞིང་། བསྒོམ་པ་དེ་མ་ཐག་ཏུ་མི་འོང་ཡང་། སེམས་རིག་པའི་ཤན་ལེགས་པོ་ཕྱེ་ཐུབ་པའི་ངོ་སྤྲོད་གནད་དུ་ཐེབས་ན་དང་པོ་ནས་ཅུང་ཟད་རེ་འོང་། དེ་ནས་གོང་འཕེལ་དུ་འགྲོ་བ་ཞིག་ངེས་པར་དགོས། འདི་ཚོ་མི་ཤེས་པ་ད་ལྟ་ཕལ་ཆེར་གྱིས་རྫོགས་ཆེན་ལུགས་ལ་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཅི་ཡང་ཡོད་པར་རང་སྟོབས་ཀྱིས་མི་ཤེས། གཞན་གྱིས་ཟེར་མཁན་ཡང་དཀོན་ལ། གལ་སྲིད་ཚུལ་བཞིན་སྨྲ་བ་རེ་བྱུང་ན་ཡང་དེ་ཚོ་དྲང་དོན་ཡིན། ངེད་ཚོའི་ངེས་དོན་ལུགས་འདི་ལ་དེ་འདྲ་ཅི་ཡང་མི་དགོས་ཟེར་ནས་ཁྱད་དུ་གསོད་པ་མང་པོ་སྔ་ཕྱི་རྣམས་སུ་བྱུང་བ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་དེ་ཚོ་ལམ་ལོག་པ་ཕྱི་རོལ་བ་ཆད་ལྟ་བ་དང་འདྲ་སྟེ། འདིའི་ཚུལ་ལ་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཉིད་ཡིན་ཚུལ་གསུངས་པ་འདི་ཚོ་གནད་ཟབ་མོ་ཡིན། དེ་ཡང་ཀ་དག་སྟོང་པ་ཆེན་པོའི་ངོས་ན་དགེ་སྡིག་རྒྱུ་འབྲས་ས་ལམ་རང་བཞིན་བཅུའི་རྩོལ་བ་སོགས་མེད་དེ། དོན་དམ་བདེན་པའི་ངོར་ཡིན་རུང་། སྟོང་ཉིད་དེའི་འཆར་ཚུལ་ལྷུན་གྲུབ་རྟེན་འབྱུང་བསླུ་མེད་དུ་སྣང་ཚུལ་ཀུན་རྫོབ་ཀྱི་ངོར། འདི་ན་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་ཚུལ་དུ་ཡོད་པས་འདིའི་ཚུལ་ནི་སྟོན་པ་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ནས་རྣམ་པར་བཞག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པར་ཤེས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་མཐུན་ཞིང་ལུང་རིག་རྣམ་དག་གིས་གྲུབ་པ་ཡིན་པས། རང་གཞན་ཀུན་གྱིས་གཅེས་ནོར་དུ་བྱེད་པའི་རྒྱུན་བཞག་རེ་ལ་ཐུགས་གཞོལ་བར་ཞུ། །

ད་ནི་ཁྲེགས་ཆོད་ཀྱི་དོན་ཐམས་ཅད་གནད་དྲིལ་ན་གོང་ལྟར་ལས། ཁྱད་པར་སེམས་རིག་ཤན་ཕྱེས་ནས་བློ་བྲལ་གྱི་རིག་པ་ཆོས་སྐུ་དང་། སེམས་ཀྱི་སྣང་རྟོག་ཐམས་ཅད་ཆོས་སྐུ་ངོ་བོའི་རང་རྩལ། དེ་གཉིས་དབྱེར་མེད་ཆེན་པོར་མངོན་སུམ་དུ་རྟོགས་ནས་ལྟ་སྒོམ་ཅིག་ཆོད་དུ་སོང་ངམ། མ་སོང་ཡང་ངོ་སྤྲོད་ཐེབས་ནས་རྗེས་ཤེས་ཡེངས་འཁྲུལ་དང་བཅས་པ་ཡོད་དུས་འདིར་སྒོམ་པ་གཅེས། དེ་ཡང་རིག་པ་རང་བབས་ཀྱི་བསམ་གཏན་རིག་རྩལ་ཆོས་ཉིད་ཀྱིས་དྲན་པས་ཤུགས་འབྱུང་དུ་མཉམ་པར་བཞག །དེ་ཚེ་གང་ཤར་གྱི་སྣང་རྟོག་བཟང་ངན་ཐམས་ཅད་བཀག་འབྲང་མེད་པར་རང་ཡལ་ཀ་དག་ཏུ་གྲོལ་བ་ནམ་བསྒོམ་བསྒོམ་དུས་འོང་། རྗེས་ཐོབ་དུས་དེ་ཙམ་མི་འོང་བར་ཡང་འཁྲུལ་ཆེ་རུང་དྲན་པས་ཟིན་སླ། འདིའི་ལྟ་སྒོམ་འདི་ནི་འོག་མ་དག་ལ་ལྟོས་ན་མཐོ་ཡང་། རྫོགས་ཆེན་ལུགས་འདིར་རང་ལུགས་ཀྱི་ལམ་ལྔའི་ནང་ཚན་འདི་ཚོགས་ལམ་ངེས་པ་ཡིན། འདི་ལ་ཀུན་མཁྱེན་གྱིས་ངོ་སྤྲོད་གནད་དུ་ཐེབས་ན། གང་ཤར་ཆོས་ཉིད་དུ་གྲོལ་ནས། འོད་གསལ་མ་བུ་འདྲེས་པས་ཐར་པའི་ལམ་སྣ་ཟིན་ངེས་ཡིན་པས། རང་ལུགས་ཀྱི་ཚོགས་ལམ་ཡིན། འདི་འཕགས་པའི་ལམ་གྱི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་འདི་ལ་བརྩོན་པ་ལྷུར་བླངས་ནས་བསྒོམ་པས་ཚེ་འདིར་ལམ་གོང་མའི་ས་ལམ་རྫོགས་གསུངས། འདི་ཡུན་རིང་དུ་གོམས་པས་རྗེས་ཐོབ་དད་དང་ངེས་འབྱུང་། སྙིང་རྗེ་ཤེས་རབ་བྱང་སེམས་སོགས་རྩོལ་མེད་དུ་ཤུགས་ཀྱིས་ཅུང་ཟད་འབྱུང་གསུངས། དེ་ནས་ལམ་གྱི་ཆ་རྐྱེན་མོས་གུས་དང་བསགས་སྦྱང་སོགས་དང་། ཁྱད་པར་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་གནད་དུ་འགྲོ་བས་ཐུགས་ཡིད་བསྲེ་བ་ཟབ། དེ་ནས་གོང་བཞིན་མཉམ་རྗེས་ཡུན་བསྲིངས་ནས་གོམས་པ་ལས། བརྟན་པ་ཇེ་ཐོབ་ཏུ་སོང་ནས་མཉམ་བཞག་གི་དུས་གང་ཤར་གྱི་སྣང་རྟོག་ཐམས་ཅད་རང་གྲོལ་དུ་སོང་ནས་མཉམ་བཞག་དངོས་ཀྱི་སྟེང་དུ་ཕེབས་ནས། རྟོག་པ་ཕྲ་རགས་ཐམས་ཅད་རང་གྲོལ་དུ་ཇི་ལྟར་སོང་བ་བཞིན། རྩལ་སྐྱེད་བྱེད་ཀྱི་ལས་རླུང་ཡང་རིམ་གྱིས་འོད་གསལ་དབུ་མའི་དབྱིངས་སུ་དག་རིམ་བཞིན་རྩལ་གྱི་ཡོན་ཏན་སྦྱོར་ལམ་སོགས་ནས་ས་ལམ་གྱི་ཡོན་ཏན་གོང་མར་བགྲོད། རླུང་སེམས་ཇི་ལྟར་འོད་གསལ་དུ་དག་རིམ་བཞིན་དུ་ལས་དང་ཡུལ་སྣང་ཐམས་ཅད་བདེན་མེད་ཆུ་ཟླ་ལྟར་གྱུར་ནས་སྣང་བ་ལ་རང་བྱན་ཚུད་པའི་མགོ་བརྩམ། རྗེས་ཐོབ་ཏུ་རིམ་གྱིས་ཤེས་རབ་སྙིང་རྗེ་སོགས་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་འཕགས་ལམ་གྱི་ཡོན་ཏན་ཐམས་ཅད་རང་ངོར་སྣང་ཞིང་། གཞན་ངོར་ཡང་ཇི་ལྟར་རིགས་པ་འབྱུང་ངམ་སྙམ། དེ་ཡང་རིག་པའི་ངོ་བོ་ཤེས་རབ་ཕར་ཕྱིན་ནམ་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་པའི་གནད་ཀྱིས་སྒོམ་བྱུང་གི་ཤེས་རབ་ཆོས་རབ་རྣམ་འབྱེད་མཆེད་ནས་ཤེས་བྱ་ཕལ་ཆེར་མཁྱེན་པ། རིག་པའི་ངོ་བོ་ཐུགས་རྗེ་ཀུན་ཁྱབ་ཀྱི་རྩལ་ལས་རྩོལ་མེད་ཀྱི་སྙིང་རྗེ་བྱ། སེམས་སོགས་བྱང་ཆོས་རྣམས་ལྷུན་གྲུབ་ཏུ་འབྱུང་། དེ་ལྟར་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་སེམས་གཉིས་སོགས་རྩལ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་འབྱུང་བ་ནི་ཕྱག་རྫོགས་དབུ་གསུམ་གྱི་དངོས་གཞིའི་ཡོན་ཏན་ཡིན་པ་འདྲ་ལ། སྔགས་བླ་མེད་ཀྱི་འཁོར་ལོ་ལྔའི་རྩ་མདུད་གྲོལ་ནས། ས་ལམ་གྱི་ཡོན་ཏན་སྐྱེ་བར་གསུངས་པ་དང་གནད་གཅིག །དེ་ལྟར་མཉམ་བཞག་ཁོ་ན་ལ་ལ་བཟླས་པས། རྣལ་འབྱོར་བ་དེ་འབྱུང་བའི་གནོད་པ་དང་བྲལ་བ་སོགས་རང་གཞུང་འདིར་ཇི་ལྟར་གསུངས་བ་ལྟར་འོང་དགོས། དེ་ནས་ཟད་པའི་མགོ་བརྩམས་ཏེ། ནམ་ཞིག་ན་ཀ་དག་སྟོང་པ་ཆེན་པོའི་ངང་དུ་ལུས་རྡུལ་ཕྲན་དུ་དེངས། སེམས་དང་སེམས་བྱུང་གི་རྒྱུ་བ་བག་ཆགས་དང་བཅས་པ་ཆོས་ཉིད་དུ་དེངས་ནས་སྒྲིབ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་ནས་དག་པ་གཉིས་ལྡན་ཆེན་པོའི་འབྲས་བུ་ཚེ་འདིར་མངོན་དུ་གྱུར་ཏེ། ཀ་དག་ཆོས་སྐུའི་དབྱིངས་ནས་ལྷུན་གྲུབ་གཟུགས་སྐུ་ཕྲིན་ལས་དང་བཅས་པས། འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་རྣལ་འབྱོར་གྱི་དབང་ཕྱུག་སྤྲང་རྒན་མི་ཕམ་པ་དང་། གྲུབ་བརྒྱའི་སྤྱི་དཔལ་བླ་མ་རིན་པོ་ཆེ་པདྨ་བདུད་འདུལ་ལྟ་བུ་ནི་ཀ་དག་ཁྲེགས་ཆོད་ཀྱི་སྒོ་ནས་རབ་ཚེ་འདིར་གྲོལ་ཟེར་བ་ཡིན། འདིས་ལུས་སེམས་ཀ་དག་ཆེན་པོར་དེངས་པས། ལྷུན་གྲུབ་ཀྱི་གདངས་འོད་སྐུ་འཕོ་བ་ཆེན་པོའི་སྐུ་མི་འབྱུང་གསུངས། དེ་ལྟར་ཚེ་འདིར་གྲོལ་བ་མ་བྱུང་ཡང་། བར་དོར་ཆེད་འཛིན་རྨི་ལམ་དབྱིངས་སུ་ནུབ། ཉིན་མཚན་འོད་གསལ་དུ་འདྲེས། སྐྱེ་འཆི་ལ་རང་དབང་ཐོབ་པ་ན། ལུས་སེམས་ན་བུན་ལྟར་མ་དེངས་ཡང་འཆི་སྲིད་ཆོས་སྐུ་རུ་སངས་རྒྱས་ཟེར་བ་དེ་འོང་། འདི་ཙམ་ཡང་ཉིན་སྐར་ལས་དཀོན། གདམས་ཁྲིད་ཐོབ་ཚད་པོ་དེ་འདྲ་མིན་པས་དགོངས་གཞིག་ཞིབ་མོ་རང་མཛོད། དེ་མན་གྱིས་ཉམས་ལེན་ལ་གོམས་པ་ཇི་ལྟར་ཐོབ་རིམ་བཞིན། བར་དོར་དཔེ་དོན་གྱི་འོད་གསལ་དང་སྒྱུ་ལུས་དང་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ཐུབ་མི་ཐུབ་དང་། རང་བཞིན་སྤྲུལ་སྐུའི་ཞིང་དང་། སྐྱེ་བ་གོང་འཕེལ་དུ་སོང་ནས་རིམ་གྱིས་གྲོལ་བའང་འཕྲོས་སུ་ཤེས་པར་བྱའོ། །དེ་དག་གིས་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་མདོར་བསྡུས་ཏེ་ཕྱོགས་ཙམ་བསྟན་པ་ཡིན་པས་ཡང་ཡང་དགོངས་ཆུབ་ཞུ། །

དེ་ནས་ལྷུན་གྲུབ་ཕྱོགས་མདོ་ཙམ་བསྡུ་ན། ཡང་གསང་སྙིང་ཐིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་པས། ཀ་དག་ལས་འཕགས་ཆོས་བདུན་སོགས་གསུངས་པའི་གནད། ཀ་དག་ཁྲེགས་ཆོད་ལ་རིག་པའི་ངོ་བོ་ངོ་སྤྲད་ནས་དེ་ལ་གོམས་པ་མཐར་ཕྱིན་ནས་ལུས་སེམས་དྭངས་པ་སོགས་གོང་ན་གསལ་བ་ལྟར་ལ། འདིར་ཁྱད་པར་གྱི་སྔོན་འགྲོ་སོགས་ཚད་དུ་ཕྱིན་པ་བསྒོམ་དགོས། ཀ་དག་རིག་པའི་ངོ་བོ་ལེགས་པར་གོ་འཕྲོད་པར་བྱས། མ་འཕྲོད་ཀྱང་རུང་། འདིའི་ཐུན་མོང་མ་ཡིན་པའི་གནད་རྩལ་དུ་བཏོན་ན་གསུམ་སྟེ། རྡོ་རྗེའི་ལུས་ཀྱི་ཀུན་རྫོབ་རྒྱུའི་རྩ་ཐིག་རླུང་ལ་རྟེན་བྱས། བརྟེན་པ་དོན་དམ་ཡེ་ཤེས་རྩ་ཐིག་རླུང་གསུམ་གྱིས་བྱེད་པ་དང་། འཆར་གཞི་ཡུལ་གྱི་གནད་སོགས་གནད་གསུམ་གྱིས་གཟེར་ནས། འོད་རྩ་ཆུའི་སྒྲོན་མ་ལས་རིག་གདངས་ལུ་གུ་རྒྱུད་སོགས་མངོན་སུམ་མཐོང་བས་བདེན་པ་མཐོང་བ་ཡང་གསུངས། འདིར་རིག་གདངས་གཙོ་བོ་ལྔ་ཚན་ལྔའི་ངོ་སྤྲོད་ཀྱི་རྩལ་དབང་ཐེབས་པ་གལ་ཆེ། དོན་ལ་འདི་རིག་གདངས་ལྷུན་གྲུབ་ཀྱི་སྣང་བ་ངོ་སྤྲོད་པ་ཡིན། དེ་ནས་ཆོས་ཉིད་མངོན་སུམ་དུ་མཐོང་ནས་ལམ་སྣང་བཞི་བགྲོད། དེ་ཡང་རིག་གདངས་སྣང་བའི་འོད་གསལ་འདིའི་སྟོབས་ཀྱིས་སྟོང་པ་ཀ་དག་གི་འོད་གསལ་ངེས་པར་འདྲེན་ཐུབ་དགོས། རྒྱུ་མཚན་ཐབས་ལམ་ཡིན་པའི་ཕྱིར། འདི་ལ་ཆུ་བུར་མིག་གིས་མཐོང་ན་རིམ་གྱིས་ཟད་ཚུལ་བསྟན། ཀ་དག་ངོ་བོ་ཤེས་རབ་སྒྲོན་མ་མཚན་ཉིད་པ་ངོ་སྤྲད་ནས་ངེས་པར་ངོ་འཕྲོད་ཅིང་གནས་པ་བརྟན་ཅིང་གྲོལ་བའི་གདེངས་ཐོབ། འཕགས་པའི་ལམ་དང་མཉམ་པས་དེའི་གདེང་ལ་གོམས་པ་ནི། གཙོ་བོ་ཤེས་རབ་ཀྱི་མིག་གིས་མཐོང་ན་སྣང་བཞི་ཅིག་ཆར་དང་། ཐོད་རྒལ་སོགས་སུ་ཟད་ཟེར་བ་ཡིན་ནམ་སྙམ་པས་ད་དུང་ཞིབ་མོར་དཔྱད་དགོས། དེ་ཡང་ཉམས་གོང་འཕེལ་སྐབས། སྣང་ཉམས་དང་ཤེས་ཉམས་ཕྱེ་བ་འདི་གོང་གི་སེམས་རིག་ཤན་ཕྱེ་བ་ལ་གནད་ཐུག་པས་རིག་གདངས་ལ་སྣང་ཉམས་བསླུ་མེད་དང་། སེམས་ཉམས་ལ་ཤེས་པ་དགའ་བདེ་སོགས་ཀྱི་ཉམས་འཇིག་རྟེན་པ་དང་འདས་པ་གཉིས་ལས། འཇིག་རྟེན་པའི་སེམས་ཉམས་ཞེན་པ་ཅན་དོན་ལ་གོལ་སྒྲིབ་ཡིན། འདས་པ་རིག་རྩལ་གྱི་ཉམས་ཞེན་མེད་ལ་ཁྱད་པར་ཤེས་རབ་དང་སྙིང་རྗེ་སོགས་གོང་དུ་འཕེལ་བ་འདི་ཀ་ལྷུན་གཉིས་ཀ་ལ་གོ་རྒྱུ་ཟབ་མོ་ཡིན། སེམས་ཀྱི་རྟ་རླུང་གི་དྭངས་སྙིགས་ལས་སྙིགས་མའི་ཉམས་ལྷ་མཐོང་འདྲེ་མཐོང་སོགས་མ་དག་པ་དང་། དྭངས་མའི་ཉམས་ལས་རླུང་རྟགས་སྟོང་གཟུགས་རྟགས་བཅུ་སོགས་ཀྱི་ཁྱད་ཕྱེ་དགོས། སྣང་ཉམས་བསླུ་མེད་གོང་དུ་འཕེལ་རིམ་བཞིན་སྣང་བཞི་བགྲོད་ཚུལ་ཡིན། མཐའ་རྟེན་རྟགས་ཚད་རྣམས་དེ་དང་འདིའི་ཐད་སྦྱར་བ་གལ་ཆེ། དེ་ལྟར་གོམས་པས་ཆོས་ཟད་བློ་ཟད་དུ་སོང་བ་དང་། ལུས་རྡུལ་ཕྲན་དུ་དེངས་པ། སེམས་ཆོས་ཉིད་དུ་དྭངས་པ་དོན་གཅིག་ནའང་ཁྲེགས་ཆོད་ལ་གོང་བཤད་ལྟར་འོད་ལུས་མེད། ཐོད་རྒལ་ལ་ལུས་སེམས་ཕྲ་རགས་དྭངས་རྒྱབ་ཀ་དག་གི་གདེངས་ལྷུན་གྲུབ་འོད་སྐུ་འཕོ་བ་ཆེན་པོ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་དང་ཁྱད་མེད་པ། སྐྱེ་འཇུག་ལ་རང་དབང་ཐོབ་པ་དེ་ངེས་པར་འོང་དགོས། འདི་ལ་བཞེད་ཚུལ་གཞན་ཡོད་པས་ད་དུང་དཔྱད། འཕོ་སྐུ་གྲུབ་པ་འདི་ནི་ཡང་གསང་སྙིང་ཐིག་གི་ཁྱད་ཆོས་མདོ་རྒྱུད་ཐམས་ཅད་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པར་གསུངས་པ་ཡིན། རང་ལུགས་ལ་ཡང་གསང་བླ་མེད་འོད་གསལ་སྙིང་ཐིག་གི་གྲུབ་མཐའ་ཚད་མར་འཛིན་པར་ཁས་འཆེ་ན་འདི་དག་གི་གནད་ཤིན་ཏུ་ཟབ་པ་རྣམས་ཤེས་དགོས། གོང་བཤད་བཞིན་ཀ་དག་ཙམ་ལ་དེ་འདྲའི་ཁྱད་ཆོས་མི་འདུག་ལགས། དོན་ལ་གཞིར་གནས་ཀྱི་ཡེ་ཤེས་ཀ་ལྷུན་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་གཞོན་ནུ་བུམ་སྐུར་གྲགས་པ་དེ། བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཟེར་བ་དེ་ཡིན། འདིར་ཀ་དག་གི་ཡེ་ཤེས་ངོ་སྤྲད་པ་དེ་ལ་ཁྲེགས་ཆོད་དང་། ལྷུན་གྲུབ་བདེ་བ་ཆེན་པོའི་གདངས་མངོན་སུམ་དུ་མཐོང་བར་ངོ་སྤྲད་པས་ལམ་སྣང་བཞིའི་བགྲོད་པ་ཐོད་རྒལ་ཡིན། དེ་གཉིས་ཀ་ཐོད་རྒལ་ལ་ཟུང་དུ་འཇུག་པར་ཡོད་པས་ལམ་མྱུར། ཀ་དག་ཁྲེགས་ཆོད་ལས་མེད་ཀྱང་སྣང་རྟོག་གི་རྩལ་འདིས་ལྷུན་གྲུབ་ཀྱི་གོ་ཆོད་པར་གསུངས། འབྲས་དུས་ཀ་དག་ཆོས་སྐུ། ལྷུན་གྲུབ་བདེ་ཆེན་གྱི་གདངས་རང་སྣང་གི་ལོངས་སྐུ་སོགས་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡང་གསང་བ་སྙིང་ཐིག་གི་ཁྱད་ཆོས་མྱུར་ལམ་ཟབ་མོའི་གནད་རྣམས་ཡིན། དེ་ལྟར་སྣང་བཞི་རིམ་བགྲོད་ཚེ་ན་ཆོས་ཉིད་མངོན་སུམ་དང་ཉམས་སྣང་གི་སྣེ་ཅི་རིགས་ཟིན་པའི་རྟགས་ཚད་ལྡན་ན་རང་བཞིན་སྤྲུལ་ཞིང་དང་། ཀ་དག་འདྲེས་གོམས་ཆེ་བ་ཡོད་ན་འཆི་སྲིད་ལ་གྲོལ་བ་སྟེ། ཉམས་སྣང་གོང་འཕེལ་དང་རིག་པ་ཚད་ཀྱི་མགོ་ཟིན་པའི་རྟགས་ཚད་ལྡན་ན་འཆི་སྲིད་དང་ཆོས་ཉིད་གང་རུང་དུ་གྲོལ། རིག་པ་ཚད་དུ་ཕྱིན་ན་རབ་འདི་དང་འཆི་སྲིད་ལ་སངས་རྒྱ་པར་གསུངས། དེ་ཚེ་མཐའ་གཅིག་ཏུ་མ་ངེས་པས་དགོངས་དཔྱད་མཛོད། དེས་ལྷུན་གྲུབ་འཕྲོས་དོན་དང་བཅས་པའི་གནས་ཕྱོགས་ཙམ་སོང་བ་ལགས། ཡང་གསང་བླ་མེད་ཀྱི་ལུགས་འདིར་དབང་ཐོབ་ནས། ཀ་ལྷུན་གཉིས་ཀ་རྣལ་འབྱོར་བའི་དོན་ཁྲིད་ཟབ་མོ་ལྟར་ཁྲིད་ཤེས་ན། དབང་པོ་རྣོ་རྟུལ་དང་ཤེས་རབ་ཆེ་ཆུང་དང་། ལས་ལ་བཟང་ངན་མེད་པར་རང་གནས་ཡེ་ཤེས་ཀྱི་ངོ་བོ་ངོ་འཕྲོད་ནས་གྲོལ་བར་གསུངས་པས་ན། དད་ཅན་སྐལ་ལྡན་ཡོད་ན་རིམ་གྱིས་སྟོན་པ་གནད་དུ་ཆེ། ཁྱད་པར་དུ་ཐོད་རྒལ་འདི་ལ་ཁྱད་པར་གྱི་སྔོན་འགྲོ་སོགས་མ་སོང་བ་དང་། སྣོད་མ་བརྟགས་པར་མི་ཆེན་དང་བླ་ཆེན་སོགས་ཀྱི་ངོར་སྟོན་སྔ་བྱེད་མི་ཉན། རང་གཞན་གཉིས་ཀ་ཕོངས་བ་ལས་མི་འོང་པས་གཟབ། སྣོད་ལྡན་དད་ཅན་རེ་ཟུང་ལ་ཁྲེགས་ཆོད་ཀྱི་ཁྲིད་ཐོག་མཐའ་ཚང་བ་རེ་བསྟན་ན་བཟང་ངམ་སྙམ། དེ་ལྟར་དུ་ཀ་ལྷུན་གཉིས་ཀྱི་གནད་དེ་རྣམས་དད་ལྡན་སྐལ་བ་ཅན་དག་ལ་སྟོན། དད་མེད་ལོག་ལྟ་ཅན་ལ་རླུང་ཕྱོགས་ཙམ་ཡང་མི་སྟོན་པར་བྱ་བ་ནི་རིག་འཛིན་བླ་མ་དམ་པའི་དམ་རྒྱ་ལས་མི་འདའ་བར་ཤིན་ཏུ་གསང་བར་བྱའོ། །དེ་ལྟར་བཤད་པ་ཐམས་ཅད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུངས་སོགས་དང་། བཀའ་དྲིན་འཁོར་མཐའ་དང་བྲལ་བའི་འཁོར་ལོའི་དབང་ཕྱུག་གི་གསུང་རང་གིས་གང་ཟིན་གྱི་གནད་གབ་སྦས་མེད་པར་ཞུས་པ་ཡིན་ལགས། འདི་ལ་ཞིབ་པར་གཟིགས་ནས་འདིའི་གནད་དོན་ཐམས་ཅད་ཀུན་མཁྱེན་བླ་མའི་མཛོད་བདུན་དང་ཡང་ཏིག་གསུམ་སོགས་དང་ཞིབ་པར་ཡང་ཡང་བསྡུར་ནས། རང་བློར་ངེས་པ་དང་། གཞན་ལ་ཚུལ་བཞིན་སྟོན་པ་གལ་ཆེ་ལགས། དམ་པ་ཉིད་ཀྱིས་གདུལ་བྱ་མཆོག་དམན་དད་ཅན་སུ་རྗེས་སུ་བཟུང་རུང་། སྔོན་འགྲོ་དང་དངོས་གཞི་ཐམས་ཅད་ཆ་ཚང་པ་གནད་ཟིན་པའི་ལམ་བཟང་པོའི་སྲོལ། སྔ་ན་མེད་པའི་ཟབ་ཁྲིད་རེ་ལ་ཐུགས་གཞོལ་ནས། མགོ་མེད་མཇུག་མེད་དུ་དུམ་ཆོད་ཀྱི་སྲོལ་ངན་རྒྱུན་བཞག་མི་མཛད་པར་སྙིང་ནས་ཞུ་བ་ལགས། དེ་ལྟར་བློ་ངོར་གང་ཤར་བཤད་ཡམ་ཟབ་དོན་གྱི་ཚིག་དོན་འགལ་བར་གྱུར་པ་ཐམས་ཅད་བླ་མ་དང་མཁའ་འགྲོ་ཆོས་བདག་རྣམས་ཀྱི་སྤྱན་སྔར་བཟོད་པར་གསོལ་ན་བཟོད་པ་དམ་པར་མཛད་དུ་གསོལ། ཡི་གེ་འདི་གཞན་ལ་སྟོན་པ་དང་། དཔེ་ངན་རྒྱུན་འབྱམས་སོགས་གཏན་ནས་བྱེད་མི་ཉན། ཉིད་ཀྱི་ཐུགས་གསོས་རེ་དང་། གཞན་ལ་ཁྲིད་ལུང་རེ་ལ་ཕན་འདོད་ཡིན་པས། གསང་བར་གཉེར་གཏད་པ་དེ་ཡལ་བར་མི་དོར་བར་མཁྱེན་མཁྱེན་མཁྱེན་ཞུ། ལེགས་པར་བཤད་པ་འདི་ལ་དགེ་བ་མཆིས་ན་དེ་དག་གིས་འགྲོ་རྣམས་བྱང་ཆུབ་ཆེན་པོ་ཐོབ་པ་དང་། རྒྱལ་བསྟན་སྤྱི་དང་ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་སུ་འགྱུར་བ་དང་། བསྟན་འཛིན་དམ་པ་རྣམས་ཀྱིས་བསྟན་འགྲོ་ལ་ཕན་པའི་ཐུགས་བཞེད་འགྲུབ་པ་དང་། ཞབས་པད་བསྐལ་བརྒྱར་འཕེལ་པའི་རྒྱུར་གྱུར་ཅིག །དེ་ལྟར་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་སྨོན་ན་བླ་མ་ལྷ་དང་མཁའ་འགྲོའི་མཐུན་གྱུར་གནང་པར་མཛོད་ཅིག །སརྦ་མངྒ་ལམ། འདི་ཉིད་ཀུན་མཁྱེན་ཡབ་སྲས་ཀྱི་དགོངས་པ་དཔལ་སྤྲུལ་རིན་པོ་ཆེའི་མན་ངག་ཆིག་བརྒྱུད་སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིག་ཡིན་ནོ། །ཨི་ཐི།།


previousསྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས། སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོ། next