དེ་ཉིད་སྐུ་དང་ཡེ་ཤེས་ངོ་སྤྲད་པ།
དེ་ཉིད་སྐུ་རྣམས་སུ་ངོ་སྤྲད་པ།
གཉིས་པ་དེ་ཉིད་སྐུ་དང་ཡེ་ཤེས་སུ་ངོ་སྤྲད་པ་ལ་གསུམ་སྟེ། དེ་ཉིད་སྐུ་རྣམས་སུ་ངོ་སྤྲད་པ་དང་། སྤྲུལ་སྐུའི་སྤྲུལ་སྒྱུར་རྣམས་ངོ་སྤྲད་པ་དང་། རང་བྱུང་གི་ཡེ་ཤེས་རྣམས་ངོ་སྤྲད་པའོ། །
དང་པོ་དེ་ཉིད་སྐུ་རྣམས་སུ་ངོ་སྤྲད་པ་ནི། དྲི་མེད་འོད་ལས། དེ་ཉིད་གཅིག་པུ་སྐུའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག །ཞེས་པའི་དོན། ཀུན་བཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། སེམས་ཅན་ཀུན་གྱི་སེམས་ཆེན་པོ་དེ་ཉིད། སྐུ་གཅིག་དང་གཉིས་ལ་སོགས་པ་སྐུའི་དབྱེ་བ་དུ་མར་འགྱུར་རོ། །དེ་ལ་སྐུ་གཅིག་ནི་ཆོས་ཀྱི་སྐུ་དང་། སྐུ་གཉིས་ནི་ཆོས་སྐུ་དང་གཟུགས་སྐུའོ། །གསུམ་ནི་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུའོ། །སྐུ་ལྔ་ནི་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་བདེ་བའི་སྐུའོ། །དེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་ནི་ཆོས་ཀྱི་སྐུ་བརྒྱ་ཁྲི་བཞི་སྟོང་ངོ་། །ཆོས་ཀྱི་སྐུ་དེ་སྙེད་ཀྱི་ལོངས་སྐུ་དང་སྤྲུལ་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་བདེ་བའི་སྐུ་ཡང་དེ་སྙེད་དེ། སྐུའི་དབྱེ་བ་དཔག་ཏུ་མེད་དོ། དེ་ལ་སྐུ་གཅིག་ནི་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་དང་། དོན་གཅིག་གཉིས་མེད་ཆོས་ཀྱི་དོན་དང་། གཅིག་པུ་སྲ་འཁྲེགས་རྡོ་རྗེའི་བདག་དང་། སེམས་ནི་ཆེན་པོ་གཅིག་ཉིད་དང་། སངས་རྒྱས་ཀུན་གྱི་སྐུ་གཅིག་པ་དང་། སེམས་ཅན་ཀུན་གྱི་སེམས་ཆེན་པོ་དང་། མྱ་ངན་འདས་པ་བདེན་གཅིག་པོ་དང་། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། འདི་ལྟར་ཆོས་ཡོད་མ་ཡིན་ཏེ། ཞེས་པ་ལ་སོགས་པ་དོན་དམ་པའི་སྐུ་གཅིག་ཏུ་སྟོན་པའི་ལུང་དཔག་ཏུ་མེད་དོ། །དེ་བཞིན་དུ་སྐུ་གཅིག་དང་གཉིས་དང་གསུམ་དང་། བཞི་དང་། ལྔ་ནི་འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་སྟན་པར། སངས་རྒྱས་ཤཱཀྱ་སེངྒེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་ཏུ་གསུངས་པ་སྟེ། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུའི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་སྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་སྒྲུབ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པའི་སྤྲུལ་པ་དང་། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔའི་བདག །སངས་རྒྱས་མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། ཞེས་པ་དང་། དེ་བཞིན་དུ་ཀུན་གཞི་ཡེ་ཤེས་དེ་ཉིད་གཅིག་པུ་སྐུ་ཡིེ་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་ནི། དྲི་མེད་འོད་ནི། སྤྲུལ་པ་ཡིས་ནི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། ཞེས་གསུངས་འདི། སྐུ་བཅུ་དྲུག་དུ་ཇི་ལྟར་དབྱེ་ན། སྐུ་བཞི་པོ་རེ་རེ་ཡང་སྐུ་གསུང་ཐུགས་ཡེ་ཤེས་བཞི་བཞིར་དབྱེའོ། །སྤྲུལ་སྐུའི་སྐུ་ནི་སྤྲུལ་སྐུའི་སྤྲུལ་སྐུ་དང་། སྤྲུལ་སྐུའི་གསུང་ནི་སྤྲུལ་སྐུའི་ལོངས་སྐུ་དང་། སྤྲུལ་སྐུའི་ཐུགས་ནི་སྤྲུལ་སྐུའི་ཆོས་སྐུ་དང་། སྤྲུལ་སྐུའི་ཡེ་ཤེས་ནི་སྤྲུལ་སྐུའི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་ལོངས་སྐུའི་སྐུ་ནི་ལོངས་སྐུའི་སྤྲུལ་སྐུ་ལ་སོགས་པ་བཞི་དང་། དེ་བཞིན་དུ་ཆོས་སྐུའི་སྐུ་ནི་ཆོས་སྐུའི་སྤྲུལ་སྐུ་སོགས་པ་བཞི་དང་། དེ་བཞིན་དུ་ལྷན་ཅིག་སྐྱེས་སྐུའི་སྐུ་ནི་ངོ་བོ་ཉིད་སྐུའི་སྤྲུལ་སྐུ་སོགས་པ་བཞིའོ། །དེ་ལྟར་རྡོ་རྗེ་བཞིའི་སྒོ་ནས་སྐུའི་དབྱེ་བ་སྟན་པའོ། །སྐུའི་དབྱེ་ལུགས་གཞན་ཡང་ཀུན་གཞི་ཡེ་ཤེས་དེ་ཉིད་ཆོས་ཉིད་ཆོས་ཉིད་ཀྱི་གཟུགས་མཐའ་ཡས་པ་ཡིན་པའི་ཆ་ནས་སྤྲུལ་པའི་སྐུ་དང་། དེ་ཉིད་ཆོས་ཉིད་ཀྱི་སྒྲ་མཐའ་ཡས་པ་ཡིན་པའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ཉིད་ཆོས་ཉིད་ཀྱི་ཡོན་ཏན་མཐའ་ཡས་པ་ཡིན་པའི་ཆ་ནས་ཆོས་ཀྱི་སྐུ་དང་། དེ་ཉིད་ཆོས་ཉིད་ཀྱི་ཡེ་ཤེས་མཐའ་ཡས་པ་ཡིན་པའི་ཆ་ནས་ཡེ་ཤེས་ཀྱི་སྐུ་དང་། དེ་ཉིད་ཀྱི་བདེ་བ་མཐའ་ཡས་པ་ཡིན་པའི་ཆ་ནས་བདེ་བའི་སྐུ་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་སྟན་པར། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲའི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་སྒྲགས། ཡེ་ཤེས་ཕུང་པོ་མཐའ་ཡས་པ། བདག་གི་ཡེ་ཤེས་སྐུ་རབ་སྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་སྒྲགས། ཞེས་པ་སྡུད་པ་དང་། ཕུང་པོ་དང་། སྐུ་དང་བསགས་པ་རྣམས་འདིར་དོན་གཅིག་ཞེས་པའོ། །སྐུའི་དབྱེ་ལུགས་གཞན་ཡང་། ཀུན་གཞི་ཡེ་ཤེས་དེ་ཉིད་མ་བཅོས་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང་། དེ་ཉིད་དྲན་པ་ཉེར་བཞག་ལ་སོགས་པ་ཡོན་ཏན་གྱི་ཕུང་པོ་ཡིན་པའི་ཆ་ནས་ཆོས་སྐུ་དང་། དེ་ཉིད་མཚན་དཔེའི་བདག་ཉིད་ཡིན་པའི་ཆ་ནས་ལོངས་སྐུ་དང་། དེ་ཉིད་སྲིད་པ་ཇི་སྲིད་བར་གནས་ཤིང་འགྲོ་དོན་མཛད་པའི་ཆ་ནས་སྤྲུལ་སྐུ་ཡིན་ཏེ། མངོན་རྟོགས་བརྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཟད་པར་བཅུའི་བདག་ཉིད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་མངོན་མཁྱེན་དང་། །མངོན་ཤེས་སོ་སོ་རང་དག་རིག །རྣམ་པ་ཐམས་ཅད་དག་གཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བརྙེལ་བ་མེད་པའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་པ་ཆོས་ཀྱི་སྐུ་དང་། མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྦལ་ཞབས། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། འདིའི་སྐུ་ནི་བདུན་དག་མཐོ་བ་དང་། སོར་མོ་རིང་དང་སྟིང་ཡངས་སྐུ་ཆེ་དྲང་། ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེངྒེ་འདྲ། འདི་ཡི་དཔུང་པའི་མགོ་ཟླུམ་ཐོང་ཀ་རྒྱས། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། སྐུ་ནི་ནྱགྲོ་ཏ་ལྟར་ཆུ་ཞེང་གབ། གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། ཚངས་དབྱངས་འགྲམ་པ་སེངྒེ་འདྲ་དང་ཚེམས། ཤིན་ཏུ་དཀར་དང་ཚེམས་མཉམ་ཐགས་བཟང་དང་། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི ། འདྲ་བ་འདི་དག་སུམ་བཅུ་རྩ་གཉིས་མཚན། ཞེས་པ་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། མདོག་སྣུམ་མཐོན་དང་སོར་མོ་རྣམས། ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་དང་མདུད་པ་མེད། ལོང་བུ་མི་མངོན་ཞབས་མཉམ་དང་། སེངྒེ་གླང་ཆེན་བྱ་དང་ནི། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། མཛེས་གཤེགས་དྲང་དང་འཁྱིལ་བག་ཆགས། བྱི་དོར་བྱས་འདྲ་རིམ་པར་འཚམ། གཙང་དང་འཇམ་དང་དག་པའི་སྐུ། དཔེ་བྱད་ཡོངས་སུ་རྫོགས་པ་དང་། སྐུའི་ཁོག་ལག་ཡངས་ཤིང་བཟང་། གོམ་སྙོམས་པ་དང་སྤྱན་གཉིས་ནི། དག་དང་བཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་མེད་དང་རྒྱས་པ་དང་། ཤིན་ཏུ་འཁྲེགས་པའི་སྐུ་ཉིད། ཡན་ལག་ཤིན་ཏུ་རྣམ་མཛེས་དང་། གཟིགས་པ་སྒྲིབ་མེད་དག་པ་དང་། སྐུ་ཟླུམ་སྐབས་ཕྱིན་མ་སྙོངས་དང་། ཕྱམ་མེ་བ་དང་ལྟེ་བ་ནི། ཟབ་དང་གཡས་ཕྱོགས་འཁྱིལ་པ་དང་། ཀུན་ནས་ལྟ་ན་སྡུག་པ་དང་། ཀུན་སྤྱོད་གཙང་དང་སྐུ་ལ་ནི། སྨེ་བ་ནག་བག་མེད་པ་དང་། ཕྱག་ནི་ཤིང་བལ་ལྟར་འཇམ་དང་། ཕྱག་རིས་མདངས་ཡོད་ཟབ་རི་དང་། ཞལ་ནི་ཧ་ཅང་མི་རིང་དང་། མཆུ་ནི་བིམ་པ་ལྟར་དམར་དང་། ལྗགས་མཉེན་པ་དང་སྲབ་པ་དང་། དམར་དང་འབྲུག་གི་སྒྲ་ཉིད་དང་། གསུང་མཉེན་འཇམ་དང་མཆེ་བ་ཟླུམ། རྣོ་དང་དཀར་དང་མཉམ་པ་དང་། བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། མཆོག་ཏུ་དག་པ་དག་དང་ནི། སྤྱན་ཡངས་པ་དང་རྫི་མ་སྟུག །པདྨི་འདབ་མ་འདྲ་བ་དང་། སྨིན་ཚུགས་རིང་དང་འཇམ་པ་དང་། སྣུམ་དང་སྤུ་ནི་འཇམ་པ་དང་། སྙན་རིང་རྒྱས་དང་སྙན་མཉམ་དང་། ཉམས་པ་རྣམ་པར་སྤངས་པ་དང་། དཔྲལ་བ་ལེགས་པར་གྲུབ་པ་དང་། དབྱེས་ཆེ་བ་དང་དབུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་དང་། སྟུག་དང་འཇམ་དང་མ་འཛིངས་དང་། མི་ཤོར་དྲི་ཞིམ་སྐྱེས་བུ་ཡི། ཡིད་ནི་འཕྲོག་པར་བྱེད་པ་དང་། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། གཡུ་རུང་འཁྱིལ་པས་བརྒྱན་པ་སྟེ། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ཞེས་པ་ལོངས་སྐུ་དང་གང་གིས་འཁོར་བ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་ཚོགས་དང་། ཉམས་སུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། ཞེས་པ་སྤྲུལ་སྐུའོ། །སྐུའི་དབྱེ་ལུགས་གཞན་ཡང་། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔའི་བདག །ཞེས་ཆོས་ཉིད་ཀྱི་རིགས་ལྔ་དང་། ཡེ་ཤེས་ལྔ་སྐུའི་དབྱེ་བར་གསུངས་པ་ལྟར། བརྟག་གཉིས་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིན། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གང་གཱའི་རླུང་ནི་བཅུ་ཡི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་པ་རྣམས། ཞེས་པ་སེམས་ཆེན་པོ་གཅིག་ཉིད་དང་། བདེ་ཆེན་མཆོག་ཏུ་ཕན་པ་གཅིག་ཉིད། མཆོག་ཏུ་དགའ་བའི་རིགས་གཅིག་ཉིད་ནི་དོན་དམ་པའི་སྐུ་གཅིག་ཡིན་ལ། དེ་ལས་ཕྱེ་བའི་དབྱེ་བ་ཇི་སྙེད་པ་སྐུའི་དབྱེ་བར་འགྱུར་བས་སྐུའི་དབྱེ་ལུགས་གྲངས་མེད་པར་འགྱུར་རོ། །དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། བདག་གི་སྤྲུལ་པའི་སྐུ་མཆོག་གོ །ཞེས་པའི་དོན་ཡང་། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ་དེ་ཉིད་སྤྲུལ་པའི་སྐུ་མཐའ་ཡས་པ་ཡིན་ནོ། །དེ་བཞིན་དུ། སྒྲའི་ཕུང་པོ། ཆོས་ཀྱི་ཕུང་པོ། བདེ་བའི་ཕུང་པོ། ཡེ་ཤེས་ཀྱི་ཕུང་པོ་མཐའ་ཡས་པ་རྣམས་ཀྱང་རིམ་པ་ལྟར། ལོངས་སྐུ། ཆོས་སྐུ། བདེ་བའི་སྐུ། ཡེ་ཤེས་ཀྱི་སྐུ་མཐའ་ཡས་པ་ཡིན་ནོ། །དེ་ལྟར་ན་སྐུའི་གྲངས་མང་ཉུང་ལ་རྩོད་པ་བྱེད་པར་མི་རིགས་སོ། །སངས་རྒྱས་ཀྱིས་ཀུན་རྫོབ་པའི་སྐུར་གསུངས་པ་ནི། མཐོ་ཡོར་ལ་མིར་གསུངས་པ་དང་། ཐག་པ་ལ་སྦྲུལ་དུ་བཟུང་པ་དང་། སྨིག་རྒྱུ་ལ་ཆུར་བཟུང་པ་ལྟར། ཆོས་སྐུའི་རྣམ་འགྱུར་དོན་དམ་གྱི་གཟུགས་སྐུ་སྣང་པ་ལ་གདུལ་བྱ་དངོས་འཛིན་ཅན་གྱིས་དངོས་པོའི་སྐུར་བཟུང་ཞིང་བཏགས་པའི་ཆ་ཡིན་ལ། རྟགས་ཆ་དེ་ལ་ཀུན་རྫོབ་པའི་སྐུ་དང་། བརྡའི་སྐུ་དང་། རྟགས་པ་པའི་སྐུ་ལ་སོགས་པར་གསུངས་སོ། །མཐོ་ཡོར་ལ་མི་མེད་པ་ལྟར་སངས་རྒྱས་རང་ཉིད་ལ་འདུས་བྱས་ཀྱི་དངོས་པོའི་ཆ་རྡུལ་ཕྲ་རབ་ཙམ་ཡང་མཻད། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ཞེས་པ་དང་། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐུ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། ཞེས་པའི་དོན། དཔེར་ན་མཐོ་ཡོར་མིར་མཐོང་པ་དེས། མིར་མ་བཏགས་པའི་མཐོ་ཡོར་མི་མཐོང་པ་ལྟར། ཆོས་ཅན་དངོས་པོའི་སྐུ་མཐོང་པ་དེས་ཡིན་ལུགས་ཆོས་ཉིད་ཀྱི་སྐུ་མི་མཐོང་པས། དངོས་པོར་མ་བཏགས་པའི་སངས་རྒྱས་ཡང་དག་མཐོང་པར་འདོད་ན། ཆོས་ཉིད་ཀྱི་སྐུར་བལྟ་བར་བྱའོ། །ཞེས་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་ངང་ལས་སངས་རྒྱས་མང་པོ་མཐོང་པ་རྣམས། ཏིང་ངེ་འཛིན་ལས་ལངས་པའི་ཚེ། འདུས་བྱས་དངོས་པོའི་སྐུར་བཟུང་ནས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དྲིས་པའི་ཚེ། སངས་རྒྱས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྐུར་ངོ་སྤྲད་པ་བཞིན་ནོ། །རྣལ་འབྱོར་པ་ལ། རང་གི་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་དེ་གང་གི་ཚེ་ཇི་ལྟར་མངོན་དུ་འགྱུར་ན། མོས་སྤྱོད་ཀྱི་ཚེ། མར་ངོའི་བཅུ་བཞིའི་ཟླ་བ་ཅུང་ཟད་མཐོང་པ་ལྟར་མངོན་སུམ་དུ་འགྱུར་ལ། ས་ལ་ཞུགས་པའི་ཚེ། དེ་ནས་ཚེས་པའི་ཟླ་བ་ལྟར་རིམ་གྱིས་རྒྱས་པར་མཐོང་སྟེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་ངོའི་བཅུ་བཞི་ལ། ཟླ་བ་ཅུང་ཟད་མཐོང་པ་ལྟར། དེ་བཞིན་ཐེག་མཆོག་མོས་རྣམས་ལའང་། སངས་རྒྱས་སྐུ་ནི་ཅུང་ཟད་སྣང་། ཇི་ལྟར་ཚེས་པའི་ཟླ་བ་ལ། སྐད་ཅིག་སྐད་ཅིག་རྒྱས་པར་མཐོང་། དེ་བཞིན་ས་ལ་ཞུགས་རྣམས་ལ། རིམ་གྱིས་རིམ་གྱིས་རྒྱས་པར་མཐོང་། ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། ཟླ་བ་རྫོགས་པར་འགྱུར་བ་ལྟར། དེ་བཞིན་ས་ཡི་མཐར་ཐུག་ན། ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ཞེས་པ་དང་། དེ་བཞིན་དུ། དུས་འཁོར་གྱི་རྩ་རྒྱུད་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། ཞེས་པའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་དེ་ཡོན་ཏན་ཐམས་ཅད་ཡེ་ནས་རྫོགས་པའི་ཚུལ་གྱིས། གཞི་སེམས་ཅན་གྱི་དུས་ན་གནམ་གང་ལ་ཟླ་བ་མ་ཆད་པ་བཞིན་ཡོད། སློབ་པ་ལམ་གྱི་དུས་ན། ཚེས་གཅིག་གཉིས་ལ་སོགས་པའི་ཆ་རིམ་གྱིས་མཐོང་བ་ལྟར་ཡོད། འབྲས་བུ་སངས་རྒྱས་པའི་ཚེ་ཉ་གང་པའི་ཟླ་བ་ལྟར་ཡོད། ཞེས་པའི་དོན་ནོ། །དེ་ཡང་ཇི་ལྟར་གང་གིས་མཐོང་ན། མངོན་ཤེས་མེད་པའི་ལས་དང་པོ་པས་མཐོང་བའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཉའི་སྤྱན་དང་། དེ་ནས་མངོན་ཤེས་ཐོབ་པའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ལྷའི་སྤྱན་དང་། དེ་ནས་ས་དང་པོའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་སངས་རྒྱས་སྤྱན་དང་། ས་གཉིས་པ་ནས་བྱང་ཆུབ་སེམས་དཔའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཤེས་རབ་ཀྱི་སྤྱན་དང་། སངས་རྒྱས་ཀྱི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཡེ་ཤེས་ཀྱི་སྤྱན་དང་། དེ་ལྟར་ཀུན་གཞིའི་དེ་བཞིན་གཤེགས་པ་གཅིག་ཉིད་ལམ་གྱི་རིམ་པ་སྤྱན་ལྔར་བཞག་པ་ནི། དྲི་མེད་འོད་ལས། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་འཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སོ། །ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་སླད་དུ་སྟེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ་། །ཞེས་པའོ། །འཕགས་པ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པར་ཡང་འདི་རང་མཐུན་པར་འབྱུང་ངོ་། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་མངོན་ཤེས་ཐར་ཐོར་འབྱུང་ཡང་བསྟན་སོ་མ་ཟིན་པས་གྲུལ་ཐུབ་པ་དཀའོ། །རླུང་ཁུག་པ་གཅིག་འགགས་ནས་མངོན་ཤེས་གྲུལ་ཐུབ་འཆར་རོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་ཡོ་ལང་ཐམས་ཅད་ ཀུན་གཞི་ཡེ་ཤེས་ཀྱི་རྣམ ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། ངོ་བོ་ཉིད་ཀྱི་སྐུ་ཡི་གདངས་ཆེན་པོ། ངོ་བོ་ཉིད་ཀྱི་སྐུའི་ཀློང་ཆེན་པོ། ངོ་བོ་ཉིད་ཀྱི་སྐུའི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་ཀྱི་སེམས་སུ་ངོ་སྤྲད་པར་བྱའོ།། །།
སྤྲུལ་སྐུའི་སྤྲུལ་སྒྱུར་རྣམས་ངོ་སྤྲད་པ།
གཉིས་པ་སྤྲུལ་སྐུའི་སྤྲུལ་སྒྱུར་རྣམས་ངོ་སྤྲད་པ་ནི། མདོ་སྡེ་བརྒྱན་ལས། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནི། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ནི་བྱེད་པ་བཅིངས་པའི་སྦྱོར་བས་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས། ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུའི་སྤྲུལ་སྒྱུར་དཔག་ཏུ་མེད་པ་སྟོན་ཅིང་། དེ་ཡང་ཚོགས་ལམ་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དང་། སྤྱན་དང་མངོན་ཤེས་ཀྱི་རྣམ་འཕྲུལ་དཔག་ཏུ་མེད་པ་འབྱུང་སྟེ། འབུམ་དང་ཉི་ཁྲི་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཤའི་སྤྱན་གྱིས་དཔག་ཚད་བརྒྱ་མཐོང་པ་ཡོད་དོ། །དེ་བཞིན་དུ་དཔག་ཚད་སྟོང་དང་། ལྷོ་འཛམ་བུ་གླིང་དང་། ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་པོ་དང་། སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་མཐོང་པ་ཡོད་དོ། །ཞེས་པའི་དོན་གསུངས་སོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་འདོད་ལྷ་དྲུག་ནས་ཚངས་རིས་ལ་སོགས་པ་ལྷའི་མིག་ཐམས་ཅད་ཤེས་ཤིང་། ལྷ་དེ་རྣམས་ཀྱི་མིག་གིས་བྱང་ཆུབ་སེམས་དཔའི་ལྷའི་མིག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མིག་གིས་རིག་པའི་གནས་ལྔ་ལ་མི་ཤེས་པ་དང་། ཁོང་དུ་མ་ཆུད་པ་དང་། མི་མཁྱེན་པ་གཅིག་ཀྱང་མེད་པ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་གིས་ཐེག་པ་གསུམ་གྱི་ཆོས་དང་། གང་ཟག་གི་རྣམ་བཞག་དང་། རྒྱུད་ཚོད་དང་། མཐོ་དམའ་དང་། སྤངས་རྟོགས་ཀྱི་གོ་རིམས་ཐམས་ཅད་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་མིག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། མིག་དེས་མ་མཐོང་པ་དང་། མ་ཐོས་པ་དང་། མི་ཤེས་པ་གང་ཅུང་ཟད་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་ས་དང་པོར། འཚོ་བ་མེད་པ་དང་། འཆི་བ་དང་། སྨད་པ་དང་ངན་འགྲོ་འཁོར་གྱི་ས་མི་འཇིགས་པ་ལྔ་ཐོབ་སྟེ། མདོ་ཕལ་པོ་ཆེ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། འཚོ་བ་མེད་དང་འཆི་དང་མི་སྔགས་ངན་འགྲོ་དང་། འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་པ་དང་། མདོ་སྡེ་བརྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། དོན་ཀུན་འཇུག་དང་ཐམས་ཅད་ལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། ཞེས་པའི་དོན། ས་དང་པོར་མིག་སའི་སྙིང་པོ་ལ་སོགས་པ་དབང་པོ་ལྔ། དྲི་བཅས་ཀྱི་གནས་དྲི་མེད་དུ་གྱུར་ནས། དབང་པོ་རེ་རེས་ཡང་ཡུལ་དྲུག་པོ་ཐམས་ཅད་ལ་འཇུག་ཅིང་། ཡུལ་དྲུག་པོ་ཐམས་ཅད་ཤེས་ཏེ། །མིག་གིས་ཡུལ་དྲུག་པོ་ཐམས་ཅད་ལ་དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རེ་རེས་ཀྱང་ཡུལ་དྲུག་པོ་ཐམས་ཅད་ཤེས་ཏེ། མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའི་ནོར་བཟངས་ཀྱིས་བླ་མ་དགཻན་༼དགེ་འདུན་༽མ་བཟང་མོའི་མཆོག་གི་ནོར་བཟངས་ལ་སྨྲས་པ་འདི་ལྟ་སྟེ། སྨྲས་པ། ཁོ་མོས་ཆོས་ཀྱི་རྣམ་གྲངས་ནི། གནས་མེད་དཀྱིལ་འཁོར་ཤེས་ཤིང་སྟོན་པ་སྟེ། ཐོག་མེད་ཞེས་བྱའི་ཏིང་ངེ་འཛིན་ཀྱང་ཐོབ། འདིར་གནས་ཆོས་ཀུན་ཤེས་ལ་ཐོགས་པ་མེད། མིག་གིས་ཐམས་ཅད་ཤེས་ཤིང་རྣ་བས་ཐམས་ཅད་ཤེས། སྣ་ཡིས་ཐམས་ཅད་ཤེས་ཤིང་ལྕེ་ཡི་ཐམས་ཅད་ཤེས། ལུས་ཀྱི་ཐམས་ཅད་ཤེས་ཤིང་ཡིད་ཀྱིས་ཐམས་ཅད་ཤེས། ཐམས་ཅད་ཤེས་པའི་བྱིན་བརླབས་ཐོགས་པ་མེད། ཐམས་ཅད་ཤེས་པའི་སྣང་བ་ཐོགས་པ་མེད། ཐམས་ཅད་ཤེས་པའི་ཤུགས་ལ་ཐོགས་མེད་འཇུག །ཞེས་པའོ། །དབང་པོ་རེ་རེས་ཡུལ་ཐམས་ཅད་ལ་འཇུག་པ་དེ་བཞིན་དུ། ཡུལ་དང་དབང་པོ་གནད་གཅིག་པས་ཡུལ་རེ་རེ་ཡང་ཡུལ་དྲུག་པོ་ཐམས་ཅད་དུ་འཆར་ཞིང་། ཡུལ་གཟུགས་ལྟ་བུ་གཅིག་ཀྱང་སྒྲ་ལ་སོགས་པ་ཡུལ་ཐམས་ཅད་དུ་རུང་ངོ་། །དབུ་མ་རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། དེ་ལ་ཐམས་ཅད་རུང་བ་ཡིན། ཞེས་པ་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཡང་རུང་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནོ། །ཀུན་རྫོབ་ཐམས་ཅད་ནི་མཐར་ལྷུང་ཞིང་ཕྱོགས་སུ་ཆད་པས། དབང་པོ་གཅིག་ཡུལ་གཟུགས་ལྟ་བུ་གཅིག་ཁོ་ན་ལ་འཇུག་ཅིང་། ཡུལ་གཅིག་ཀྱང་ཁོ་ནའི་སྤྱོད་ཡུལ་དུ་རུང་པ་དབང་པོ་གཞན་གྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །དོན་དམ་པ་ནི་མཐར་མ་ལྷུང་ཞིང་ཕྱོགས་རིས་སུ་མ་ཆད་པ་དབུ་མའི་ཆོས་ཡིན་པས་དོན་དམ་གྱི་ཆོས་ཐམས་ཅད་ཡིན་ཞིང་། དོན་དམ་གྱི་ཆོས་ཐམས་ཅད་དོན་དམ་གྱི་ཆོས་གཅིག་ཡིན་ཏེ། ཕལ་ཕྱིན་གྱི་འགྲེལ་པར་དབུ་མའི་ལུང་དྲངས་པ་ནི། དངོས་པོ་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། དངོས་པོ་ཀུན་དང་དངོས་པོ་གཅིག་གི་ངོ་བོ་ཉིད། གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། ཝཞེས་པའི་དོན་ནོ། །དབང་པོ་རེ་རེ་ལ་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རེ་འབྱུང་བ་ནི། མདོ་ཕལ་པོ་ཆེ་ལས། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམ་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་སྟོན་པ་དང་། ལུས་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཡང་དག་པར་སྟོན་པར་བྱེད་པའི་བརྩོན་གྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །ཞེས་པའོ། །དེ་ལ་མིག་གི་དབང་པོ་གཅིག་གིས་ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ཐོབ་ཅིང་། དེ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། ལུས་བརྒྱ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་རེས་བསྐོར་བ་སྟོན་པའི་བར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་འབྱུང་པ་དེ་བཞིན་དུ་དབང་པོ་རེ་རེ་ལའང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་རེ་རེ་འབྱུང་ངོ་། །ཆོས་ཉིད་ཀྱི་སྐུ་གཅིག་ཉིད་ལས། མཉམ་བཞག་ཟབ་མོའི་ངང་ནས་དུས་གསུམ་གྱི་སྣང་པ་ཚད་མེད་པའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་ཡང་། མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་མཐོང་པ་འདི་ལྟ་སྟེ། དེ་ནས་ནོར་བཟངས་ཆོས་ཀྱི་ནོར་ལྡན་པ། རྒྱལ་བའི་སྲས་ཀྱི་རྣམ་ཐར་ཡངས་ལ་སེམ། རིམ་གྱིས་མགོ་འགེབས་རྒྱས་པར་འགེངས་པར་ཕྱིན། དགེ་སློང་རྒྱ་མཚོའི་རྒྱལ་མཚན་བཙལ་བ་ལས། ཆོས་སྐུས་ནམ་མཁའི་མཐར་ཐུག་ཁྱབ་པ་ཅན། ཡེ་ཤེས་སྒྱུ་མའི་འཕྲུལ་གྱིས་ཆོས་དབྱིངས་འགེངས། དཔག་མེད་སྤྲུལ་པ་འགྱེད་ལ་མཁས་པ་དེ། འཆག་གནས་ཞིག་གི་འཆག་པའི་པར་འདུག་སྟེ། ལུས་ནི་དྲང་བསེང་དྲན་པ་མངོན་བྱས་ནས། དབུགས་ནི་ཕྱི་ནང་རྒྱུ་མེད་མི་གཡོ་ཞིང་། ཏིང་ངེ་འཛིན་ལ་མཉམ་བཞག་སྤྲོས་མེད་ལས། མཐའ་ཡས་སྤྲུལ་པ་དཔག་མེད་འགྱེད་པ་མཐོང་། རྣམ་ཐར་བསམ་མི་ཁྱབ་པའི་མཐུ་ཡིས་སེམས་ཀྱིས་སྐད་ཅིག་རེ་རེ་ལ། སེམས་ཅན་ཡོངས་སྨིན་བདེ་གཤེགས་ཀུན་མཆོད་སངས་རྒྱས་ཞིང་ཀུན་དག་པ་དང་། འགྲོ་བའི་བདེ་སྡུག་སྒྲུབ་དང་ཟློག་ཅིང་ཐམས་ཅད་མཁྱེན་ལ་དགོད་པའི་ཕྱིར། ཆོས་ཀྱི་སྐུ་ལས་རྣམ་འཕྲུལ་སྣ་ཚོགས་ཆོས་དབྱིངས་རྒྱས་པར་འདི་ལྟར་འགེངས། དེ་ཡི་རྐང་པའི་ཐིལ་དྲ་ལས། གྲངས་མེད་ཞིང་གི་རྡུལ་སྙེད་ཀྱི། ཚོང་དཔོན་འཁོར་མང་འབྱོར་ལྡན་པ། བྱུང་བ་ནོར་བཟངས་འཕགས་པས་མཐོང་། དེའི་བོལ་གོང་གཉིས་དག་ལས། བྲམ་ཟེ་ཁྱིམ་བདག་དེ་སྙེད་བྱུང་། སྣ་ཚོགས་ཟས་གོས་འདོད་ཡོན་གྱིས། ཕྱོགས་བཅུ་བཀང་སྟེ་འགྲོ་བ་མཐོང་། དེའི་སྤུས་མོའི་ལྷ་ང་གཉིས་ནས་ཀྱང་། འགྲོ་བ་ཀུན་གྱི་གཟུགས་འཛིན་མཁས་པའི་གཟུགས། གྲངས་མེད་ཞིང་གི་རྡུལ་སྙེད་རྣམས་བྱུང་ཞིང་། ཕྱོགས་བཅུ་བཀང་སྟེ་གནོད་སེལ་ཕན་སྒྲུབ་མཐོང་། དེ་ཡི་ལྟེ་བའི་དཀྱིལ་འཁོར་ནས། དྲང་སྲོང་འགྲོ་ཀུན་ལུས་དབྱིབས་ཅན། དེ་སྙེད་བྱུང་ནས་དཀོན་མཆོག་གི །སྒྲ་བརྗོད་ཞི་ཕན་བྱེད་པ་མཐོང་། རྩེབས་ལོགས་གཉིས་ནས་ཀླུ་ཡི་བུ་མོ་སེམས་ཅན་དྲངས་དང་མཉམ་པ་བྱུང་། རིན་ཆེན་སྤོས་དང་མེ་ཏོག་ཕྲེང་བ་གདུགས་དང་རྒྱལ་མཚན་བ་དན་དང་། འཕྱང་འཕྲུལ་སྣ་ཚོགས་རྒྱལ་སྲས་ལྷ་དང་ལྷ་མོས་ཆོས་དང་མེ་ཏོག་དང་། རིན་ཆེན་སྤྲིན་གྱི་ཆར་འབེབས་ལེགས་བརྒྱན་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང་། ཐོང་ཀའི་དཔལ་གྱི་བེའུ་ལས་ཀྱང་ལྷ་མིན་དབང་པོ་དེ་སྙེད་བྱུང་། རྒྱབ་གཞུང་ནས་ཀྱང་ཉན་རང་དེ་སྙེད་བྱུང་ནས་སྲིད་ཟློག་ཞི་ཆོས་སྟོན། ཕྲག་པའི་ལྷུ་གཉིས་ནས་ཀྱང་གནོད་སྦྱིན་སྲིན་པོའི་དབང་པོ་དེ་སྙེད་བྱུང་། མདུན་གྱི་ལྟོ་ནས་མིའམ་ཅི་དང་དྲི་ཟའི་དབང་པོ་དེ་སྙེད་བྱུང་། ཁའི་སྒོ་ནས་འཁོར་ལོས་བསྒྱུར་རྒྱལ་དེ་སྙེད་བྱུང་། མིག་གཉིས་ནས་ཀྱང་ཉི་མའི་དཀྱིལ་འཁོར་དེ་སྙེད་བྱུང་། སྨིས་མཚམས་མཛོད་སྤུ་ནས་ཀྱང་ཟླ་བ་དེ་སྙེད་བྱུང་། དཔྲལ་བ་ནས་ཀྱང་ཚངས་པ་ཆེན་པོ་དེ་སྙེད་བྱུང་། །མགོ་ནས་རྒྱལ་སྲས་གྲངས་མེད་ཞིང་གི་རྡུལ། །དེ་སྙེད་དང་མཚུངས་ཕྲག་བཅུ་བྱུང་ནས་ནི། །དུས་གསུམ་གྱིས་བསྡུས་རྒྱལ་དང་རྒྱལ་སྲས་ཀྱི། །ཕ་རོལ་ཕྱིན་བཅུའི་རྣམ་ཐར་རྒྱ་མཚོ་སྟོན། །གཙུག་ཏོར་ནས་ཀྱང་བདེ་གཤེགས་དེ་སྙེད་བྱུང་། །མཚན་དཔེའི་རྣམ་རྒྱན་འོད་ནི་ཕྱོགས་བཅུར་འབར། །ཆོས་དབྱིངས་རྒྱས་འགེངས་གསུང་ལྔ་སངས་རྒྱས་ཀྱི། །རྣམ་འཕྲུལ་མཐའ་དབུས་མེད་པ་ཡོངས་སྟོན་པ། །འགྲོ་བ་ཀུན་ལ་མཚུངས་པར་ཆོས་ཆར་འབེབས། །རྒྱལ་སྲས་ཀུན་ལ་རང་འཚམ་ཆོས་ཆར་དང་། །ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་དང་། །མིའམ་ཅི་དང་ནམ་མཁའ་ལྡིང་དང་ཀླུ། །ལྟོ་འཕྱེ་དམྱལ་བ་ཡི་དྭགས་དུད་འགྲོ་ཡི། །གནས་སུ་ཆོས་སྒོ་ཐ་དད་དུ་མའི་ཆར། །འབེབས་པས་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང་། །དེ་ཡི་བ་སྤུ་ཀུན་ལས་སྤུ་དེའི་སྒོ་ནས་ཀྱང་། །འོད་ཟེར་དྲྭ་བ་གྲངས་མེད་གྲོང་དང་བརྒྱན་གྱིས་གང་། །བྱ་བ་སྣ་ཚོགས་གྲངས་མེད་བྱེད་ལ་ཉེར་གནས་པས། །ཕྱོགས་བཅུའི་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང་། །བ་སྤུ་སོ་སོའི་འོད་ཟེར་དྲྭ་བ་ལས། །ཐ་དད་སོ་སོ་དུས་གསུམ་རྒྱལ་སྲས་ཀྱི། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་དང་། །སྟོབས་དང་ཡེ་ཤེས་ཕ་རོལ་ཕྱིན་པ་ཡི། །སྤྱོད་པ་དཔག་མེད་སྦྱོར་བ་མཐའ་ཡས་པ། །མེ་ལོང་ནང་གི་གཅན་གཟན་ཇི་བཞིན་དུ། །མ་འཆོལ་མ་འདྲེས་མ་སྒྲིབས་སོ་སོར་སྣང་། །གཅན་གཟན་མ་ལུས་འཆང་བའི་ཡེ་ཤེས་ལུས་དངོས་ཅན། །སྒྱུ་མའི་རྣམ་ཐར་རྒྱ་མཚོས་ཆོས་དབྱིངས་རྒྱས་འགེངས་པ། །དགེ་སློང་རྒྱ་མཚོའི་རྒྱལ་མཚན་དེ་ལྟར་མཉམ་བཞག་ལ། །ནོར་བཟངས་སེམས་ཤིང་རྗེས་དྲན་རྣམ་ཐར་དེར་འཇུག་ཕྱིར། །དེའི་མདུན་དུ་ཟླ་དྲུག་ཞག་དྲུག་བར་དུ་ལོན། ཞེས་པ་སྟེ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སངས་རྒྱས་སྤྲུལ་པའི་འཁོར་ལོ་འཆང་། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། ཞེས་པའི་དོན་ནོ། །མངོན་ཤེས་དྲུག་ལས། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི། སྣང་བའི་མོད་ལ་མི་སྣང་བ། །མི་སྣང་བའི་མོད་ལ་སྣ་ཚོགས་སུ་སྣང་པ་དང་། གཅིག་མང་པོར་སྣང་བ་དང་། མང་པོ་གཅིག་ཏུ་བསྡུད་པ་དང་། དུས་གསུམ་གྱི་བསྐལ་པ་ཚད་མེད་པའི་དུས་སྐད་ཅིག་མ་ཅིག་དུ་བསྡུད་པ་དང་། དུས་སྐད་ཅིག་མ་ཅིག་ཀྱང་དུས་གསུམ་གྱི་བསྐལ་པ་མཐའ་ཡས་པའི་ཡུན་དུ་སྣང་པ་དང་། རྡུལ་ཕྲ་རབ་གཅིག་གི་ཁྱོན་ལ་དུས་གསུམ་གྱི་སྣོད་བཅུད་ཐམས་ཅད་ཡངས་དོག་མེད་པར་སྣང་ཡང་། རྡུལ་ཕྲན་ཆེ་བར་མི་མངོན་ཞིང་། སྣོད་བཅུད་ཀྱི་འཇིག་རྟེན་ཆུང་པར་མི་མངོན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་རྣམས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་པ། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། ཞེས་པའི་དོན་དང་། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། རྡུལ་གཅིག་ཡུལ་ལ་མཁའ་སྟུགས་འཇིག་རྟེན་སྟོན། འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། ཞེས་པའི་དོན་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་། ཞེས་པའི་དོན་དང་། དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོར། འཇམ་དཔལ་འདི་ལྟེ་སྟེ་དཔེར་ན། མཚོ་དཔག་ཚད་འབུམ་ཕྲག་ལྔ་པ། བྱ་རོག་གིས་བཏུང་དུ་ང་བར་མུ་དང་ཁ་ད་ཆོད་དུ་གྱུར་པ། པདྨི་འདབ་མས་གཡོགས་པ་ཞིག་ཡོད་ལ། དེ་ལ་སྐྱེས་བུ་ལ་ལས་ཞིག་གིས་ལྕགས་ཀྱི་ཤིང་རྟ་འཕང་ལོ་རྩིབ་མ་སྟོང་ཡོད་པ། ནམ་མཁའ་ལྡིང་གིས་འགྱོགས་པ་དབས་ཀྱང་ལྷག་པའི་རྟ་དེ་ལྟ་བུར་ཤིང་རྟ་དྲངས་ཏེ། དེ་ལྟར་འགྱོགས་པའི་ཤིང་རྟ་དྲངས་ནས་འཕང་ལོའང་ཆུས་མི་རེག་རྟའི་རྨིག་པས་ཀྱང་པདྨི་འདབ་མ་མི་སྟོལ་བ་དེ་ལྟ་བུའི་ཤིང་རྟ་དེ་དྲངས་པ་ལས། མཚེ་ཆེན་པོ་དེ་ནས་སྦྲུལ་གདུག་པ་ཞིག་དུ་བྱང་དེ་སྐད་ཅིག་གང་ལ་ཤིང་རྟར་བསྐྱུར་བའི་སྐད་ཅིག་རེ་ལ་སྦྲུལ་གདུག་པ་དེས་ཤིང་རྟ་དེ་ལན་བཅུ་རུ་སྐོར་ཏེ་འཇམ་དཔལ་སྐད་ཅིག་གང་གིས་སྦྲུལ་གདུག་པས་ཤིང་རྟ་དེ་ལན་གཅིག་བསྐོར་བའི་སྐད་ཅིག་དེ་ལ། དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་སྟན་པ་བཤད་དེ་དོན་ཡང་དག་པར་བྱེད་དོ། །དགེ་སློང་ཀུན་དགའ་བོས་ཆོས་གཅིག་སྟོན་པ་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་ཤཱ་རིའི་བུས་ཆོས་ཉམ་པ་སྟོང་སྟན་པ་བཤད་ནས་དོན་ཡང་རིག་པར་བྱེད་དོ། །དགེ་སློང་ཤཱ་རིའི་བུས་སྐད་ཅིག་གང་ལ་ཆོས་གཅིག་སྟན་པ་བཤད་པའི་སྐད་ཅིག་དེ་ལ། གནས་བརྟན་མེའུ་མགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱ་ཁྲི་འདའོ། །གནས་བརྟན་མེའུ་མགལ་གྱི་བུས་སྐད་ཅིག་གང་ལ་འཇིག་རྟེན་གྱི་ཁམས་གཅིག་འདས་པའི་སྐད་ཅིག་ལ། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ཀྱི་གླིང་རེ་རེ་དགའ་ལྡན་གྱི་གནས་ན་གནས་པ་ལས་འཕོ་བ་དང་སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་ཆེན་པོ་དང་། ཆོས་གནས་པ་དང་། ཆོས་ནུབ་པ་དུས་གཅིག་སྟོན་ནོ། །མུ་སྟེགས་ཅན་གྱི་གནས་ཀྱི་སྤྱོད་པ་དང་། སྐྱེས་པའི་རབས་ཐམས་ཅད་དུ་ཡང་དུས་གཅིག་ཏུ་སྣང་ངོ་། །ཞེས་སོགས་བསམ་གྱིས་མི་ཁྱབ་པའི་ཚུལ་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་གྱུར་པར་གསུངས་སོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ནི། འབུ་སྲིན་ལ་སོགས་པ་སེམས་ཅན་ཇི་སྙེད་པའི་སྐད་ཤེས་ཤིང་གོ་བའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་འགྱུར་ཕྲ་ཞིང་ཕྲ་བ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི། རང་དང་གཞན་གྱི་ཚེ་རབས་མཐའ་ཡས་པའི་རྣམ་འགྱུར་ཤིས་པའོ། །ལྷའི་མིག་གི་མངོན་པར་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པ་ཕྲ་ཞིང་ཕྲ་བ་དང་། འཆི་འཕོ་བ་དང་། སྐྱེ་བ་ཐམས་ཅད་རབ་ཏུ་ཤེས་སོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། ས་བཅུ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཟད་པར་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་ལྟར་སངས་རྒྱས་དེའི་ལུས་དང་འཇིག་རྟེན་གསུམ་སྣང་བ་དང་། སྐད་དང་སེམས་གང་ཡིན་པ་ཤེས་པ་ནི། དཔལ་ལྡན་རྒྱུད་ལས། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། སེམས་ནི་དམ་པའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད་དུས་སུ་ལྷན་གཅིག་སྐྱེས་པས་འཁྱུད་པའོ། །ཞེས་པས་སོ། །དེ་བཞིན་དུ་ཀུན་གཞིའི་ཡེ་ཤེས་ནི་རྣམ་པར་དག་པའི་ཕུང་པོ་ནམ་མཁའ་གང་པ་ཡིན་ཞིང་། ཀུན་གཞིའི་རྣམ་ཤེས་ནི་མ་དག་པ་བཟུང་འཛིན་གྱི་དངོས་པོ་ནམ་མཁའ་གང་པ་ཡིན་ནོ། །དེ་ལ་དག་པ་དང་གཙང་བ་གཅིག་པས། གཙང་གནས་དམ་པ་གོའུ་ཏ་མ། གསུམ་རིག་གཙང་མ་དག་པ་སྟེ། རྣམ་དག་ཕུང་པོ་ལྔ་འཆང་པ། ཞེས་པའི་དོན། བརྟག་གཉིས་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། ཞེས་པ་དངོས་པོ་ཐམས་ཅད་ནི་ཚན་པ་གཉིས་ཏེ། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་དང་། དོན་དམ་གྱི་དངོས་པོ་ཐམས་ཅད་དོ། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་ནི་ཆོས་ཅན་ཡིན་ལ། དེའི་ཆོས་ཉིད་དག་པ་ཉིད་ནི་དེ་བཞིན་ཉིད་དོ་། དོན་དམ་གྱི་དངོས་པོ་ཐམས་ཅད་ནི་ཆོས་ཉིད་ཁོ་ན་ཡིན་ཞིང་། དོན་དམ་གྱི་དངོས་པོ་ཡང་ཡིན། དག་པ་ཡང་ཡིན། དེ་བཞིན་ཉིད་ཀྱང་ཡིན་ནོ། །ཀུན་རྫོབ་ཀྱི་ཆོས་ཅན་རེ་རེའི་ཆོས་ཉིད་ཀྱི་དབྱེ་བ་ནི། གཟུགས་ཀྱི་དེ་བཞིན་ཉིད་དང་། ཚོར་བའི་དེ་བཞིན་ཉིད་དང་། ཞེས་པ་ལ་སོགས་པའི་ཆོས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་ཉིད་ཀྱི་དབྱེ་བའོ། །དོན་དམ་གྱི་ཆོས་རེ་རེའི་དག་པ་དེ་བཞིན་ཉིད་ཀྱི་དབྱེ་བ་ནི། དོན་དམ་གྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཇི་སྙེད་པ་དེ་སྙེད་ནི་དག་པ་ཡང་ཡིན། ལྷ་ཡང་ཡིན། དེ་བཞིན་ཉིད་ཀྱང་ཡིན་ནོ། །འབུམ་དང་ཉི་ཁྲི་ལ་སོགས་པའི་མདོ་རྣམས་སུ། རྣམ་པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཇི་སྙེད་པ་གསུངས་པ་ཐམས་ཅད་རྒྱུད་སྡེ་རྣམས་སུ་ལྷའི་ཚོགས་ནམ་མཁའ་གང་པ་ཡིན་པར་གསུངས་སོ། །དེ་ལ་རྣམ་པར་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཡིན་པ་དང་། རྣམ་པར་དག་པའི་ས་ཆུ་ལ་སོགས་པའི་ཁམས་རྣམས་སངས་རྒྱས་སྤྱན་མ་ལ་སོགས་པའི་དེ་བཞིན་གཤེགས་མ་རྣམས་ཡིན་པ་དང་། རྣམ་པར་དག་པའི་མིག་ལ་སོགས་པའི་དབང་པོ་རྣམས་པའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་པ་དང་། རྣམ་པར་དག་པའི་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པའི་བྱང་ཆུབ་སེམས་མ་རྣམས་ཡིན་པ་དང་། རྣམ་པར་དག་པའི་ལག་པ་ལ་སོགས་ཀྱི་དབང་པོའི་བྱ་བ་རྨུགས་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་ཡིན་པ་དང་། རྣམ་པར་དག་པའི་ལས་ཀྱི་དབང་པོའི་བྱ་བ་རྣམས་རྨུགས་བྱེད་མ་ལ་སོགས་པའི་ཁྲོ་མོ་རྣམས་ཡིན་པར་གསུང་སོ། །རྣམ་པར་དག་པའི་ཕུང་པོ་དང་། དབང་པོ་དང་ལས་ཀྱི་དབང་པོའི་རྣམས་ལྷ་ཕོ་ཡིན་པར་སྟོན་པ་དང་། ཁམས་དང་། ཡུལ་དང་ལས་ཀྱི་དབང་པོའི་བྱ་བ་རྣམས་ལྷ་མོ་ཡིན་པར་སྟོན་པ་ནི། གཉིས་སུ་མེད་པའི་རྒྱུད་དུ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་སུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་ས་རྡོ་རྗེ་དང་ཞེས་པ་ལ་སོགས་པ་རྣམ་པར་དག་པའི་ཁམས་ཀྱང་ལྷ་ཕོར་སྟོན་པ་ནི་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་རྣམས་སུ་བྱུང་ངོ་། །རྣམ་པར་དག་པའི་ཕུང་པོ་དང་དབང་པོ་རྣམས་ཀྱང་ལྷ་མོར་སྟོན་པ་ནི་མ་རྒྱུད་ཀྱེའི་རྡོ་རྗེ་ལ་སོགས་པ་རྣམས་སུ་བྱུང་ངོ་། །གནམ་གང་གི་དུས་ཀྱི་ཟླ་བ་དང་། བཅོ་ལྔའི་དུས་ཀྱི་ཟླ་བ་ངོ་བོ་གཅིག་པ་ལྟར། སེམས་ཅན་གྱི་དུས་ཀྱི་རྣམ་པར་དག་པའི་གཟུགས་སོགས་དང་། སངས་རྒྱས་ཀྱི་དུས་ཀྱི་རྣམ་པར་དག་པའི་གཟུགས་སོགས་ངོ་བོ་གཅིག་པ་ནི། མངོན་རྟོགས་བརྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང་། །གཅད་དུ་མེད་པས་དག་པར་བརྗོད། ཞེས་པ་སྟེ། འདི་ནི་འབུམ་དང་ཉི་ཁྲི་སོགས་ལས། རྣམ་པར་གཟུགས་སོགས་ཇི་སྙེད་གསུངས་པའི་དོན་བསྡུས་པ་ཡིན་ནོ། །རྣམ་པར་དག་པའི་གཟུགས་སོགས་དང་། གཟུགས་སོགས་རྣམ་པར་དག་པ་ལ་ཁྱད་མེད་ཅིང་། ཉོན་མོངས་ཀྱི་ཆོས་ཉིད་དང་། ཆོས་ཉིད་ཀྱི་ཉོན་མོངས་ལ་ཁྱད་མེད། དམྱལ་བའི་ཆོས་ཉིད་དང་། ཆོས་ཉིད་ཀྱི་དམྱལ་བ་ལ་ཡང་ཁྱད་མེད་དོ། །ཆོས་ཉིད་ཀྱི་ཡི་དྭགས་དང་། ཆོས་ཉིད་ཀྱི་དུད་འགྲོ་དང་། ཆོས་ཉིད་ཀྱི་སྡུག་བསྔལ་དང་། ཆོས་ཉིད་ཀྱི་ཀུན་འབྱུང་དང་། ཆོས་ཉིད་ཀྱི་མ་རིག་པ་ལ་སོགས་པ་བློར་མི་ཤོང་པ་རྣམས་ཀྱང་། ཡི་དྭགས་ཀྱི་ཆོས་ཉིད་ལ་སོགས་པ་འགྱུར་དང་། ཁྱད་པར་མེད་པ་དེ་བཞིན་དུ་ཤེས་པར་བྱའོ། །ཕྱི་ནང་གཞན་གསུམ་ནི། ཕྱི་ནང་ ཀུན་གཞི་རྣམ་ཤེས ་ཀྱི་ཡོ་ལང་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཀུན་རྫོབ་འདི་ཡིན་ལ། ཀུན་རྫོབ་འདི་ལས་གཞན་པ་ནི་དོན་དམ་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཀྱི་ཡོ་ལང་ཡིན་ཏེ། བརྟག་གཉིས་ཀྱི་རྩ་རྒྱུད་ལས། རྒྱལ་བའི་དབང་པོ་སྐུ་གཞན་ནོ། །སྐུ་གསུང་ཐུགས་དང་བདེ་བ་ཡང་། །གཞན་ཏེ་ཕུང་པོའི་ཚོགས་ལའང་གཞན། །ས་སོགས་ཁམས་རྣམས་གཞན་པ་སྟེ། །ཡུལ་དང་དབང་པོ་རྣམས་ཀྱང་ངོ་། །ལས་ཀྱི་དབང་པོའི་བྱ་བའང་གཞན། །དེ་བཞིན་ལས་ཀྱི་དབང་པོ་ཡང་། །ཐམས་ཅད་ནས་ནི་ཕྱག་ཞབས་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས། ཞེས་པའི་དོན་ནོ། །ཕྱི་ནང་གསང་གསུམ་ཡང་། ཕྱི་ནང་ནི་སྔར་དང་འདྲ་ལ། གསང་བ་ནི། ཀུན་རྫོབ་འདི་ལས་གཞན་སྐུ་གསུང་ཐུགས་ཀྱི་གསང་བའོ། །ཀུན་བརྟག་གཞན་དབང་ནི། ཀུན་གཞི་རྣམ་ཤེས ་ཀྱི་ཡོ་ལང་ཀུན་རྫོབ་སོ། །ཡོངས་གྲུབ་ནི། སྐུ་བཞི་ཡེ་ཤེས་ཀྱི་ཡོ་ལང་བདེ་གཤེགས་སྙིང་པོ་དོན་དམ་མོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་དོན། ཀུན་གཞི་ཡེ་ཤེས་དེ་ཉིད། དེ་བཞིན་གཤེགས་པ་ཡང་ཡིན། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་པ་དེ་ནི་བདེ་གཤེགས་སྙིང་པོའོ། །ཤེས་རབ་སྙིང་པོ་དང་། བྱང་ཆུབ་སྙིང་པོ་དང་། སྙིང་རྗེའི་སྙིང་པོ་དང་། འཇིག་རྟེན་ལས་འདས་པའི་སྙིང་པོ་དང་། སྙིང་པོའི་དོན་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ལྟར་སྤྲུལ་སྐུའི་སྤྲུལ་སྒྱུར་སྣ་ཚོགས་པ་ནི། དཔལ་ལྡན་རྒྱུད་ལས། སངས་རྒྱས་རྣམས་ཀྱི་སའང་རྟོགས་བྱ་ཡིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱཻད་རྒྱལ་བྱིན་འདྲ་བ་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ། འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བའོ། །ཞེས་པ་དང་། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། སྤྲུལ་པའི་སྐུ་སྟེ་སྐུའི་མཆོག །ཅེས་པའི་དོན་ནོ། །དེ་ལྟར་དོན་དམ་པའི་སྤྲུལ་པ་ཐམས་ཅད་ནི་ ཀུན་གཞི་ཡེ་ཤེས་ཀྱི་རྣམ ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། སྤྲུལ་པའི་གདངས་ཆེན་པོ། སྤྲུལ་པའི་ཀློང་ཆེན་པོ། སྤྲུལ་པའི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ།། །།
རང་བྱུང་གི་ཡེ་ཤེས་རྣམས་ངོ་སྤྲད་པ།
གསུམ་པ་རང་བྱུང་གི་ཡེ་ཤེས་རྣམས་ངོ་སྤྲད་པ་ནི། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་སྐུ་སྟེ་རང་བྱུང་པ། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཡེ་ཤེས་སྣང་བ་ལམ་མེ་བ། ཞེས་པའི་དོན། ཀུན་བཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དོན་དམ་གྱི་སངས་ཡེ་ཤེས་ལྔ་ཡིན་ལ། དེ་ཡང་དོན་དམ་གྱི་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་ལ་སོགས་པ་ཡེ་ཤེས་ལྔ་ཡིན་ཞིང་། དེ་ཡང་ཐབས་ཤེས་ཀྱིས་ཕྱེ་བ་ཡེ་ཤེས་བཅུ་ལ་སོགས་པ་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་སོ། །སངས་རྒྱས་སའི་མདོ་ལས། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ལ་བཀའ་སྩལ་པ། ཤིན་ཏུ་འདུས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིའོ། །ཞེས་པ་དང་། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་ལྔ་ནས། མེ་ལོང་མཉམ་ཉིད་ཡེ་ཤེས་དང་། །གསུམ་པ་སོ་སོར་རྟོགས་པ་སྟེ། །བྱ་བ་བསྒྲུབས་པར་བྱེད་པ་གཞན། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ལྔ་པ་སྟོང་པ་དེ། །ཡེ་ཤེས་ལྔ་པོ་རྣམ་དག་པ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། ། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་གསུངས་པའོ། །ཀུན་གཞི ་ཡེ་ཤེས་ལྔ་པོ་འདི་ཉིད། མདོ་སྔགས་ཐམས་ཅད་ཀྱི་ངེས་པའི་དོན་ཡིན་ལ། ལྔ་པོ་འདི་ཉིད་ཁོ་ན་འཇམ་དཔལ་མཚན་བརྗོད་དུ་སྟན་ཅིང་། དུས་འཁོར་མི་ཤེས་ན་མཚན་བརྗོད་ཀྱི་དོན་མི་ཤེས་པ་ལ་སོགས་པ། དྲི་མེད་འོད་ལས། གང་གིས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་པ་སྟེ། དེ་ནས་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པས་ཡང་དག་པར་སྟན་ནོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ཀྱི་བླ་མ་དམ་པ་རྣམས་ཀྱིས་སྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་པ་དང་། ཉན་ཐོས་དང་ཕ་རོལ་ཕྱིན་པ་དང་། སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་སྟན་ནོ། །འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། །རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་པ་དང་། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་ནི་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་བཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་སྟན་ནོ། །དེ་ལ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། ཞེས་པ་ལ་སོགས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་མཐར་ཐུག་པ་ནི་གསོལ་བ་འདེབས་པའི་ཚིག་སུ་བཅད་པ་བཅུ་དྲུག་གོ །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་པ་ལ་སོགས་པ་ནས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། ཞེས་པའི་མཐར་ཐུག་པ་ནི་ལན་གསུངས་པའི་ཚིགས་སུ་བཅད་པ་དྲུག་གོ །སླར་ཡང་། དེ་ནས་བཅོམ་ལྡན་ཞེས་པ་ལ་སོགས་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། ཞེས་པའི་མཐར་ཐུག་པ་ནི་རིགས་དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། ཞེས་པ་ལ་སོགས་པ་ནས། ཨ་ར་པ་ཙ་ན་ཡ་ཏེ་ན་མ། ཞེས་པའི་མཐར་ཐུག་པ་ནི་སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པར་རྫོགས་པར་བྱང་ཆུབ་པའི་ཚིགས་སུ་བཅད་པ་གསུམ་མོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ལ་སོགས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་མཐར་ཐུག་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ཚིགས་སུ་བཅད་པ་བཞིའོ། །སངས་རྒྱས་སྣང་མཛད་ཆེ་ཞེས་པ་ལ་སོགས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། ཞེས་པའི་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་བསྟོད་པ་རྐང་པས་དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་པ་ལ་སོགས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་མཐར་ཐུག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་རྐང་པས་ལྷག་པའི་ཚིགས་སུ་བཅད་པ་བཅུའོ། །ཡང་དག་བདག་མེད་དེ་བཞིན་ཉིད། ཅེས་པ་ལ་སོགས་པ་ནས། ཡེ་ཤེས་མི་ཅེ་འོད་རབ་གསལ་ཞེས་པའི་མཐར་ཐུག་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་སོ། །འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་པ་ལ་སོགས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་མཐར་ཐུག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། ཞེས་པ་ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་མཐར་ཐུག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཅོ་ལྔའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་པ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་པ་ནི། དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔ་སྟེ། ཚིགས་སུ་བཅད་པ་བརྒྱ་དྲུག་བཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་འདི་རྣམས་ལས་བྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ། ཀུན་ཏུ་བཟང་པོ། མཆོག་ཏུ་བཟང་པོ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། ཀུན་ནས་སྣང་བར་བྱེད་པ། རྣམ་པ་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་གཞན་གྱིས་འོད་གསལ་བ། ཐོག་མ་དང་ཐ་མ་མེད་པའི་བདག་དང་། བདག་གི་བཟུང་བ་དང་། འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ། དུས་ཐམས་ཅད་པ། ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ། འགྲོ་བ་དང་འོང་བ་དང་བྲལ་བ། སྤྲོས་པ་མེད་པའི་ངོ་བོ། རང་གི་ངང་གིས་འཇུག་ཅིང་འཕེལ་པའི་ཏིང་ངེ་འཛིན་དང་། གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། སེམས་ཅན་ཀྱི་ཕུང་པོ་ཆེན་པོ། མཆོག་ཏུ་ཞི་བར་མཛད་པ། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། གཟུགས་སྙན་ལྟ་བུ། སྒྲ་སྙན་ལྟ་བུས་ཡང་དག་པར་སྡུས་པ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་ཡེ་ཤེས་རང་རིག་པར་བྱ་བ། མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་འདོར་བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། །དེ་ལྟ་བས་ན་མདོ་རྒྱུད་ཐམས་ཅད་ཀྱི་མཐར་ཐུགས་གི་ངེས་དོན། ཀུན་གཞི་ཡེ་ཤེས་ལྔ་པོ་དེ་ཉིད་མཚན་བརྗོད་འདིར། གཙུག་ཏོར་གྱི་རིགས་དྲུག་དང་སྒྱུ་འཕྲུལ་དྲྭ་བ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། ཡེ་ཤེས་དང་། རྒྱལ་བ་ལྔའི་ཡེ་ཤེས་ལ་བསྟོད་པའི་སྒོ་ནས་གླུར་བླངས་པ་ནི། ཐེག་པ་ཐམས་ཅད་ཀྱི་སྙིང་པོ་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ། མདོ་སྔགས་ཐམས་ཅད་ཀྱི་མཐར་ཐུག་པ། ཐར་པ་འདོད་པ་རྣམས་ཀྱི་དོན་གཉེར་བྱ་ཡང་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་སྟན་པ་ཡིན་ནོ། །དེ་ཡང་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཡོན་ཏན་མཐའ་ཡས་པའི་ངོ་བོ་ཡིན་པའི་ཕྱིར། ཡོན་ཏན་སྣ་ཚོགས་པ་གང་དང་གང་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེང་དེའི་ཆ་ནས་མིང་སྣ་ཚོགས་ཀྱིས་སྟན་པ་ནི་དོན་དམ་པ་ཁོ་ནའི་མཚན་ཡང་དག་པར་བརྗོད་པ་ཡིན་ནོ། །ཇི་སྲིད་ ཀུན་གཞི་རྣམ་ཤེས ་ཡོད་པ་དེ་སྲིད་དུ་ ཀུན་གཞི་རྣམ་ཤེས ་ཀྱིས་ཕྱོགས་རིས་སུ་བཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་ཡེ་ཤེས་ཀྱང་ཐ་དད་སྟེ། དཔེར་ན་ནམ་མཁའ་ལ་བྱེ་བྲག་མེད་ཀྱང་། རྫའི་སྣོད་ཀྱི་ནམ་མཁའ་དང་། ཟངས་ཀྱི་སྣོད་ཀྱི་ནམ་མཁའ་དང་། གསེར་གྱི་སྣོད་ཀྱི་ནམ་མཁའ་ཞེས་པ་བཞིན་ནོ། །གང་གི་ཚེ་སྒྲིབ་གཉིས་ཀྱི་ས་བོན་ ཀུན་གཞི་རྣམ་ཤེས ་འགགས་ནས་སངས་རྒྱས་པ་དེའི་ཚེ་ཆུ་བྲན་ཐམས་ཅད་རྒྱ་མཚོར་སོང་ན་གཅིག་པ་བཞིན་དུ། ཀུན་གཞི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འགྱུར་ཏེ། མདོ་སྡེ་བརྒྱན་ལས། ཀླུང་དག་པའི་འོག་ཏུ་མ་སོང་པ། གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། རྒྱ་མཚོར་སོང་པར་ཐམས་ཅད་ཀྱང་། གནས་རྣམས་གཅིག་ཅིང་ཆུང་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཚེ། སངས་རྒྱས་ཉིད་དུ་མ་བཞུགས་སྟན་པ་རྣམས། རྟེན་ཡང་ཐ་དད་བློ་གྲོས་ཐ་དད་ཅིང་། རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། སངས་རྒྱས་ཉིད་དུ་བཞུགས་ན་དེ་དག་ཀུན། རྟེན་ཡང་ཅིག་ཅིང་རྟོགས་པ་ཆེ་ལ་གཅིིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང་། སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། ཞེས་གསུངས་པའི་དོན་ནོ། །དེས་ན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཀུན་གཞི་རྣམ་ཤེས ་ཀྱི་ལྷག་མ་མ་རིག་བག་ཆགས་ཀྱི་སའི་རྐྱེན་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་ཚོགས་ནས་ཡིད་ཀྱི་རང་བཞན་གྱི་ལུས་མི་གཅིག་པ་སྣ་ཚོགས་པ་བསམས་བཞིན་དུ་སྐྱེ་བ་ལེན་ནོ། །གཅིག་སངས་རྒྱས་པ་དེའི་ཚེ་དེ་ཉིད་དེ་བཞིན་གཤེགས་པ་གཤེགས་མ་ཐམས་ཅད་ཡིན་ཏེ། དངོས་གཅིག་དངོས་ཀུན་གྱི་ངོ་བོ་ཉིད། དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། ཞེས་པའི་དོན་ནོ། །དེ་ལྟར་རང་བྱུང་ཡེ་ཤེས་ཆེན་པོའི་རྣམ་པར་འཕྲུལ་པ་ཐམས་ཅད་ནི་ ཀུན་གཞི་ཡེ་ཤེས་ཀྱི་རྣམ ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། རང་བྱུང་ཡེ་ཤེས་ཆེན་པོའི་གདངས་ཆེན་པོ། རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་ཆེན་པོ། རང་བྱུང་ཡེ་ཤེས་ཆེན་པོའི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་ཀྱི་སེམས་སུ་ངོ་སྤྲད་པར་བྱའོ།། །།