Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དགུ་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་བཤད་པ།
   
   
   
   


 
previousལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་བཤད་པ།next

ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་བཤད་པ།


DTG039_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ལ་སོགས་པའི་ལས་རྫོགས་པའི་དོན་དུ་བརྗོད་མ་ཐག་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་གསུངས་ནས་སྔགས་དགོད་པའི་ཕྱིར། དེ་ནས་ཞེས་བྱ་བ་


DTG039_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་རྡོ་རྗེ་འཛིན་པ་ཆེན་པོ་དེ་སྐྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་པོ་ཞེས་བྱ་བ་སྟེ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཞི་བ་ཞེས་བྱ་བ་ནི་རིམས་ལ་སོགས་པ་ཞི་བའོ། །དམ་ཚིག་ནི་རྒྱུའོ། །དེ་ལ་མཆོག་ནི་གཙོ་བོ་སྟེ་སྤྱན་གྱི་སྔགས་སོ། །དེ་ལ་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་སྤྱན་གྱི་སྔགས་གསུངས་པའི་རྣམ་པར་ཐུགས་རྩེ་གཅིག་པ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དེ་མངོན་དུ་བྱས་ནས་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྙིང་རྗེའི་ངོ་བོ་འཛིན་པས་སྤྱན་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་དང་སྙོམས་པར་འཇུག་པས་གནས་པའི་ཕྱིར་དེ་སྐད་གསུངས་པ་མ་ཡིན་ཏེ། བསམ་གཏན་གྱི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་དང་སྤྱན་དག་གཉིས་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཕྱི་མ་དག་ལ་ཡང་ཅི་རིགས་པར་བཤད་པར་བྱའོ། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་སྤྱན་གྱི་རྣམ་པར་མངོན་དུ་བྱེད་པས་སོ། །དྲག་ཤུལ་བསྒྲུབ་པ་ལ་མངོན་སྤྱོད་བྱེད་པས་སངས་རྒྱས་རྣམས་ལ་འགྱོད་པ་བསལ་བའི་ཕྱིར། །རྣལ་འབྱོར་བ་འདིས་ཞི་བའི་ཕྱིར་གསུངས་པ། སངས་རྒྱས་ཀུན་གྱི་ཞིང་འབྱུང་བ། །ཞེས་སོ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཅིང༌། །ཞེས་བྱ་བ་ནི་བསམ་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་འདི་ཉིད་ཀྱིས་རྒྱས་པ་ལ་སོགས་པའི་ལས་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཤི་བ་སོས་པར་བྱེད་པར་གསུངས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་གྱིས་བརྟན་པར་བྱས་པའི་སེམས་དང༌། རིག་པ་བཟླས་པས་ཀྱང་ཇི་ལྟ་བ་བཞིན་སྤྱན་གྱི་སྦྱོར་བ་བྱས་ནས་རང་གི་སྙིང་ག་ལས་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་ནས་ཤི་བ་གཞན་དུ་སོང་བའི་རྣམ་པར་ཤེས་པ་ཤི་བའི་རྣམ་པའི་རྗེས་སུ་བྱེད་པ་བསལ་བའི་ནོར་བུ་དམར་པོའི་འོད་ཅན་ནམ་ཨའི་རྣམ་པའི་གཟུགས་བཀུག་ནས་དེའི་སྙིང་གར་གཞུག་པར་བྱའོ། །དེ་ཡང་གསུངས་པ།


DTG039_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནི་སེམས་ཅན་ཐམས་ཅད་ཀྱི། །རྟག་ཏུ་སྲོག་གྱུར་རང་ཕྱག་རྒྱ། །ཡང་དག་བཟུང་ནས་ཡང་དག་བཅིང༌། །སྲོག་ནི་བསྲུང་བའི་རྒྱུ་ཡི་ཕྱིར། །ཞེས་སོ། །དེ་ལ་མོ་ཧ་ར་ཏི་སྙིང་གར་བཀོད་ལ་དེའི་འོད་ཟེར་རྣམས་ཀྱིས་དེའི་ལུས་མི་སྣང་བར་བྱས་ནས་དེའི་མིང་གི་ཡི་གེ་དང་པོ་ཙམ་འོད་ཟེར་དང་བཅས་ཏེ་ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་གཞུག་པར་བྱ་སྟེ། སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པ་བསྒོམས་ནས་ཇི་ལྟ་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ནས་སྤྱན་གྱི་སྔགས་ཀྱིས་རྟག་ཏུ་དེའི་ལུས་པོ་ཁྱབ་པར་བྱའོ།། སྔགས་དེ་ཉིད་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ནས་བཟླས་སོ། །སྔོན་བཞིན་དུ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་བྱས་ན་ཤི་བ་ཡང་སླར་རབ་ཏུ་སོས་པར་འགྱུར་རོ། །གང་གི་ཚེ་འཆི་འདོད་པའི་སྲོག་སྲུང་བར་འདོད་པ་དེའི་ཚེ་འཆི་བར་འདོད་པའི་སྙིང་གའི་པདྨ་ལ་མིང་གི་ཡི་གེའམ་ཡི་གེ་ཨ་བལྟས་ཤིང་པདྨ་བཙུམས་ལ་ཞགས་པས་བཅིང་བར་བྱའོ། །ཡང་ན། རྡོ་རྗེ་ཁ་སྦྱར་ལྟེ་གནས་པའི། །ཨ་ཡིག་གསེར་གྱི་མདོག་ཅན་ནི། །སྙིང་གར་བསམས་ནས་ལོགས་གཉིས་དག །ཞགས་པ་དག་གིས་བཅིང་པར་བྱ། །དེ་ནས་འདིར་རྒྱས་པར་འདོད་ན་དེའི་ཚེ་སྙིང་གའི་པདྨར་ཡི་གེ་བཾ་ཁ་དོག་སེར་པོ་བདུད་རྩི་འཛག་པ་ཁ་ཐུར་དུ་བལྟས་པ་བསྒོམས་ནས་ལྟེ་བའི་གནས་སུ་ཡང་ཨ་ཡིག་པདྨ་ཁ་སྦྱར་གྱི་ནང་དུ་བདུད་རྩི་དང་བཅས་པ་བསྒོམ་པར་བྱའོ། །ཡང་ན་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་ཙནྡན་དཀར་པོས་རྡོ་རྗེ་ལ་འདབ་མ་བརྒྱད་པའི་པདྨ་བྲི་བར་བྱས་ནས། དེའི་ཟེ་འབྲུལ་ལ་ཧཱུཾ་གི་ཡི་གེའི་མགོ་བོ་ལ་བསྒྲུབ་བྱའི་མིང་དང་སྤེལ་ནས་རྣམ་པར་སྣང་མཛད་ཀྱི་གདོན་པའི་སྔགས་ཀྱིས་བསྐོར་བར་བྱའོ། །པདྨའི་འདབ་མ་ལ་ཡང་སྤྱན་གྱི་སྔགས་ཀྱིས་ཀྱང་བསྐོར་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་དགུག་པར་བྱས་ནས་ནད་པའི་མགོ་བའི་སྔགས་སུ་ཙནྡན་གྱིས་བྱུགས་པའི་ས་ལ་ཁམ་ཕོར་ཁ་སྦྱར་གཞག་སྟེ། མེ་ཏོག་དཀར་པོས་མཆོད་པར་བྱའོ། །རང་གིས་དེ་ལ་དབང་བསྐུར་བར་བསྒོམས་ནས་དེའི་མིང་དང་སྤེལ་བའི་སྤྱན་གྱི་སྔགས་ཁྲི་ཕྲག་གཅིག་བཟླས་སོ། །རྡོ་རྗེ་དམ་ཚིག་


DTG039_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མཛད་མ། །ཞེས་བྱ་བ་ནི་ཁུ་བར་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོའི་གཟུགས་ཡོངས་སུ་གཟུང་བའི་ཆེད་དུ་བསྐུལ་བ་ཞེས་བྱ་བའི་དོན་ཏོ། །བསྲུང་བའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་ནི་མི་བསྐྱོད་པའོ། །སྤྱོས་ནས་ཚར་བཅད་པས་འདུལ་བའི་ཆེད་དང་ཆོས་ཀྱི་སྐུ་ལ་སོགས་པ་རྫོགས་པའི་རྒྱུའི་ཕྱིར་རོ། །དེ་ཉིད་དངོས་པོ་ནི་གཟུང་བ་ལ་སོགས་པ་བརྟག་པའི་གཟུགས་རྣམས་སོ། །དེ་ཁོ་ན་ཉིད་ཀྱིས་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་དམ་ཚིག་རྡོ་རྗེ་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འདིའི་བྱ་བ་གསུངས་པ། །སྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དུ་སྲུང་བའི་ནི་གང་གིས་ཀྱང་གཞོམ་པར་མི་ནུས་པ་ཞེས་བྱ་བའི་དོན་ཏོ་།འདི་སྐད་གསུངས་པ་ཡིན་ཏེ། ལ་ལ་དག་མི་མ་ཡིན་པ་ལ་སོགས་པས་འཇིགས་པ་ལ་རང་གི་ལྷའི་སྦྱོར་བའི་བདག་ཉིད་ཀྱིས་མགོ་ལ་གྱེན་དུ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བ་ལ་མཱ་མ་ཀཱི་གནས་པར་བསྒོམ་པར་བྱ་སྟེ། མཱ་མ་ཀཱིའི་སྙིང་གའི་ཡེ་ཤེས་ཀྱི་ལྷ་མོའི་སྙིང་གའི་མཚན་མ་ལ་གནས་པ་རང་གི་ཕྲེང་བའི་སྔགས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་རྣམས་ཀྱིས་རྐང་པའི་མཐར་གོ་ཆ་བགོས་པར་བདག་ཉིད་བསྒོམས་ནས་དེ་ལྟར་གང་གིས་ཀྱང་གཞོམ་པར་མི་ནུས་པར་སྲུང་བར་འགྱུར་རོ། །རྒྱས་པའི་དབང་དུ་བྱས་ནས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོའི་དམ་ཚིག་ཅེས་བྱ་བ་ནི་གོས་དཀར་མོའོ། །དེ་གཟིགས་པ་ཞེས་བྱ་བ་ནི་ཡུལ་དུ་བྱེད་པ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་ཅེས་བྱ་བའི་དོན་ཏོ། །ཆོས་རྒྱས་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་གོས་དཀར་མོའི་རྣལ་འབྱོར་བྱས་ནས་ཆོས་ཐམས་ཅད་སྨོན་པ་མེད་པའོ་ཞེས་ཡིད་ལ་བྱས། སྔར་གྱི་བཞིན་དུ་རྒྱས་པའི་ཆོ་གས་དབང་བསྐུར་བ་ལ་སོགས་པ་བདག་དང་གཞན་ལ་བྱའོ། །དེ་ལྟར་ཡང་མ་ལུས་པའི་དགེ་བའི་རྩ་བའི་ཆོས་རྣམས་འཕེལ་བར་འགྱུར་བ་དང༌། ཇི་སྲིད་དུ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་


DTG039_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐོབ་པའོ། །དེ་བཞིན་དུ་བསམ་པའི་ཁྱད་པར་ལས་ཤིན་ཏུ་རིང་བ་ནི། །སྟོབས་དང༌། ཕོངས་པ་རྣམས་ནི་ནོར་འཕེལ་བར་བྱེད་པའོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སྒོམ་པ་དང་ལྷན་ཅིག་ཡང་དུ་སྔགས་བཟླས་པས་ཏེ་ཕྱི་རོལ་གྱི་ཆོ་ག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དབང་དུ་བྱེད་པའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ལས་སྣ་ཚོགས་བྱེད་པའི་ཕྱིར་དོན་ཡོད་གྲུབ་པ་སྟེ། དེ་ཉིད་སྙིང་རྗེའི་དབང་གིས་སྒྲོལ་མ་ལ་སོགས་པའི་གཟུགས་སུ་མི་ཕྱེད་པ་གང་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །བྲན་བཞིན་དུ་བྱེད་ཅེས་བྱ་བ་ནི་ཐམས་ཅད་ཀྱང་ཞི་བ་བཞིན་དུ་བལྟ་བར་བྱའོ། །འོན་ཀྱང་ཁྱད་པར་ནི་ཇི་ལྟ་བ་བཞིན་དུ་ཁ་དོག་དམར་པོ་དང་བཅས་པ་སྒྲོལ་མའི་སྦྱོར་བ་བྱས་ནས་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བ་དམར་པོ་ལས་མགོ་གྱེན་དུ་བསྟན་པ་སྔགས་ཀྱི་ཕྲེང་བ་དམར་པོས་སྙིང་གའི་ས་བོན་ལ་བསྐོར་བ་བཀོད་ནས་དེའི་འོད་ཟེར་དམར་པོ་རྣམས་དང༌། རང་གི་མཚན་མ་ལ་སོགས་པའི་འོད་ཟེར་གྱིས་སྐྱེས་བུའི་སྙིང་གའི་པདྨ་དམར་པོའམ་བུད་མེད་ཀྱི་པདྨ་དམར་པོའི་ལྟེ་བ་ལ་བསྐུལ་ཏེ། རང་གི་སྙིང་ག་ནས་པདྨའི་ལམ་དུ་བྱུང་བའི་སྔགས་ཀྱི་ཕྲེང་བ་ཁར་གཞུག་པར་བྱ་སྟེ། དེའི་སེམས་ཟླ་བའི་དཀྱིལ་འཁོར་དམར་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་བླངས་ནས་འོངས་ཏེ། །ཡེ་ཤེས་ཀྱི་ལྷ་མོའི་པདྨ་ལ་ཞུགས་ནས་སྙིང་གར་འོངས་ཏེ། རང་གི་སྙིང་གའི་ཟླ་བ་དང་གཉིས་སུ་མེད་པའི་བྱས་ནས་བཟླས་བརྗོད་བྱེད་ཅིང་བསྒྲུབ་བྱ་སྒྲུབ་པ་པོ་ཡི་རྐང་པའི་དྲུང་དུ་ལྷུང་ནས་བཀའ་ནོད་པར་བསྒོམ་པར་བྱ་སྟེ་ཉི་མ་བདུན་པ་གསུམ་དུ་བཟླས་པས་དེ་ངེས་པར་དབང་དུ་འགྱུར་རོ། །ཡང་ན་མདའ་འཛིན་མའི་ལྷའི་སྦྱོར་བས་ལས་འདི་བྱ་སྟེ། དེའི་ཚེ་བསྐུལ་བའི་ཚིག་དང་ལྡན་པས་རང་གི་སྔགས་ཀྱི་མཐར་ཧོ་འདོན་པ་ན་འཇིགས་པ་དང་བཅས་པས་བཀའ་དོན་དུ་གཉེར་བ་ལྷུར་བྱེད་པ་བསྒྲུབ་བྱའི་སྙིང་གའམ། པདྨ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ཨུཏྤལ་དམར་པོ་དང་འདྲ་བའི་མདས་ཡང་དང་ཡང་དུ་བརྡེག་ཅིང་བཟླས་ན་དབང་དུ་འགྱུར་རོ། །དེ་ནས་གཞན་གྱིས་བྱས་ཏེ། གཞན་དབང་དུ་བྱེད་པར་འདོད་ན། ཡང་


DTG039_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དབང་དོན་དུ་གཉེར་བས་བཅུ་གསུམ་པ་ལས་གསུངས་པ། དབང་དུ་བྱེད་པའི་ཆོ་གས་དབང་བསྐུར་བ་བྱས་ནས་འདིར་གསུངས་པའི་དབང་དུ་བྱེད་པའི་ཆོ་གས་བྱ་བ་བཞིན་དུ་བསྒོམ་པར་བྱའོ། །རང་ཡང་སྒྲོལ་མའི་རྣལ་འབྱོར་གྱིས་ཆེ་གེ་མོའི་དབང་དུ་ཆེ་གེ་མོ་གྱིས་ཤིག་ཅེས་བསྐུལ་བའི་ཚིག་དང་བཅས་པ་ཕྲེང་བའི་སྔགས་ཧོའི་མཐའ་ཅན་བཟླས་པར་བྱའོ། །ལས་ཐམས་ཅད་ལ་རྗེས་སུ་མཐུན་པ་སྔགས་ཀྱི་མཐར་ས་བོན་གཞན་བལྟ་བར་བྱའོ། །དེ་ཡང་གསུངས་པ། རྒྱས་ཞི་དབང་དང་དགུག་པ་དང༌། །དབྱེ་དང་བསྐྲད་དང་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ཧོཿཛཿཧཱུཾ་ཕཊ་ཕཊ་སྔགས་ཀྱི་མཐར་ནི་བསྐུལ་བ་ཡང་བྱའོ། །དགུག་པའི་དབང་དུ་བྱས་ནས་གསུངས་བ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་མེད་པའི་འོད་ཟེར་ནི་རྣམ་པར་སྣང་མཛད་དོ། །དེ་ཉིད་སྤྲིན་རྡོ་རྗེ་སྟེ་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་གྱུར་པའོ། །གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐོད་པ་ཞེས་བྱ་བ་ལ་སོགས་པས་གོང་བུ་དགུག་པ་གསུངས་པ་ཡིན་ཏེ། དེ་ལ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་བྱས་པས། མཚན་ཐོབ་པའི་བསམ་པ་བརྟན་པོས་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས་སྒྲུབ་པའི་གྲོགས་མཆོག་གཞུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་བསྒྲུབས་པས། གལ་ཏེ་རིག་པའི་བརྟུལ་ཞུགས་ཀྱི་དོན་དུ་ལྷ་ལ་སོགས་པའི་བུ་མོ་དགུག་པར་འདོད་ན་དེའི་ཚེ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་གྱིས་ཆོ་ག་ཐམས་ཅད་བྱའོ། །མ་ཆག་པ་ཞེས་བྱ་བ་ནི་བུད་མེད་ཀྱི་ཐོད་པའོ། །ཐོད་པའི་མཚན་ཉིད་གསུངས་པ། གསེར་གྱི་སྒོ་དང་ཡང་དག་ལྡན། །མི་ཡི་མགོ་བོར་ཤེས་པར་བྱ། །བྲམ་ཟེ་ལ་སོགས་ཐོད་པ་ལ། །བུག་པ་རེ་རེ་ལྷག་པའོ། །དམན་པའི་རིགས་ཀྱི་ཐོད་པ་ལ། །རྣ་བའི་གོང་དུ་བུག་པ་ཅན། །རྒྱབ་ཏུ་བུག་པ་མ་ནིང་ལ། །བུད་མེད་རྟག་ཏུ་བུག་པ་མེད། །མཁས་དང་ཡེ་ཤེས་ཅན་གྱིས་ཤེས། །སྔགས་པ་རྣམས་ཀྱི་འང་དེ་བཞིན་དང༌། །མུ་ཏིག་ཕྲེང་འདྲིའི་རི་མོ་ནི། །དཔྲལ་བ་ནས་ནི་རྣ་ལྟག་བར། །ཞེས་གསུངས་སོ། །གཟུགས་མཛེས་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་དང་


DTG039_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྟེ། །དུམ་བུ་གཅིག་གཉིས་གསུམ་དང་བཞི། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་གདོང་ནི་དཀར་དམར་ཏེ། །ཅུང་ཟད་རིང་ལ་རབ་ཏུ་མཛེས། །པདྨ་པདྨ་དང་འདྲ་བ། །སེར་པོ་དེ་བཞིན་དཀར་དམར་རོ། །ཐོད་པ་བཟང་པོ་འདི་རྣམས་ལས། །ལྷག་མ་རྣམས་ནི་སྤང་བར་བྱ། །ཞེས་གསུངས་སོ། །ཡིད་དུ་འོང་བ་ལ་ཞེས་བྱ་བ་ནི། བསྟན་བཅོས་ལ་སོགས་བ་ལ་ཡང་མཁས་པ་རྣམས་ཏེ། དེ་ལྟ་བུའི་རྣམ་པའི་ཐོད་པ་བླངས་ནས་དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་བ་བྲི་བར་བྱའོ། །དེའི་ལྟེ་བ་ལ་བསྒྲུབ་པར་བྱ་བ་ཆེ་གེ་མོ་ཁུག་ཤིག་ཅེས་པ་བསྒྲུབ་བྱའི་མིང་དང་སྤེལ་བའི་ཡི་གེ་ཛའི་མཐའ་ཅན་གྱི་སྔགས་བསྒྲུབ་བྱའི་གཟུགས་བརྙན་བྱས་པའི་སྙིང་གར་གུར་ཀུམ་དང༌། གི་ཝང་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ་དགུག་པ་ལ་སོགས་པ་བྱས་ནས། ཧཱུཾ་གི་ཡི་གེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་པ་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབ་པ་གཡས་བརྐྱང་གཡོན་བསྐུམ་པས་དེའི་སྙིང་གར་བཞག་ནས་ཁྲོས་པའི་བསྐུལ་བའི་ཚིག་དང་བཅས་པས་སྔགས་བཟླས་པས་དགུག་པའི་ཚུལ་གྱིས་དལ་གྱིས་རྐང་པས་དགུག་པར་བྱའོ། །བསྒྲུབ་བྱ་ཡང་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཛྷེས་བཏེག་སྟེ་བསྐུལ་བར་བལྟས་ནས་རང་གི་སྙིང་ག་ལས་ཀྱང་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་ལ་ཇི་ལྟ་བ་བཞིན་དུ་བཀའ་བསྒོ་བ་བྱིན་ནས་དེ་དགུག་ཏུ་བཏང་ངོ༌། །དེས་ཀྱང་ཇི་ལྟ་བ་བཞིན་དུ་བཀུག་ནས་ངེས་པར་འོངས་པར་མོས་པར་བྱའོ། །འོངས་པ་དེ་དང་ཁྲོ་བོ་ལ་དྲི་བཟང་པོ་དང་བཅས་པའི་ཚུལ་ཡོན་ཆབ་སྦྱིན་ནོ།། དེ་ནས་དེ་བླངས་ནས་ཇི་ལྟར་འདོད་པ་རྫོགས་པར་བྱའོ། །མི་མོ་དགུག་པ་ནི། སྐྲ་གྲོལ་བ་ཅན་དང་གོས་མེད་པར་བསྒོམས་ནས་བྱ་བར་ལ་ལ་དག་ཁྱད་པར་རོ་ཟེར་རོ། །སྐྱེས་བུ་དགུག་པར་འདོད་ན་སྐྱེས་པའི་ཐོད་པ་ལ་གཡོན་བརྐྱང་བ་གཡས་ཀྱིས་མནན་ནས་ཐམས་ཅད་འདིར་བྱའོ་ཞེས་བྱ་བ་ནི་ཁྱད་བར་རོ། །དེ་ནས་དགོངས་པ་ལས་ངེས་པར་བསྟན་པ་བུ་མོ་སྒྲུབ་པའི་ཆོ་ག་འདིའི་མན་ངག་བཤད་པ་ཀ་ནི་བདེ་བའོ། །པཱ་ལ་ཞེས་བྱ་བ་ནི་སྐྱོང་བའི་ཕྱིར་ཀ་པཱ་ལ་སྟེ། བུ་མོའི་གཟུགས་སོ། །མ་ཆག་མ་གས་ཞེས་བྱ་བ་ནི། སྐྱེས་པ་དང་མ་ཕྲད་པ་སྟེ་གཞོན་ནུ་མ་ཞེས་པའི་


DTG039_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུའོ། །གཟུགས་མཛེས་ཞེས་བྱ་བ་ནི་བུད་མེད་ཀྱི་མཚན་ཉིད་ཐམས་ཅད་རྫོགས་པར་མཛེས་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་ཤེས་པའོ། །རྐང་པས་མནན་པའི་ཚུལ་བྱས་ན། །ཞེས་བྱ་བ་ནི་འདི་སྐད་གསུངས་ཏེ། དེ་ལྟར་ཡོན་ཏན་ཁྱད་པར་ཅན་བཟུང་ནས་མཉམ་བར་གཞག་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤྱན་ལ་སོགས་པའི་གཟུགས་ཀྱིས་རྫོགས་པར་བྱ་སྟེ་སྔར་གྱི་བཞིན་དུ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་སྔོན་དུ་སོང་བ་བསྒྲུབ་པའི་འཁོར་ལོའི་ལྕགས་ཀྱུས་ཡེ་ཤེས་ཀྱི་སྤྱན་མ་བཀུག་ནས་དེའི་ནང་དུ་གཞུག་པར་བྱའོ། །དེ་ལྟར་ན་རྐང་པས་གནོན་པ་སྟེ། དེའི་ཡེ་ཤེས་ཀྱིས་མནན་པ་ནི་བཀབ་པར་འགྱུར་ཏེ། སྤྱན་ལ་སོགས་པའི་གཟུགས་ཀྱིས་རྫོགས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པའི་གཟུགས་ཀྱིས་ཀྱང༌། གཞོན་ནུ་མའི་སྒྲུབ་པ་ཤེས་པར་བྱའོ། །བསྐྲད་པའི་ཆོ་གའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་འདའ་བ་ཉིད་ཀྱི་ཕྱིར་དང༌། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དམ་ཚིག་གི་འོད་ཟེར་ནི་མི་བསྐྱོད་པའོ། །དེ་ཉིད་གདུག་པ་ཐམས་ཅད་འདུལ་བའི་ཕྱིར་མཆོག་ནི་བདུད་རྩི་འཁྱིལ་པའི་ཁྲོ་བོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྔགས་རྣམས་ཀུན་གྱི་སྦྱོར་བ་དང༌། །ཞེས་བྱ་བ་ནི་ཞི་བ་དང༌། རྒྱས་པ་དང་དབང་དང་དགུག་པ་དང་མངོན་སྤྱོད་ཀྱི་ལས་རྣམས་ནི། འདི་ཉིད་ཀྱི་སྦྱོར་བའི་བསམ་པའི་བྱེ་བྲག་གིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་བཞིན་དུ་སྐྲོད་པ་ཞེས་བྱ་བ་ལ། ཆོ་ག་ནི་འདི་ཡིན་ཏེ། བསྙེན་པ་བྱས་པ་སྔོན་དུ་སོང་བ་བདུད་རྩི་འཁྱིལ་པའི་སྦྱོར་པས་དུར་ཁྲོད་ཀྱི་མེ་ལ་མྱོས་བྱེད་ཀྱི་ཤིང་བསྲེགས་པའི་སོལ་བ་དང༌། དྲི་མ་དང༌། དུག་དང༌། ནིམ་པའི་ལོ་མ་རྣམས་བཏགས་ནས་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་ལྷན་ཅིག་ཏུ་བྱས་ནས་བྱ་རོག་ཆེན་པོའི་སྒྲོའི་སྨྱུ་གུས་རྒྱལ་མཚན་གྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་རྩི་བས་བརྒྱད་པའི་རལ་གྲིའི་འཁོར་ལོར་བྲིས་ནས་དེའི་ལྟེ་བ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་བསྒྲུབ་བྱའི་མིང་དང༌། སྤེལ་


DTG039_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔགས་བྲིས་ནས་རྫ་མཁན་གྱི་འཁོར་ལོའི་ལྟེ་བའི་འཇིམ་པ་དང༌། བསྒྲུབ་བྱའི་རྐང་པའི་རྡུལ་དང༌། ལམ་བཞི་མདོའི་འདག་པ་རྣམས་ཀྱིས་གཟུགས་བྱས་ནས་དེའི་སྙིང་གར་གཞུག་པར་བྱའོ། །དེ་ནས་ཐོད་པའི་ནང་དུ་བཅུག་ལ་དགུག་པ་སྔོན་དུ་སོང་བས་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས། མ་མོའི་ཁང་པ་དང༌། ལམ་བཞི་མདོ་དང་དུར་ཁྲོད་དུ་སྦ་བར་བྱའོ། །བསྒྲུབ་པར་བྱ་བ་ཡང་ཇི་ལྟ་བའི་གནས་སུ་བཞག་སྟེ་ཡི་གེ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་ལ་གནས་པ་རྔ་མོ་ལ་ཞོན་པ། རྒྱབ་ནས་ལག་ནས་དབྱུག་ཏོ་ཐོགས་པའི་སྐྱེས་བུས་ལྷོ་ཕྱོགས་སུ་བདས་པར་བསྒོམས་ན་ངེས་པར་བསྐྲད་པར་འགྱུར་རོ། །སངས་རྒྱས་དག་གི་དཔུང་དག་ཀྱང༌། །ཞེས་པ་ནི་སངས་རྒྱས་ཀྱི་རྣལ་འབྱོར་པའི་ཚོགས་དག་ཀྱང་ཞེས་བྱ་བའི་དོན་ཏོ། །འབྱུང་པོ་ཚར་བཅད་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ་དགའ་བ་རྒྱས་པར་བྱེད་པ་ནི་རིན་པོ་ཆེ་སྟེ་ཡེ་ཤེས་ལྔའི་བདག་ཉིད་ནི་རྡོ་རྗེའོ། །དེ་ཉིད་རྟོག་སྟེ་གང་ལ་མི་བསྐྱོད་པའི་མཚན་མ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་ཉིད་རྡོ་རྗེ་འོད་ཟེར་རྣམས་ཏེ། །གཞན་གྱིས་མི་ཐུབ་པའི་ཁྲོ་བོའི་ངོ་བོ་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ལས་རྣམས་ཆོ་ག་བཞིན་དུ་བྱེད། །ཅེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ་སྲིན་པོ་ལ་སོགས་པས་བཟུང་བར་ཤེས་ནས། རང་གཞན་གྱི་མི་ཐུབ་པའི་རྣལ་འབྱོར་དུ་དམིགས་ཏེ། སྲུང་བ་ཡང་བྱས་ནས། དེའི་ཚེ་ཇི་ལྟ་བ་བཞིན་དུ་དེ་བཀུག་ནས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ་བཅིངས་ནས་ཆོ་ག་བཞིན་དུ་སྣ་ཚོགས་རྡོ་རྗེས་མནན་ནས་ཡི་གེ་ཧཱུཾ་ལས་བྱུང་བ་རྩེ་མོ་ལྔ་པའི་རྡོ་རྗེ་གཉིས་ཀྱིས་ལོགས་གཉིས་ནས་བཙིར་བར་བྱའོ། །ཤིན་ཏུ་འཇིགས་པའི་མེའི་དཀྱིལ་འཁོར་འཕྲོ་བ་དག་གིས་བསྒྲུབ་བྱའི་སྙིང་ག་དང་ལྐོག་མར་སྲེག་པར་བལྟའོ། །ཤིན་ཏུ་འབར་བ་དང་བཅས་པའི་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་དང་འདྲ་བ་ཡུངས་ཀར་གྱི་རྒྱལ་པོ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ངེས་པར་


DTG039_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་པའི་ལུས་སུ་བལྟས་ནས་ང་རྒྱལ་དང་ལྡན་པས་སྔགས་བཟླས་པ་སྔོན་དུ་སོང་བས་ངེས་པར་བརྡེགས་ན་གཏོང་བར་འགྱུར་རོ། །ལག་པ་གཉིས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒོམས་ནས་བཟུང་བའི་ལུས་ལ་སྲིན་པོ་ལ་སོགས་པ་བཀུག་ནས་རྡོ་རྗེ་གཉིས་ཀྱི་དབུས་སུ་བཅུག་སྟེ་དེའི་འོད་ཟེར་གྱིས་བསྲེག་པ་དང་ལྡན་པ་ཡང་ལག་པ་གཉིས་ཀར་སྦྱར་བས་ཤིན་ཏུ་མཉེ་ཞིང་སྔགས་བཟླས་སོ་ཞེས་ལ་ལ་དག་འདོད་དོ། །རྐང་པས་སམ་བྲང་གིས་ཀྱང་མཉེ་བར་བྱའོ་ཞེས་ལ་ལ་དག་འདོད་དོ། །ཡང་ན་དེ་ཉིད་ཀྱིས་དེ་འཛིན་པར་འདོད་ན་དེའི་ཆོ་དེ་ཉིད་ཀྱི་སྦྱོར་བ་ནག་པོས་ནག་པོའི་ཕྱོགས་དག་གིས་གང་ཡང་རུང་བའི་ཉི་མ་ལ་སོལ་བས་གཤེར་བའི་གོས་བགོས་ཏེ། ཤིན་ཏུ་ཁྲོ་བས་གསལ་ཤིང་གིས་ཕུག་པ་དང༌། མཚོན་གྱིས་བསད་པ་དང༌། དབྱངས་པའི་ཐོད་པ་ལ་དུར་ཁྲོད་ཀྱི་སོལ་བ་ལ་ཧཱུཾ་ལས་བྱུང་བ་ཤིན་ཏུ་རྣོ་བའི་མཆེ་བ་གཙིགས་པའི་ཐོད་པའི་རྒྱན་དང༌། ཁྲོ་བོ་དང་བཅས་པ་སྐྲ་གྱེན་དུ་འཁྱིལ་བ་ལག་པ་གཡས་པས་ཕྱར་ནས་གྲི་གུག་འཛིན་པ་ལག་པ་གཡོན་པས་མིའི་ཐོད་པ་དང་སྡིགས་མཛུབ་བྱེད་པ་བྲིས་ཏེ། དུར་ཁྲོད་ཀྱི་སོལ་བ་དང་རོ་བསྲེགས་པའི་ཐལ་བ་དང༌། བསྒྲུབ་བྱའི་རྐང་པའི་རྡུལ་དང༌། ལྷན་ཅིག་པའི་གཟུགས་བརྙན་གྱི་སྙིང་གར་སྔར་གྱི་བཞིན་དུ་སྔགས་ཏ་ལའི་ལོ་མ་ལ་བྲིས་ནས་གཞུག་སྟེ། དྲུག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པས་བྱུགས་པའི་གཟུགས་ཐོད་པ་གཉིས་པའི་ནང་དུ་གཞུག་པར་བྱའོ། །གཉིས་ཀ་ཡང་དགུག་པ་ལ་སོགས་པ་བྱས་ནས་བྲིས་པའི་ཐོད་པ་དེའི་སྟང་དུ་མགོ་ཐུར་དུ་བསྟན་ལ་དེ་ཟིན་པ་བསམ་པར་བྱའོ། །བསྒྲུབ་བྱ་སྲིན་པོ་དང་བཅས་པ་དེ། རྐང་པས་མནན་པར་བྱས་ལ་དུར་ཁྲོད་དུ་ནམ་ཕྱེད་ན་ཤིན་ཏུ་ཆེ་བའི་ང་རྒྱལ་བྱས་ནས་སྔགས་བཟླས་པར་བྱ་སྟེ། དེས་འདི་འཛིན་པར་འགྱུར་རོ། །འདི་ཉིད་ཀྱི་རབ་ཏུ་སྦྱོར་བས་རིམས་ལ་སོགས་པས་ཀྱང་འཛིན་པར་བྱེད་དོ། །དུག་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཚེ་དཔག་ཏུ་མེད་པ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་ལས་བྱུང་བ་ནི་རྟ་མགྲིན་ནོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་


DTG039_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་སྐད་ཅེས་བྱའོ། །ཡེ་ཤེས་རྒྱལ་པོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །ལས་ཐམས་ཅད་པ་ཉིད་ཡིན་ཡང༌། ལས་ཀྱི་གཙོ་བོ་རེ་ཞིག་གསུངས་པ་ནམ་མཁའི་དབྱིངས་ཞེས་བྱ་བ་ལ། སྨན་པའི་སྤྱོད་ཡུལ་མ་ཡིན་པའི་དུག་གི་ཁྱད་བར་ཉིད་ཧ་ལ་ཧ་ལའི་དུག་གོ ། དུག་རྣམས་ཐམས་ཅད་མེད་པར་བྱེད། །ཅེས་བྱ་བ་ལ་འདིའི་ཆོ་ག་ནི་ཇི་ལྟ་བ་བཞིན་དུ་རྟ་མགྲིན་གྱི་སྦྱོར་བ་དཀར་པོས་བྱས་ནས་དུག་སད་པར་བྱ་བའི་ཕྱིར་དུ་གསུངས་པ། བསྒྲུབ་བྱའི་སྙིང་གར་ཡི་གེ་ཧཱུཾ་ངམ་ཕྲེང་བའི་སྔགས་ཉི་མའི་དཀྱིལ་འཁོར་ལ་སྟེ་ཟླ་བ་ཞེས་བྱ་བར་ལ་ལ་དག་འདོད་དོ། །དེའི་སྟེང་དུ་གནས་པའི་ཧཱུཾ་དཀར་པོ་སྟེ་ཐུར་དུར་ཁ་ཅིག་ཟེར་རོ། །དེའི་འོད་ཟེར་རྣམས་ཀྱིས་དེར་ལུས་ལ་སོང་བའི་དུག་སྦར་ནས་ལག་པ་གཡོན་པ་ལའམ། ལ་ལ་དག་ལག་པ་གཡས་པ་ལ་ཞེས་འདོད་དོ། །ཡི་གེ་བཾ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་དེའི་དབུས་སུ། ཡི་གེ་ཧཱུཾ་དཀར་པོའི་འོད་ཟེར་དང་བཅས་པའི་བདུད་རྩི་འཛག་པར་བལྟ་བར་བྱའོ། །གཞན་ནི་ཟླ་བའི་འོད་ཟེར་གྱི་དབུས་སུ། ཨོཾ་ཧྲིཿཧཿཧཱུཾ་ཛཿཕུཿ་ཞེས་བྱ་བའི་སྔགས་འདི་བཀོད་པའམ། ཧའི་ཡི་གེ་བསྒོམ་ཞེས་ཉེ་བར་སྟོན་ཏོ། །དེ་ནས་ཕྲེང་བའི་སྔགས་སམ། ཨོཾ་ཧྲིཿ་ཧཿཧཱུཾ་ཛཿཕུཿ་ཞེས་བྱ་བའི་སྔགས་བརྗོད་ནས་ཉལ་བའི་མགོ་ནས་བརྩམས་ནས་རྐང་པའི་བར་དུ་བྱ་བ་པར་བྱ་སྟེ། དེ་ལ་ལག་པ་ལ་བཀོད་པའི་ས་བོན་གྱི་འོད་ཟེར་དག་གིས་དུག་གིས་བཟུང་བ་བསྡུས་ནས་ནག་པོའི་སྤྲོས་པས་དུག་གཞན་དུ་འཕོས་པ་ཉིད་ཀྱིས་དཀར་པོར་བསྒོམ་པར་བྱའོ། །ཡང་ན་དེ་ཉིད་ཀྱི་སྦྱོར་བས་དེའི་མིང་སྤང་ལེབ་དཀར་པོ་ལ་ཧཾ་དང་ས་སྤེལ་ནས་བྲིས་ཏེ། སོ་སོར་ཡི་གེ་རེ་རེ་ལ་ནང་དུ་བཅུག་ན་སྐད་ཅིག་གཅིག་གིས་དུག་མེད་པར་བྱེད་དོ། །ཡང་ན་མགོ་བོ་ལ་ཡི་གེ་ཧྲི་བཀོད་དེ་བདུད་རྩིའི་ཚོགས་ཀྱི་འོ་མ་སྦྲེངས་པས་ཁ་དོག་སྔོན་པོའི་དུག་མ་ལུས་པ་བཅོམ་ནས་བསྒྲུབ་པར་བྱ་བའི་ལུས་བལྟས་ནས་ཕྲེང་བའི་སྔགས་ཡང་དང་ཡང་བཟླས་ན་དུག་མེད་པར་འགྱུར་རོ། །རེངས་པར་བྱ་བའི་ཆེད་དུ་ཕྲེང་བའི་སྔགས་ཀྱི་ཡི་གེ་ཉིད་ཀྱིས་བཅིངས་ནས་མགོ་བོ་ལ་སོགས་བར་ཁ་དོག་སེར་པོ་དགོད་དོ། །ཕྲེང་བ་ལ་ནི་མེའི་ས་བོན་


DTG039_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱིས་ནང་དུ་ཟོས་པའི་གནས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཨོཾ་ནི་དང་པོ་ཚེག་དྲག་མཐའ། །ཧ་ཐའི་ཆོ་ག་བཞིན་དུ་སྦྱར། །དུག་ནི་འཆིང་བར་བྱེད་པ་སྟེ། །རྣལ་འབྱོར་པ་ཡིས་གཏང་ཡང་ངོ༌། །སྦྱར་བ་ལ་སོགས་པ་བསལ་བ་ལ་ཧའི་ཡི་གེ་བསྒོམ་མོ། །དེ་བཞིན་དུ་སྐྲངས་པ་དང༌། ཕོལ་མིག་དང༌། སྡོམ་གྱིས་བཟུང་བ་ལ་སོགས་པར་ཡང་ཤེས་པར་བྱའོ། །ཡང་དག་པར་བསམ་པར་རིག་པ་རྣམས་ཀྱིས་སྡིག་པ་ཆེན་པོ་བྱེད་པ་རྣམས་ཐབས་གཞན་གྱིས་བསྒྲུབ་པར་མི་ནུས་པ་གཞོམ་པའི་དོན་དུ་སྙིང་རྗེ་ཆེན་པོ་དང་ལྡན་པས་ཐམས་ཅད་དུ་གཞན་ལ་ཕན་པའི་བསམ་པས་བྱའོ་ཞེས་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་ནི་ཐམས་ཅད་འགྲུབ་པར་བྱེད་པ་འདི་ལས་གྲུབ་པ་སྟེ་འདིར་མི་བསྐྱོད་པའོ། །འབྱུང་བ་ནི་ལྟ་བ་ངན་པ་ལས་བྱུང་བ་སྟེ། འཇོམས་པའི་ཕྱིར་ཏོག་བཞིན་དུ་དབལ་གྱིས་དབྱུག་སྔོན་ཅན་ནོ། །དེ་ཉིད་མི་ཕྱེད་པ་ཉིད་ཀྱིས་ཞེས་འདི་གསུངས་པའི་དོན་ཏོ། །བཟླས་པས་ཞེས་བྱ་བ་ནི་སྔར་གྱི་བསྙེན་པའི་ཆོ་གས་འབུམ་བཟླས་པ་བྱས་པས་སོ། །བརྒྱ་རྩ་བརྒྱད་ཅེས་བྱ་བ་ནི་གསོད་པའི་དུས་སུའོ། །ཆོ་ག་ཚུལ་བཞིན་བསྐུལ་བ་ཞེས་བྱ་བ་ནི་འདི་སྐད་གསུངས་ཏེ། ཇི་ལྟ་བ་བཞིན་དུ་དབྱུག་པ་སྔོན་པོ་ཅན་གྱི་སྦྱོར་བ་དང་ལྡན་པས་དུག་དང་ཁྲག་དང་སྐེ་ཚེ་དང༌། རམས་དང་ཚྭ་དང༌། ཚ་བ་གསུམ་དང་ཨ་རི་ཏའི་ལོ་མའི་ཁུ་བ་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ་མིའི་རུས་པའི་སྨྱུ་གུས་སྣ་ཚོགས་རྡོ་རྗེའི་དབུས་སུ་གནས་པ་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་བྲིས་ནས་དུར་ཁྲོད་ཀྱི་སོལ་བ་དང༌། ཤ་ཆེན་དང༌། གྲོག་མཁར་གྱི་ས་དང༌། ཕུབ་མ་དང༌། བསྒྲུབ་བྱའི་རྐང་པའི་རྡུལ་དག་གིས་གཟུགས་བརྙན་བྱས་ལ་དེའི་སྙིང་གར་བྲིས་པའི་འཁྲུལ་འཁོར་བཅུག་ནས་དགུག་པ་ལ་སོགས་པ་སྔོན་དུ་སོང་བས་ཐོད་པ་ཁ་སྦྱར་བྱས་ལ་རྐང་པ་གཡོན་པས་མནན་པ་ཤིན་ཏུ་འཁྲུགས་པས་རུས་པ་དང་རྡོ་བ་དང༌། ཨ་རི་ཏའི་ལོ་མ་འཆའ་ཞིང་ཉི་མ་ཕྱེད་དམ་ནམ་ཕྱེད་ན་དུར་ཁྲོད་དུ་གནས་ཏེ། བསྐུལ་བའི་ཚིག་དང་བཅས་པ་ཁྲོ་བའི་ཚིག་གིས་


DTG039_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་པར་བྱའོ། །དེ་ལྟར་བྱས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །གལ་ཏེ་འདིས་ཤི་བར་མ་གྱུར་པ་དེའི་ཚེ། དུར་ཁྲོད་དུ་ཕྱིན་ནས་ནམ་ཕྱེད་ན་དུར་ཁྲོད་ཀྱི་ཐལ་བས་གྲུ་གསུམ་གྱི་མེ་ཐབ་བྱས་ནས། དེར་ཇི་ལྟར་རྙེད་པའི་ཤིང་ངམ། ནིམ་པ་ཀའི་ཤིང་རྣམས་ཀྱིས་མེ་རབ་ཏུ་སྦར་ཏེ། དགུག་པ་ལ་སོགས་པ་སྔོན་དུ་སོང་བ་དེའི་དབུས་སུ་ཞལ་འགྱུར་བ་ཁྲོ་བོའི་རྒྱལ་པོ་རྣམ་པར་བསམས་ནས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ནས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ཅིང་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་བ་དང་བཅས་པའི་སྔགས་འདོན་ཅིང་དེའི་ཞལ་དུ་ཁྲོ་བ་དང་བཅས་པའི་སྦྱིན་སྲེག་བྱས་ན་ངེས་པར་དེ་ཉིད་ཀྱི་ནུབ་མོར་དགྲ་འཆི་བར་འགྱུར་རོ། །གྲུབ་པ་གཉིས་མེད་སྦྱོར་བ་ཡིས། །འདིར་ནི་ཐམས་ཅད་ཉིད་དུ་དྲན། །དེ་ལྟར་དེ་ཉིད་ང་ཞེས་བྱ། །གང་གི་གྲུབ་བྱེད་དེ་ནི་བློ། །མོས་པ་གཙོ་བོར་བྱེད་པའི་ཕྱིར། །ཇི་བཞིན་འདི་ཀུན་ཐམས་ཅད་འདོད། །ཆད་པར་འགྱུར་བ་ཐམས་ཅད་དང༌། །རྣལ་འབྱོར་པ་ཡིས་མྱུར་དུ་འགྲུབ། །ཆར་བ་མི་འབབ་པ་ཡང་ཆར་པ་དབབ་པའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་བ་ལ། ཀུན་ནས་སྤྲིན་བཞིན་དུ་སྤྲིན་མི་བསྐྱོད་པའོ། །དེ་ལ་དཔལ་གང་གི་ཡིན་པ་སྟེ། ཀུན་ཏུ་སྤྲིན་གྱི་དཔལ་ནི་སྟོབས་པོ་ཆེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད། །ཅེས་བྱ་བ་ལ་འདིའི་ཆོ་ག་ནི་ཇི་ལྟ་བ་བཞིན་དུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའི་སྦྱོར་བས་མཚན་མ་མ་བྱུང་བའི་བར་དུ་སྔར་བསྙེན་པ་བྱས་པས་སེམས་བརྟན་པོའི་སྟོབས་པོ་ཆེའི་སྦྱོར་བས་སོ་མ་བཏང་བའི་ཁམ་ཕོར་ལ་རམས་ཀྱི་ཁུ་བས་རལ་གྲིའི་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲི་བར་བྱས་ནས་ཏེ། ལ་ལ་དག་རྩེ་མོ་ལྔ་པའི་རྡོ་རྗེའོ་ཞེས་ཟེར་རོ། །དེའི་སྟེང་དུ་རལ་པ་གཅིག་མའི་སྔགས་དུས་དང་རྗེས་སུ་མཐུན་པ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ནས་བྲི་བར་བྱའོ། །དེ་བཞིན་དུ་རྣམ་པར་རྒྱལ་བ་སྒྲུབ་པའི་རྒྱུད་ཆེན་པོ་ལས། དབྱར་ཟླ་ཐ་ཆུངས་སྟོབས་ཀྱི་རྒྱུ། །སྟོན་ཟླར་བ་དུང་སྐྱོང་ངོ༌། །


DTG039_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཟླ་འབྲིང་པོ་འཇོག་པོར་ཤེས། །སྟོན་ཟླ་ཐ་ཆུངས་ནོར་རྒྱས་སོ། །ཞེས་སོ། །འདི་ཉིད་དཔྱིད་ཟླ་ར་བ་ལ་སོགས་པ་རྣམས་ལ་གོ་རིམས་བཞིན་དུ་ཆར་པ་འབེབས་པར་འགྱུར་རོ། །དེ་ཉིད་དུ་གསུངས་སོ། །དེ་ལས་གཞན་པའི་ཁམ་ཕོར་སོ་མ་བཏང་བ་དང༌། དེ་ཁ་སྦྱར་ནས་སྲད་བུ་སྔོན་པོས་ཀུན་དུ་བཅིངས་ཏེ། །ཇི་ལྟ་བར་ནི་མདུང་ཅན་མ་བཀུག་ནས་མཆོད་དེ་བཀའ་བསྒོ་ལ་ཀླུ་ལ་སོགས་པས་བརླབས་པའི་ཆུ་མིག་ཏུ་གཞུག་པར་བྱའོ། །ཡང་ན་ཏ་ལའི་ལོ་མ་ལ་སྣག་ཚད་རྡོ་རྗེ་རྩེ་མོ་ལྔ་པ་སྔགས་ཀྱི་ཚིག་དང་བཅས་པ་བྲི་བར་བྱའོ། དེའི་རྡོ་རྗེ་ལ་མེ་འབར་བ་དང་འདྲ་བར་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས། རལ་པ་གཅིག་མ་འཆད་པར་འགྱུར་བའི་རྣམ་པ་ལྟ་བུ་ཀླུ་ཐམས་ཅད་ཤིན་ཏུ་བསྐྲད་པར་བསྒོམས་ཏེ། མཆོད་ནས་ཀྱེ་བཅོམ་ལྡན་འདས་མ་བདག་གིས་ཆེ་གེ་མོའི་དགོས་པ་མཛད་དུ་གསོལ་ཞེས་བཀའ་བསྒོ་བ་བྱིན་ལ་ཀླུའི་ཆུ་མིག་ཏུ་གཞུག་གོ །དེ་ནས་ཆར་པ་དབབ་པའི་ས་ལ་སྟོབས་པོ་ཆེའི་སྦྱོར་བ་བྱས་ནས་མེའི་དཀྱིལ་འཁོར་དེའི་དབུས་སུ་རླུང་གི་དཀྱིལ་འཁོར། དེའི་དབུས་སུ་ཆུའི་དཀྱིལ་འཁོར་བྲིས་ནས་དེ་ལ་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་ཆུའི་ལྷ་དཀར་པོ་གདེངས་ཀ་བདུན་གྱིས་བརྒྱན་པ་སྐྱེས་བུའི་གདོང་ཅན་རལ་གྲི་དང༌། ཀླུའི་ཞགས་པ་ལག་ན་ཐོགས་པའོ། །ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་ཕྱོགས་རྣམས་སུ་གོ་རིམས་བཞིན་དུ་མཐའ་ཡས་དང༌། ནོར་སྐྱོང་དང༌། འཇོག་པོ་དང༌། སྟོབས་ཀྱི་རྒྱུ་སྟེ། དེ་རྣམས་གོ་རིམས་བཞིན་དུ་ཨུཏྤལ་བཞིན་སྔོ་བསངས་ཏེ། དཀར་པོ་དང༌། དམར་པོ་དང༌། ནག་པོ་རྣམས་སོ། །མེའི་མཚམས་དང་བདེན་བྲལ་དང༌། རླུང་དང་དབང་ལྡན་གྱི་འདབ་མ་རྣམས་ལ་པདྨ་དང༌། པདྨ་ཆེན་པོ་དང༌། དུང་སྐྱོང་དང༌། རིགས་ལྡན་རྣམས་དཀར་པོ་དང༌། སེར་སྐྱ་དང་སེར་པོ་དང༌། ཁ་དོག་སྣ་ཚོགས་རྣམས་བྲི་བར་བྱའོ། དེ་ནས་ཡི་གེ་ནཾ་གྱིས་ཀླུ་ཐམས་ཅད་རྫོགས་པར་ཅད་པའི་རང་གི་སྔགས་ང་རྒྱལ་དང་བཅས་པས་བཟླ་བྱས་ནས་བུ་རམ་དང་འོ་མ་དང༌། མར་ལ་སོགས་པ་ལ་ཀླུ་ལ་འོས་པའི་ལྷ་བཤོས་ཕུཿའི་ཡི་གེའི་སྔགས་ཀྱིས་དེ་དབུལ་ལོ། །མེ་ཏོག་སྔོན་པོ་དེ་བཞིན་དྲི། །གོས་


DTG039_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དང་བ་དན་དང༌། །ཆུ་སྔོན་དག་གིས་ཡོངས་གང་བའི། །བུམ་པ་ཡང་ནི་དབུལ་བར་བྱ། །ཞེས་བྱའོ། །སརྫ་དང༌། ཏ་ཀ་ར་དང༌། ཀུན་དུ་རུ་དང༌། ན་ཁཾ་དང༌། ཡུངས་ཀར་སེར་པོ་དང༌། ཀླུའི་མེ་ཏོག་རྣམས་ཤ་ཀ་ར་དང་སྦྱར་བའོ། །ཡང་ན་ནཱ་ག་གེ་སར་གྱི་སྙིང་པོ་ཤ་ཀ་ར་དང་བཅས་པ་ལས་བྱས་པའི་སྤོས་དང༌། མར་གྱི་མར་མེ་རྣམས་ལ་མངོན་པར་སྔགས་ཤིང་སྦྱིན་པར་བྱའོ། །དེ་ནས་ཛཿནཾ་ཛཿཞེས་བྱ་བའི་སྔགས་ཀྱིས་སམ་ཡིད་ཀྱིས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ནས་ཀླུ་ཐམས་ཅད་བཀུག་ནས་རང་རང་གི་གནས་སུ་བཞུགས་ཏེ་མཆོད་ཡོན་དབུལ་བ་དང༌། ཡང་དག་པར་མཆོད་ནས་བདག་ཅག་ལ་དགའ་བ་དང༌། བཅོམ་ལྡན་འདས་ཀྱི་བཀས་ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་ཆར་དབབ་ཏུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དུ་ཆར་པ་འབེབས་པ་ལྷུར་བྱེད་པར་ཀླུ་རྣམས་དམིགས་ནས་ཆར་འབེབས་སུ་གཞུག་གོ །བསྐུལ་བའི་ཚིག་དང་བཅས་པས་སྔགས་བཟླས་པས་དེ་ནས་ཆར་པ་འབེབས་པར་འགྱུར་རོ། །དེ་བཞིན་དུ་ཡང་ཆར་པ་མི་འབེབས་ན། མི་ཐབ་ཟླུམ་པོ་དེ་ཉིད་དུ་དཀྱིལ་འཁོར་བྲིས་ཏེ། དེར་བཀུག་ནས་དེ་རྣམས་ཀྱི་ལྕེ་ལ་ཡི་གེ་ནཾ་བསྒོམས་ནས་ཡོན་ཆབ་ལ་སོགས་པ་སྔོན་དུ་སོང་བའི་སྦྱིན་སྲེག་གི་ཆོགས་རེ་ཞིག་དང་པོར་བུ་རམ་དང༌། འོ་མ་དང་མར་གྱི་དགང་བླུགས་གསུམ་སྦྱིན་ནོ། །ཨོཾ་ནཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བུ་རམ་དང༌། འོ་མ་ལ་སོགས་པ་སྦྱིན་སྲེག་བྱའོ། །དེ་ལྟར་ཚིམ་ནས་ཆར་པ་འབེབས་པར་འགྱུར་རོ། །དེ་ལྟར་ན་ཡང་ཆར་པ་མི་འབེབས་ན་རིམ་པ་འདིས་ཆད་པས་བཅད་དེ། སྔར་བཞིན་ཀླུའི་དཀྱིལ་འཁོར་བྲི་བར་བྱའོ། །འོན་ཀྱང་དང་པོར་རླུང་གི་དཀྱིལ་འཁོར་བྲི་བར་བྱ་སྟེ། རང་ཡང་བློས་པདྨའི་དབུས་སུ་བསྐལ་པའི་མེ་འབར་བའི་རྣམ་པ་ལྟ་བུར་ཀླུ་ཐམས་ཅད་འཇིགས་པར་བྱེད་པ་ཇི་ལྟ་བ་བཞིན་སྟོབས་པོ་ཆེའི་རྣལ་འབྱོར་དུ་བྱས་ནས་ཀླུ་ཐམས་ཅད་ཀྱི་མཇུག་མའི་ཚོགས་ཐམས་ཅད་གཡོན་བརྐྱང་བའི་ཞབས་ཀྱིས་མནན་ཏེ། ཀླུའི་སྙིང་པོ་ཡི་གེ་སོ་སོར་བར་དུ་བཅད་པའི་རང་གི་སྔགས་ང་རྒྱལ་དང་བཅས་པས་བཟླས་པར་བྱའོ། །དེ་ནས་རླུང་གིས་བསྐུལ་བའི་མེའི་འོད་ཟེར་རྣམས་ཀྱིས་པདྨ་རྙིང་པར་


DTG039_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །དེ་ནས་འོག་ནས་སྲེག་ཅིང༌། སྟེང་དུ་ཁྲོ་བོའི་མེས་མནན་པ་ཤིན་ཏུ་ཉམ་ཐག་པར་འགྱུར་ཏེ་ཆུ་སྐྱུག་པར་མོས་པར་བྱས་ན་ཀླུའི་ཚོགས་ངེས་བར་ཆར་པ་འབེབས་པར་འགྱུར་རོ། །དེ་ལྟར་ཡང་མ་ཕེབས་ན། མཚོན་གྱིས་བརྒྱབ་པའི་རས་སམ། དུར་ཁྲོད་ཀྱི་རས་ལ་དུག་དང་སྐེ་ཚེ་དང༌། ཚ་བའི་མར་ཁུ་རྣམས་ཀྱིས་རྩིབས་བརྒྱད་པའི་རལ་གྲིའི་འཁོར་ལོ་བྲི་བར་བྱའོ། །དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པ་བྲིས་ནས་འདབ་མ་རེ་རེ་ལ་ཀླུའི་སྙིང་པོའོ། །དབུས་སུ་ཡི་གེ་བཾ་ཧཱུཾ་ཡིག་དག་གི་ནང་དུ་སྤེལ་ལ་བྲི་བར་བྱས་ནས་ཆུ་བོའི་ཕར་ངོས་ཚུར་ངོས་ཀྱི་ས་འམ། ཀླུའི་བྱིན་གྱིས་བརླབས་པའི་ཆུའི་རྟེན་གྱི་འདག་པ་དང༌། དུར་ཁྲོད་དང༌། གྲོག་མཁར་གྱི་ས་དང༌། ཤིང་གཅིག་གི་རྩ་བའི་ས་དང་བཅས་པས་ཀླུའི་གཟུགས་བྱས་ནས་བྲིས་པ་འཁྲུལ་འཁོར་དེ་ཉིད་ཀྱི་སྙིང་གར་གཞུག་པར་བྱའོ། །དགུག་པའི་དེ་མ་ཐག་ཏུ་ཤིན་ཏུ་འབར་བའི་བསྐལ་པའི་མེ་དང་འདྲ་པའི་སྟོབས་པོ་ཆེའི་རྣལ་འབྱོར་བྱས་པས་ཀླུའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ནས་སྔར་བཞིན་དུ་ང་རྒྱལ་དང་བཅས་པའི་སྔགས་བཟླ་བར་བྱའོ། །ནམ་མཁའི་ངོས་ལ་ཡང་ཐམས་ཅད་དུ་ཀླུའི་རིགས་ཀྱིས་འཁྲིགས་པ་ཆུའི་རྒྱུན་ཆེན་པོ་འབེབས་པར་བསམས་ན་ཆར་པ་འབེབས་པར་འགྱུར་རོ། །དེས་ཀྱང་ཆར་པ་མི་འབེབས་ན་དེའི་ཚེ་ཀླུའི་གཟུགས་བརྙན་ཉིད་ཚ་བ་གསུམ་དང༌། སྐེ་ཚེ་ལ་སོགས་པས་བྱུག་པར་བྱས་ནས་མེ་ཐབ་གྲུ་གསུམ་གྱི་དྲུང་དུ་བཞག་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྤར་ནས་ཤིན་ཏུ་ཁྲོས་པས་སྔགས་བརྒྱ་རྩ་བརྒྱད་ཀྱིས་ཡང་དང་ཡང་དུ་བཟླས་པའི་ཡུངས་ཀར་བརྡེགས་ན་ངེས་པར་ཆར་པ་འབེབས་པར་འགྱུར་རོ། །དེ་ནས་ཀྱང་ཆར་པ་མི་འབབ་ན་དེའི་ཚེ་ཀླུའི་གཟུགས་འདི་ཉིད་སྐེ་ཚེ་དང༌། ཚྭ་དང༌། དུག་དང༌། མྱོས་བྱེད་ཀྱི་ཤིང་ལས་བྱས་པ་ལས་སེང་ལྡེང་གི་ཕུར་པ་སོར་དགུ་པས་སྙིང་གར་བཏབ་ནས་རྐང་པ་གཡོན་པས་མགོ་བོ་མནན་ཏེ། ལྷོ་ཕྱོགས་སུ་ཁ་བལྟས་པ་འམ་ནུབ་ཕྱོགས་སུ་ཁ་བལྟས་པས་བཙིར་བས་ཆར་པ་འབབ་པའི་ཚུལ་གྱི་མེ་ཐབ་གྲུ་གསུམ་དུ་དུར་ཁྲོད་ཀྱི་མེ་ཕུ་ཡིག་གིས་སྦར་ཏེ། དེའི་དབུས་སུ་བཅོམ་ལྡན་འདས་སྟོབས་པོ་ཆེ་བསྒོམས་ནས་དེའི་ཞལ་དུ་ལྕེ་ལ་ཧཱུཾ་གིས་མཚན་


DTG039_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁྲོ་བོའི་རྣལ་འབྱོར་གྱིས་འཆོལ་བ་དང་མཐའ་དག་སྔགས་བཟླས་ཤིང་མཇུག་མ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱིན་སྲེག་བྱས་ན་ཆར་པ་འབེབས་སོ། །དེ་ལྟར་ན་ཡང་ཆར་པ་མི་འབབ་ན་སྟོབས་པོ་ཆེའི་ཉེས་པ་ཡིན་པར་ཤེས་ནས་རང་གནོད་མཛེས་ཀྱི་རྣལ་འབྱོར་དུ་བྱས་ནས་སྐེ་ཚེ་ལ་སོགས་པ་ལས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ཏེ། རྐང་པས་མནན་ནས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ། དེ་བཞིན་དུ་གཏུབ་ཅིང་གཏུབ་ཅིང་མངོན་སྤྱོད་ཀྱི་ཐབ་ཁུང་ན་གནས་པའི་གནོད་མཛེས་ཀྱི་ཞལ་དུ་སྦྱིན་སྲེག་བྱའོ། །དེ་བཞིན་དུ་ཁྲི་ཕྲག་གཅིག་ཏུ་སྦྱིན་སྲེག་བྱས་ན་སྟོབས་པོ་ཆེས་ངེས་པར་ཆར་པ་འབེབས་པར་འགྱུར་རོ། །ཆར་པ་ཆད་པར་འདོད་ན་ཀླུ་ལ་སོགས་པ་རྣམས་ཞི་བའི་དོན་དུ་ཞི་བའི་ཐབ་ཁུང་དུ་སྤྱན་མ་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་པ་དང་ལྡན་པས་སྦྱིན་སྲེག་ཁྲི་བྱའོ། །གལ་ཏེ་ཀླུ་གདུག་པ་རྣམས་ཆར་པ་གཅོད་པར་མི་བྱེད་ན་དེའི་ཚེ་སྔར་གསུངས་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་མངོན་སྤྱོད་ཀྱི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང༌། རས་བལ་གྱི་ས་བོན་དང་བཅས་པའི་སྦྱིན་སྲེག་བྱས་ན་ངེས་པར་ཆར་པ་གཅོད་པར་འགྱུར་རོ། །འདོད་པའི་རྒྱལ་པོའི་སྦྱོར་བས་དགུག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་རྒྱལ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་རྫོགས་པར་བྱེད་པ་ཉིད་ཀྱིས་འདོད་པའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སྡོམ་པ་ལས། ཊཀྐི་རྟག་ཏུ་འདོད་པར་བཤད། །ཅེས་གསུངས་སོ། །ལིངྒ་ཞེས་བྱ་བ་ནི་མཚན་མ་སྟེ་བསྒྲུབ་བྱའི་གཟུགས་སོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་སྦྱོར་བས་སོ། །ལ་ལ་དག་རྡོ་རྗེ་འཛིན་པ་ཆེན་པོ་ལས་བྱུང་བ་འདོད་པའི་རྒྱལ་པོའི་སྦྱོར་བས་ཞེས་འདོད་དོ། །སྔགས་ཀྱི་འཁོར་ལོས་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སྤྲུལ་པའི་བཀའི་འཁོར་ལོས་ཞེས་བྱ་བའི་དོན་ཏོ། །དགུག་པར་འགྱུར་ཞེས་བྱ་བ་ལས་འདི་སྐད་གསུངས་པ་ཡིན་ཏེ། བཀའི་འཁོར་ལོ་ལ་གནས་ནས་འདོད་པའི་རྒྱལ་པོའི་རྣལ་འབྱོར་གྱིས་


DTG039_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྔགས་བསྐུལ་བའི་ཚིག་དང་བཅས་པས་བཟླས་ལ་གཤིན་རྗེ་གཤེད་པོ་དགུག་པའི་ཆོ་ག་དང་བཅས་པས་རང་གི་སྙིང་ག་ལས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་སྤྲོས་ནས་བསྒྲུབ་པར་བྱ་བ་དགུག་སྟེ་གོང་བུ་དགུག་པའོ། །རྐང་པ་དགུག་པ་ཡང༌། པདྨོའི་སྣོད་ཀྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ནས་དེའི་དབུས་སུ་རྡོ་རྗེ་ལྕགས་ཀྱུའོ། །དེའི་རྡོ་རྗེ་སྟེང་དུ་བསྒྲུབ་བྱའི་མིང་དང་སྤེལ་ནས་འདོད་པའི་རྒྱལ་པོའི་སྔགས་ཡུང་བ་དང་སྲིན་ལག་གི་ཁྲག་གི་ཝང་དང་བཅས་པས་བྲི་བར་བྱའོ། །པདྨའི་འདབ་མ་རྣམས་ལ་སྒྲོལ་མའི་སྔགས་བྲི་བར་བྱའོ། །དེའི་དབུས་སུ་བསྒྲུབ་བྱའི་མིང་གི་ཡི་གེ་རྣམས་མྱོས་བྱེད་ཀྱི་ཁུ་བ་དང༌། གི་ཝང་དག་གིས་བྲིས་ལ་པདྨའི་འདབ་མའི་རྩེ་མོ་ལ་གཤིན་རྗེ་གཤེད་ཀྱི་སྔགས་མཛུབ་མོའི་ཁྲག་དང་དུག་གིས་བསྒྲུབ་བྱའི་མིང་དང་བཅས་པ་བྲི་བར་བྱའོ། །དེ་བཞིན་དུ་པདྨའི་སྣོད་གཞན་བྲི་བར་བྱའོ། །དུར་ཁྲོད་ཀྱི་རས་ལ་ཡང་འདི་ཉིད་ཀྱིས་འཁོར་ལོ་བྲིས་ནས། རྫ་མཁན་གྱི་ལག་བ་ཕྱིས་པའི་འདག་པ་ལ་གཟུགས་བརྙན་བྱས་ནས་སྙིང་གར་བཅུག་སྟེ། དགུག་པ་ལ་སོགས་པ་སྔོན་དུ་སོང་བས་ཐོད་པ་གཉིས་ཁ་སྦྱར་ནས། སེང་ལྡེང་གི་མེ་ལ་སྲོ་ཞིང་སྔགས་རེ་རེ་བརྒྱ་རྩ་བརྒྱད་བཟླས་ན་དེ་ལྟར་ན་ཞག་བདུན་གྱིས་ཁུགས་པར་འགྱུར་རོ། །ལྷ་ལ་སོགས་པ་ཡང་དགུག་པའི་དོན་དུ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པའི་སྲད་བུས་ཆ་ཤས་ཐམས་ཅད་མདུད་པ་ལས་ཕྲེང་བའི་ཡེ་ཤེས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་མི་གཡོ་བའི་ངོ་བོ་ཉིད་ཀྱིས་དེའི་གདུལ་བྱ་ཐམས་ཅད་ཀྱི་ཚ་བ་ཐམས་ཅད་འཕྲོག་པའི་ཕྱིར་ཆུ་བཞིན་དམིགས་ཏེ་གང་ལ་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པའི་ཕྱིར་མི་གཡོ་བའོ། །གདུག་པ་ཐམས་ཅད་གདུལ་བའི་ཕྱིར་རྡོ་རྗེ་གཏུམ་པོའོ། །ཁ་སྦྱར་གྱི་སྦྱོར་བ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམས་པས་སོ། །ལ་ལ་དག་ནི་ཆུང་མ་དང་བཅས་པ་དགུག་པར་བྱ་ཞེས་འདོད་དོ། །འདི་གསུངས་པ། མི་གཡོ་བའི་རྣལ་འབྱོར་གྱིས་རྐང་པ་གཡས་པའི་སྲིན་ལག་གི་ཁྲག་དང༌། ཚྭ་དང༌། ཚ་བ་གསུམ་རྣམས་ལྷ་ཆེན་


DTG039_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པ་གང་འདོད་པར་རང་གི་ཆུང་མ་དང་བཅས་པ་ནི་ཇི་ལྟ་བ་བཞིན་དུ་བྲིས་ནས། རང་གི་སྔགས་བསྐུལ་བའི་ཚིག་དང་བཅས་པ་བརྗོད་ནས་གཤིན་རྗེ་གཤེད་ཀྱིས་དགུག་པར་གསུངས་པའི་ཆོ་གས་དགུག་པར་བྱའོ། །སྤྱན་ལ་སོགས་པ་དགུག་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །ཀུན་དུ་ཞེས་བྱ་བའི་ཚིག་ལ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པས་དེ་ཉིད་གསུངས་པའོ། །རྣམ་པར་འཕྲུལ་ཞེས་བྱ་བ་ནི་གནོད་མཛེས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ་མི་ཕྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་མི་བསྐྱོད་པས་དབང་བསྐུར་བ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཀུན་བདག་པོ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་ཕྱིར་རོ། །རྡོ་རྗེ་བུ་མོ་དགུག་པར་བྱ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། གནོད་མཛེས་ཀྱི་རྣལ་འབྱོར་དུ་བྱས་ནས་ཤིན་ཏུ་སྔགས་པའི་བུད་མེད་ཀྱི་ཐོད་པ་ལ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་སྤྱན་ལ་སོགས་པའི་ནང་ནས་གང་འདོད་པ་བྲིས་ནས་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་དེའི་ཆུ་སྐྱེས་མནན་ནས་གཡོན་བརྐྱང་བ་དང་ལྡན་པས། ལག་པ་གཡས་པའི་ལྕགས་ཀྱུས་སྙིང་ག་ཕུག་པ་དང༌། མགྲིན་པ་ཞགས་པས་ཀྱང་བཅིངས་ནས་བསྐུལ་ཚིག་དང་ལྡན་པའི་སྔགས་ཟློས་ཤིང་དགུག་པར་བྱའོ། །ཡང་དེ་ཉིད་བསྡུས་པ་ལས། རབ་ཏུ་བྱུང་བར་མིག་བསྐུལ་ཞིང༌། མིག་གི་རྫི་མ་འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས་ཅད་འགུགས་བྱེད་པའོ། །ཞེས་པ་ནི་འབར་བའི་ལྟ་བ་སྟེ་འགུགས་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །བཅུ་གཅིག་པ་ལས་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དགུག་པ་སྒྲུབ་པའི་སྐབས་སུ། བསྟན་པའི་སངས་རྒྱས་ལ་སོགས་པ་འགུགས་པ་གསལ་བར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སྟེ། བྱང་ཆུབ་ཀྱི་སེམས་


DTG039_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོས་ཐམས་ཅད་ཀྱི་རྒྱུ་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་འབྱུང་བ་ནི་མི་ཕྱེད་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་སྐུ་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་གྱི་གསང་བའོ། །དེ་ཉིད་ཀྱིས་ཚིག་གི་བརྡ་ལས་ཕྱིན་ཅི་མ་ལོག་པར་དོན་སྟོན་ཅིང་རྟོགས་པར་བྱེད་པ་དང་ལྡན་པའི་ཕྱིར་ངག་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱིས་གནས་ལས་བྱུང་བའོ། །སངས་རྒྱས་རྡོ་རྗེའི་སྐུ་གསུམ་ལ། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་ལ་སོགས་པའི་བདག་ཉིད་སྐུ་དང་གསུང་དང་ཐུགས་རྣམས་ལའོ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་བཞིན་དུ་དཀར་པོ་ལ་སོགས་པའི། བདག་ཉིད་རྡོར་ཇེ་ལྕགས་ཀྱུ་བསྒོམ། །ཞེས་བྱ་བའི་དོན་ཏོ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་དགུག་པ་ལ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པའི་སྦྱོར་བ་བྱས་ནས་ནི། སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པ་ཕྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་གོ་ཞེས་ཁ་ཅིག་ཟེར་རོ། །གནོད་མཛེས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དེའི་རྣལ་འབྱོར་གྱིས་དེའི་སྔགས་བརྗོད་ཅིང་སྤྲོས་པའི་གནོད་མཛེས་ཀྱི་སྤྲིན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་དགུག་པར་བྱའོ། །ཞེས་གསུངས་སོ་འདིར་ཡང་དགུག་པ་དང༌། སྤྱན་དྲང་བ་དང༌། འདྲེན་པར་དཀྱིལ་འཁོར་གྱི་སྒྲུབ་པ་ལ་ཡང་ཤེས་པར་བྱའོ། །གང་འཆད་པར་འགྱུར་བ་བཅུ་དྲུག་པ་ལས། ཁྲོ་བོའི་རྒྱལ་པོས་དགུག་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ཞེས་སོ། །རྡོ་རྗེ་འཛིན་པ་དགུག་པ་ཡང་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་གསུང་ནི་སྣང་བ་མཐའ་ཡས་སོ། །སྐུ་ནི་རྣམ་པར་སྣང་མཛད་དོ། །འདི་གཉིས་ཀྱི་ནང་ནས་གང་ཡང་རུང་བའི་སྦྱོར་བས་སོ། །འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བཀའི་འཁོར་ལོས་ཏེ་རང་གི་དཀྱིལ་འཁོར་ལོ་ཞེས་ཁ་ཅིག་འདོད་དོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་


DTG039_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་གང་འདོད་པའི་བདག་པོའི་སྦྱོར་བ་བྱས་ནས་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་རྡོ་རྗེ་འཛིན་པ་དགུག་པར་བྱའོ། །ད་ནི་རིགས་ཀྱི་དབྱེ་བ་དགུག་པ་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང༌། སྣང་བ་མཐའ་ཡས་དང༌། མི་བསྐྱོད་པ་རྣམས་ཀྱིས་སོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ནས། །ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་ཐོགས་པའི་ལྷའི་གཟུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ་རང་གི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ནས་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་འཛིན་པར་རང་གི་ཁ་དོག་དང་འདྲ་བའི་ལྷ་སྤྲོས་པ་རྣམས་ཀྱིས་རང་གི་རིགས་ཐམས་ཅད་ཀྱི་ལྷ་དགུག་པར་བྱའོ་ཞེས་སོ། །ད་ནི་འཁྲུལ་འཁོར་ལ་མ་ལྟོས་པར་རྣལ་འབྱོར་པ་ཐམས་ཅད་ཀྱིས་གང་འདོད་པའི་བུ་མོ་དགུག་པའི་དོན་དུ་གསུངས་པ། རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་པོ་ལ་སོགས་པ་གང་འདོད་པའི་གཟུགས་སུ་རང་གི་སྔགས་ཀྱིས་བདག་ཉིད་བསྒོམས་ནས་སོ། །ཐམས་ཅད་རྡོ་རྗེའི་དངོས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བྱས་པའོ། །མཆོག་ཅེས་བྱ་བ་ནི་བུད་མེད་ཀྱི་མཚན་ཉིད་དང་ལྡན་པའོ། །སྙིང་གར་རྡོར་རྗེ་ཀྱོ་བ་སྦྱར། །ཞེས་བྱ་བ་ནི་སྙིང་གར་རྡོ་རྗེ་ལྕགས་ཀྱུས་ཕུག་ནས་སོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། རང་གི་ལྷའི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ། གང་འདོད་པའི་བུ་མོ་རླུང་གི་དཀྱིལ་འཁོར་ལ་ཞོན་པ་དེས་ཀྱང་མངོན་དུ་བསྐུལ་བར་བསམས་ཏེ། རང་གི་ལྷའི་གཟུགས་ཞགས་པ་དང་ལྕགས་ཀྱུ་འཛིན་པ་རྣམས་ཀྱིས་དེ་ཇི་ལྟ་བའི་རང་གི་གནས་ནས་བཅིངས་ཏེ་ཁྱེར་ནས་འོངས་པར་བསམ་པར་བྱའོ། །དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་དེ་དགུག་པར་ལྷུར་བྱའོ། །རང་ཡང་དེའི་མིང་དང་སྤེལ་བའི་སྦྱོར་བར་རང་གི་སྔགས་ཛའི་མཐའ་ཅན་བཟླས་ནས་དགུག་པར་བྱའོ། །དགུག་པའི་བསྒྲུབ་བྱ་རྡོ་རྗེའི་


DTG039_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་བསྐམས་པས་དུབ་པར་འགྱུར་བ་འདི་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་གཟུགས་བསྒོམ་པར་བྱའོ། །དེ་ལ་ཤ་རྩི་ཞེས་བྱ་བ་ནི། དེ་ཟླ་བའི་སྟེང་དུ་བསྒྲུབ་པར་བྱ་བ་ལ་སྤྱན་གྱིས་བདུད་རྩིས་དབང་བསྐུར་བར་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསུངས་པ། རྡོ་རྗེ་བདུད་རྩིའི་སྦྱོར་བས་ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། རིང་པོ་ནས་བླངས་པའི་བསྒྲུབ་བྱའི་མགོ་བོ་ལ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་གནས་པ་སྤྱན་ཇི་ལྟ་བ་བཞིན་ཁ་དོག་དཀར་པོ་བདུད་རྩི་འཛག་པའི་མཆོག་བསྒོམ་པར་བྱའོ། །རྡོ་རྗེ་རླུང་རྫོགས་པ་གསུངས་པ། རྡོ་རྗེ་ལྕགས་ཀྱུ་གཟུགས་པོ་ཆེ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི། རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱི་གཟུགས་སུ་ཡོངས་སུ་གྱུར་པར་བསྒོམས་ནས་དེ་ལ་བསྐྱོན་ནས་དགུག་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་བུ་མོ་ཞེས་བྱ་བ་ནི། ནམ་མཁའ་གང་དགུག་པར་བྱ་བ་ནི་དེ་འདི་ཉིད་དགུག་པའི་མཆོག་གོ །གང་འདིར་རྡོ་རྗེ་ལྕགས་ཀྱུ་འདི་འདོད་པའི་རྒྱལ་པོ་ལ་སོགས་པར་ཡང་ལ་ལ་དག་བརྗོད་དེ། དེ་འདི་ལན་གཉིས་སྨོས་པའི་ཕྱིར་འབྲེལ་པ་མེད་དེ། །ས་འོག་གི་བུ་མོ་དགུག་པའི་དོན་དུ་གསུངས་པ། ཁྲོ་བོའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོའི་རྡོ་རྗེ་ནི་ཁྲོ་བོ་རྡོ་རྗེ་སྟེ་གནོད་མཛེས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དམ་ཚིག་སྟེ་འདའ་བར་མི་བྱའོ། །གང་རྣམས་ཀྱིས་ཞེས་བྱ་བ་ནི། གཙོ་བོ་ཉིད་ཀྱི་ཕྱིར་རྡོ་རྗེ་ས་འོག་གནས་པ་ལ་ནི་དྲུག་པའི་དོན་གྱིས་གཉིས་པའོ། །ཡང་ན་དམ་ཚིག་ནི་ཐམས་ཅད་ཀྱི་ཡིན་ལ་རྡོ་རྗེ་ཡང་སྟེ་གདུག་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ས་འོག་གནས་པར་བྱེད་པ་ནི་ས་འོག་ཏུ་གནས་པ་དག་གནོད་མཛེས་ཉིད་དོ།། དེ་བསྒོམས་ནས་ཞེས་སྔར་བརྗོད་པའི་ཚིག་དང་འབྲེལ་ཏོ། །ཤཱུ་ལ་རྡོ་རྗེ་ཀྱོ་ཞགས་ཀྱིས། །ཞེས་བྱ་བ་ལ་འདི་སྐད་གསུང་པ་ཡིན་ཏེ། གནོད་མཛེས་ཀྱི་རྣལ་འབྱོར་གྱིས་རང་གི་དཀྱིལ་འཁོར་གྱི་དབུས་སུ་གནས་ལ་རང་གི་སྙིང་གནས་བདག་ཉིད་དང་རྗེས་སུ་མཐུན་པའི་ཁྲོ་བོ་འཁོར་ལོ་


DTG039_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བར་བྱ་སྟེ་འོན་ཀྱང་རྡོ་རྗེ་ལྕགས་ཀྱུ་དང་རལ་གྲི་དང༌། རྩེ་གསུམ་དང༌། ཞགས་པ་ལག་ན་ཐོགས་པ་སྟེ། དེས་ཇི་ལྟ་བ་བཞིན་དུ་ལྷ་མ་ཡིན་གྱི་བུ་མོ་དགུག་པར་བྱའོ། །བཙག་ལ་སོགས་པའི་སྒྲུབ་པ་གསུངས་པ། བཙག་ཅེས་བྱ་བ་ལ་སོགས་པ་ལ་ཀྱང་གི་སྒྲས་གི་ཝང་ལ་སོགས་པ་གཟུང་ངོ༌། །རྡོ་རྗེ་ཀྱོ་བའི་སྦྱོར་བས་ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། མཚན་མ་ཐོབ་པས་འདོད་པའི་རྒྱལ་པོ་ལ་སོགས་པ་གང་འདོད་པའི་སྦྱོར་བ་བྱས་ནས་ཟླ་བ་གཟས་ཟིན་པ་ལ་ཡི་གེ་ཧཱུཾ་ལས་རྡོ་རྒྱུས་ལ་སོགས་པའི་རྡུལ་ཕྲ་རབ་རྡོ་རྗེ་ལྕགས་ཀྱུའི་གཟུགས་སུ་མོས་པར་བྱས་ནས་ཁར་ཞེས་བྱ་བ་ནི་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པས་ཕྱིའི་རིག་མའི་པདྨར་བཅུག་ནས་རྡོ་རྗེས་ཁ་བཅད་ནས། ཇི་ལྟ་བ་བཞིན་དུ་གྲུབ་པའི་རྡོ་རྗེ་ལྕགས་ཀྱུའི་ལྷ་ནང་དུ་གཞུག་པ་དང་སྤྲོ་བ་ལ་སོགས་པ་བྱས་ནས་གང་གི་ཚེ་བཟླས་པ་བྱས་ཏེ། ཟླ་བ་གཟས་ཟིན་པ་བཏང་གི་བར་དུའོ། །དེ་ནས་དྲོ་བ་ལ་སོགས་པ་རིམ་གྱིས་དངོས་གྲུབ་ཀྱི་མཚན་མ་ཤེས་ནས་དེ་བླངས་ཏེ་བསྲུང་བར་བྱའོ། །འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། །ཞེས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། དེ་ལྟར་སྒྲུབ་པའི་རྫས་ཀྱིས་དྲག་པོ་ལ་སོགས་པ་གང་འདོད་པའི་མིང་བྲིས་ནས་ཞབས་ཀྱིས་མནན་ཏེ། སྔ་མ་བཞིན་མིང་དང་སྤེལ་བའི་སྦྱོར་བའི་སྔགས་བཟླས་པ་ན་དེ་ཡང་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འོང་བར་བསྒོམས་ན། ངེས་པར་འོང་བར་འགྱུར་རོ། །གནོད་སྦྱིན་མོ་དགུག་པ་གསུངས་པ་རྣམ་པའི་མཆོག་ཀུན་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གྱི་དབུས་སུ་འཇམ་པའི་རྡོ་རྗེ་བདག་ཉིད་བསྒོམ་པར་བྱའོ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཅེས་བྱ་བ་ནི་རང་གི་སྙིང་གར་ཉི་མ་ལ་གཤིན་རྗེ་གཤེད་ལག་ན་ལྕགས་ཀྱུ་ཐོགས་པ་དེའི་སྔགས་ཀྱིས་བསྒོམ་པར་བྱའོ། །བསྐལ་པ་བསྲེག་པའི་འཁོར་ལོ་ཆེ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འཇམ་པའི་རྡོ་རྗེའི་སྦྱོར་བ་བྱས་ནས། ཇི་ལྟ་བ་བཞིན་དུ་རང་གི་སྙིང་གནས་འབར་བའི་ཕྲེང་བ་ཅན་ལྕགས་ཀྱུ་ལག་ན་ཐོགས་པ་གཤིན་རྗེ་གཤེད་པོ་ཕྱུང་སྟེ། གནོད་སྦྱིན་མོའི་སྙིང་གར་གཞུག་པ་འམ་མགོ་བོའི་སྟེང་དུ་གཞག་སྟེ། དེ་


DTG039_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་འོད་ཟེར་རྣམས་ཀྱིས་བསྐལ་པའི་མེ་བཞིན་དུ་ཐམས་ཅད་སྲེག་པ་དང་ལྡན་པར་རང་ལ་མངོན་པར་ཕྱོགས་པ་བསིལ་བའི་ལན་ནས་འཇམ་པའི་རྡོ་རྗེ་ལ་སྐྱབས་སུ་འགྲོ་བའི་བསམ་པས་འོང་བར་བསམ་པར་བྱ་ཞིང༌། གཤིན་རྗེ་གཤེད་པོའི་སྔགས་དང་སྤེལ་བའི་ཀཱིཾ་གི་ཡི་གེ་ཟློས་ཤིང་ཇི་ལྟ་པ་བཞིན་དུ་དགུག་ལ་ཉེ་བར་ལོངས་སྤྱད་པར་བྱའོ། །སྲིན་མོ་དགུག་པའི་ཆོ་ག་ཡང་དེ་བཞིན་ཏེ། འོན་ཀྱང་འདི་འོངས་པར་འགྱུར་ན། ཤ་དང་ཁྲག་གི་ཡོན་ཆབ་སྦྱིན་པར་བྱའོ། །གནོད་སྦྱིན་མོ་ལ་མེ་ཏོག་དཀར་པོ་དྲིའི་ཆུ་དང་བསྲེས་པས་སོ། །ཀླུ་མོ་རྣམས་ལ་འོ་མས་སོ། །གཞན་རྣམས་ལ་ནི་བདུད་རྩི་རྣམ་པ་ལྔ་དང་དྲི་ཆུ་བསྲེས་པས་ཡོན་ཆབ་སྦྱིན་པར་བྱའོ། །མཇུག་བསྡུ་བའི་ཟུར་གྱི་ལྷག་མ་གསུངས་པ། ཀུན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱའི་ཁྱད་པར་ནི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྱི་ཁྱད་པར་རོ། །སྔགས་ཀྱི་ཁྱད་པར་ནི་ས་བོན་དང་རིག་པས་ཁྱད་པར་དུ་བྱས་པའོ། །དགུག་པ་དག་གི་གནས་སུ་གསུངས། །ཞེས་བྱ་བ་ནི་འདི་སྐད་གསུངས་པ་ཡིན་ཏེ། གང་གི་སྔགས་དང་ཕྱག་རྒྱ་ལས་བསྐྱེད་པའི་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་བྱས་ནས། དེའི་སྔགས་ཉིད་བསྒོམས་པས་རང་གི་རིགས་ཀྱི་བདག་པོའི་རྩ་བའི་མཚན་མས་མཚན་པའི་ལྕགས་ཀྱུ་ལ་སོགས་པའི་རྣམ་པས་གཤིན་རྗེ་གཤེད་ལ་སོགས་པས་བསྒྲུབ་བྱ་དགུག་པར་བྱའོ། །གཞན་དུ་བྱས་ན་འཇིགས་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་མ་བྱས་པར་གཞན་གྱི་སྔགས་དང་གཞན་གྱི་རྣལ་འབྱོར་གྱིས་བྱས་ན་དེའི་ཚེ་སྦྱོར་བ་ཉམས་པས་དངོས་གྲུབ་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་གི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། བསྐུལ་བར་བྱ་ཞེས་བྱ་བ་ནི། ལས་ཐམས་ཅད་ཉིད་ལ་དེའི་ཚེ་རྫོགས་ཀྱི་བར་དུ་ཡང་དང་ཡང་དུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་རྡོ་རྗེ་འཛིན་པ་ཆེན་པོར་དམིགས་ཏེ་བསྒོམ་པར་བྱའོ། །དེ་ཡང་བཅོ་བརྒྱད་པ་ལས། སྐུ་གསུང་ཐུགས་ཀྱི་དེ་ཉིད་ལས། །སད་པར་བྱ་བ་བསྐུལ་བར་བཤད། །ཅེས་སོ། །འདིས་ནི་བྱང་ཆུབ་ཀྱི་སེམས་


DTG039_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་སེམས་བརྟན་པར་གྱུར་པས། སེམས་ཙམ་དུ་ཁམས་གསུམ་དུ་ཤེས་ནས་ལས་བྱེད་པ་ནི་དངོས་གྲུབ་བོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལེའུ་བཅུ་བདུན་པ་ལས། འཆད་པར་འགྱུར་བ། ནམ་མཁའི་ཁམས་སུ་གནས་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དངོས་གྲུབ་པོ་ཞེས་སོ། །ཇི་ལྟར་གཞན་བསྐུལ་བས་གཞན་འདིར་འགྲུབ་པར་འགྱུར་ཞེ་ན་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ལྷ་ཐམས་ཅད་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར། རྒྱལ་པོ་ནི་བདག་པོ་སྟེ་ལྷ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཐམས་ཅད་སེམས་ནི་ཡོངས་རྫོགས་པ། །ཡང་དང་ཡང་དུ་བསྐུལ་བ་ཉིད། །རྒྱལ་པོ་ཐམས་ཅད་གནས་ལ་གནས། །ཞེས་སོ།། དངོས་གྲུབ་བསྒྲུབ་པའི་དུས་སུ་རང་གི་ཅོད་པན་ལ་རྡོ་རྗེ་འཛིན་པ་བསམ་མོ་ཞེས་ལ་ལ་དག་འདོད་དོ། །དེའི་སྙིང་པོ་བར་དང་བར་དུ་བརྗོད་དོ་ཞེས་ལ་ལ་དག་འདོད་དོ། །ཀླུའི་བུ་མོ་དགུག་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཏེ་ཐམས་ཅད་བྱས་ནས་རྫོགས་པར་བྱེད་བས་རྣམ་པར་འཕྲུལ་པ་ཤིན་ཏུ་འཇུག་པའི་ཡེ་ཤེས་ཏེ། བྱ་བ་འགྲུབ་པར་བཤད་པའོ། །དེ་ཉིད་མི་ཕྱེད་པ་སྟེ་རལ་གཅིག་མའི་གཟུགས་སུ་གྱུར་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །དེ་ཉིད་ཀྱི་མཆོག་ནི་གང་གི་བདག་པོ་ཉིད་ཀྱིས་དེ་རལ་གཅིག་མར་བཤད་དོ། །བཀུག་ནས་ཉེ་བར་སྤྱད་པར་བྱ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། བདག་ཉིད་ཞལ་གསུམ་པ་ཁ་དོག་སྔོན་པོ་ཕྱག་དྲུག་པ། དབུ་སྐྲ་སེར་སྐྱ་གྱེན་དུ་འཁྱིལ་བ་ལྟོ་བ་ཆེ་བ། མཆེ་བ་གཙིགས་པ། ཀླུའི་རྒྱན་གྱིས་བརྒྱན་པ་ཐོད་པས་མཛེས་པར་བྱས་པ་རལ་པ་གཅིག་མ་གཡས་ཀྱི་ཕྱག་ན་ལྕགས་ཀྱུ་དང་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་ན་ཞགས་པ་དང་ཐོད་པ་ཐོགས་པ། རྩ་བའི་ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པར་བསམ་མོ། །


DTG039_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ལག་གི་ཁྲག་དང༌། ནཱ་ག་གེ་སར་དང་བཅས་པས་བུད་མེད་ཀྱི་ཐོད་པར་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་བྲིས་ནས། དེའི་མིང་དང་སྤེལ་ནས་རང་གི་སྔགས་བཟླས་ཤིང་སྔར་གྱི་བཞིན་དགུག་ཅིང་ཉེ་བར་ལོངས་སྤྱོད་དོ། །རིག་པ་འཛིན་པའི་བུ་མོ་དགུག་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དམིགས་པ་ཐམས་ཅད་ཀྱིས་སྟོང་པ་ནམ་མཁའ་བཞིན་དུ་ཞི་བར་ལྟ་བ་ཉིད་ཀྱི་ཕྱིར་ནམ་མཁའི་དམ་ཚིག་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་ཁྲོ་གཉེར་ཅན་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཡེ་ཤེས་རྡོ་རྗེ་རྗེས་སུ་དྲན། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སོ། །དམ་ཚིག་ལ་སོགས་པ་ཡིས་བཀུག །ཅེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་ཀླུ་མོ་དང་འདྲ་བར་རིག་པ་འཛིན་པའི་བུ་མོ་དགུག་པར་བྱའོ། །འདི་ཡང་བཅོམ་ལྡན་འདས་མ་གོས་དཀར་མོ་དང་འདྲ་སྟེ། འོན་ཀྱང་ཅུང་ཟད་ཙམ་དམར་བའི་ཞད་ཅན་ཁ་དོག་དཀར་པོ་སྟེ། དགུག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །རྩ་བའི་གཉིས་པ་གཡས་དང་གཡོན་གྱི་ཕྱག་ཏུ་ཞགས་པ་དང་ལྕགས་ཀྱུ་ཐོགས་པ་བསྒོམ་པར་བྱའོ། །སེམས་བརྟན་པར་གྱུར་པ་དང༌། རྟག་ཏུ་རིག་པ་བཟླས་པ་དེ་ཉིད་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་བ་དེའི་ཕྱིར་གསུངས་པ་འགོག་པ་ཞེས་བྱ་བ་ནི་བཤད་ཟིན་པའོ། །སྔགས་པས་འབུམ་དུ་བཟླས་བྱས་ནས། །ཞེས་བྱ་བ་ནི་དཔག་ཏུ་མེད་པའི་བཟླས་པ་ལ་སོགས་པས་མཚན་མ་ཐོབ་ནས་འབུམ་བཟླས་པ་བྱས་ནས་ཞེས་བྱ་བའི་དོན་ཏོ། །ལུས་ཅན་སྡིག་དང་བྲལ་བ་ལ། །གྲངས་ཀྱི་ངེས་པ་གསུངས་པ་ཡིན། །ཞེས་སོ། །རབ་ཏུ་དབེན་པ་ཞེས་བྱ་བ་ནི་ཉེ་བར་འཚེ་བ་མེད་པའོ། །འདི་སྐད་གསུངས་པ་ཡིན་ཏེ། གང་ལྷ་ལ་སོགས་པ་དགུག་པ་ལ་སོགས་པ་རྣམས་ཀྱི་ལས་ལ་དེ་ཐམས་ཅད་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྒོམས་པས་སེམས་དབང་དུ་གྱུར་པ་ཐོབ་པ་ཉིད་ཀྱིས་སྔགས་འབུམ་བཟླས་པར་བྱའོ། །བསྐྲད་པ་ལ་སོགས་པ་ཡང་ཇི་ལྟ་བའི་ཆོ་གས་བཟླས་པ་ཉིད་


DTG039_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡང་དག་པར་མཚན་མ་ཐོབ་པས་ཡང་འབུམ་བཟླས་པ་དད་པ་འཕེལ་བའི་བློས་བྱའོ། །ཐབས་ཐམས་ཅད་ཀྱིས་འདིར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་སྙིང་རྗེ་དང་ལྡན་པས་གསད་པར་ཡང་བྱའོ་ཞེས་བྱ་བ་དེའི་ཕྱིར་འདིའི་ཡུལ་གསུངས་པ། སློབ་དཔོན་སྨོད་ཅེས་བྱ་བ་ལ་སོགས་པ་ལ། འདི་ནི་ཁ་ན་མ་ཐོ་བ་ཆེན་པོ་བྱེད་པ་ཉེ་བར་མཚོན་པ་ཉིད་ཀྱིས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་ཡང་གཟུང་ངོ༌། །འདི་ཡི་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་ཡན་ལག་གིས་སོ། །བྱང་ཆུབ་ཅེས་བྱ་བ་ནི་སེམས་ཅན་འདུལ་བའི་ཐབས་རྟོགས་པའོ། །སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡེ་ཤེས་རྫོགས་པ་སྟེ། དེ་ཉིད་ཀྱི་རྣམ་པས་ཡིད་ཀྱིས་འདི་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་ནི་ཁ་སྦྱར་དབྱེ་བའི་དོན་དང་འབྲེལ་པ་བརྗོད་པའོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སྡིག་པ་ཆེན་པོ་བྱེད་པའི་བསྒྲུབ་བྱ་ངེས་པར་བྱས་ནས་བསྐལ་པ་དཔག་ཏུ་མེད་པ་རྣམས་སུ་དམྱལ་བ་ཆེན་པོར་གནས་པར་མ་གྱུར་ཅིག་ཅེས་སྙིང་རྗེའི་སེམས་བསྐྱེད་ནས་མནར་སེམས་ཀྱི་དངོས་པོ་དགུ་དང་བྲལ་བའི་ཡིད་ལ་བྱེད་པས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འདི་བསམས་པས་ཆོ་ག་ཇི་ལྟ་བ་བཞིན་དུ་ལྷ་དང་བསྲུང་བ་དང་དབྲལ་བར་བྱས་ནས་གཤིན་རྗེ་གཤེད་པོ་ལ་སོགས་པའི་སྦྱོར་བས་མངོན་སྤྱོད་ཀྱི་ཆོ་གས་སྦྱར་རོ། །དེ་ཉིད་གསུངས་པ། ཁྲག་དང་ཞེས་བྱ་བ་ལ་སོགས་པ་ལ། ལིངྒ་ཞེས་བྱ་བ་ནི་བསྒྲུབ་བྱའི་གཟུགས་སོ། །བརྒྱ་རྩ་བརྒྱད་དུ་ཞེས་བྱ་བ་ནི་བརྒྱད་ལྷག་པའི་བརྒྱའི་བཟླས་པས་སོ། །ངེས་པར་ཞེས་བྱ་བ་ལ་སོགས་པས་སྦྱོར་བའི་བདག་ཉིད་ཆེན་པོ་གསུངས་པའོ། །ཡང་ན་སངས་རྒྱས་ཀྱི་རྣལ་འབྱོར་པ་ཡང་ངོ༌། །ཁྲོ་བོའི་མཆོག་ནི་བཅིངས་པ་ཡི། །ཞེས་བྱ་བ་ནི་འཇིགས་པའི་ཁྲོ་བོའི་ང་རྒྱལ་གྱིས་གོས་ལ་མདུད་པ་འཆིང་བས་སོ། །སྐམས་པ་ཞེས་བྱ་བ་ནི་གང་གི་ཚེ་གོས་སྐམས་པ་དེའི་ཚེ་འཆིང་བ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་འཁྲུགས་པ་ཞེས་བྱ་བ་ནི། ཁྲོ་བོའི་འཁོར་ལོ་སྤྲོས་པས་སོ། །འཇིགས་པའི་ཚུལ་དུ་གཙིགས་ཤིང་འགྱུར། །ཞེས་བྱ་


DTG039_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གཙིགས་ཤིང་འཇིགས་སུ་རུང་བའི་གཟུགས་ཏེ་དེས་ཆེ་ཞིང་མྱུར་བ་སྟེ། རང་གི་ལུས་དང་བཅས་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་དུ་ཡང་མ་མོ་བདུན་གནས་པར་གྱུར་པ་དེ་མ་མོའི་གནས་སོ། །ཤིང་གཅིག་ཅེས་བྱ་བ་ནི་ཤིང་གཞན་གྱི་གྲིབ་མས་མ་ནོན་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བཤད་པ་ཡིན་ཏེ། གང་འདོད་པའི་ཁྲོ་བོའི་སྦྱོར་བས་གཅེར་བུ་སྐྲ་གྲོལ་བར་གྱུར་པ་ཁྲག་གིས་གཤེར་བ་ལ་སོགས་པའི་གོས་གོན་ནས་མ་མོའི་གནས་ལ་སོགས་པར་ཇི་སྐད་བཤད་པའི་ས་ལ་སོགས་པ་ལས་གང་ཡང་རུང་བའི་གཟུགས་བྱས་ནས་འཁྲུལ་འཁོར་ལ་སོགས་པ་དང་ལྡན་པ་ཧཱུཾ་ལས་བྱུང་བ་རྡོ་རྗེ་འབར་བའི་ཞབས་ཀྱིས་མནན་པར་བྱས་ནས། སྔགས་བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །དབྱེ་བ་ལ་ནི་སྤྱི་བོར་ཕྱིན་ཅི་ལོག་ཏུ་རང་གི་མིང་བཀོད་ལ་དཔྲལ་བར་ཡང་ཧ་དམར་པོ་ལུག་དང་འདྲ་བའམ་མ་ཧེ་དང་རྟ་བཞིན་དུ་འཐབ་པ་དང་ལྡན་པ་སྟེ། སོ་དང་སེན་མོས་ཕན་ཚུན་འདེབས་པར་བསམས་ཏེ། དེ་ལྟར་ན་དབྱེ་བར་འགྱུར་རོ། །ཡང་ན་རྟ་མགྲིན་གྱི་སྦྱོར་བས་དུར་ཁྲོད་ཀྱི་རས་ལ་གི་ཝང་དང་དུག་དང་མྱོས་བྱེད་ཀྱི་འདབ་མ་དང༌། ནིམ་པའི་ཁུ་བ་དང༌། བྱ་རོག་དང༌། འུག་པའི་ཁྲག་གཅིག་ཏུ་བྱས་ནས་རྩེ་མོ་ལྔ་པའི་རྡོ་རྗེ་འབར་བ་དང་བཅས་པ་བྲིས་ནས་དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པ་དེ་ལ་ཆེ་གེ་མོ་དང་བཅས་པའི་བི་དེ་ཤ་ཀུ་རུ་ཞེས་བྱ་བ་བསྒྲུབ་བྱའི་མིང་དང་སྤེལ་ནས་སྔགས་དེ་དག་གི་ནང་དུ་བཅུག་པ་སྔོན་དུ་སོང་བ་མ་ཏེ་དང་རྟའི་རྨིག་པའི་ནང་དུ་བཅུག་ནས་དུག་དང་སྐེ་ཚེས་བཀང་ལ། ཁྲོ་བོའི་ཚིག་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ནས། ནིམ་པའི་ཤིང་གི་ནང་དུ་བཅུག་ནས་རྣམ་པར་གཞག་པར་བྱའོ། །འདིས་ནི་གང་འདོད་པ་དེ་དབྱེ་བར་བྱེད་དོ། །ཕུར་བུའི་དབང་དུ་བྱས་ནས་གསུངས་པ། མིའི་རུས་པ་ཞེས་བྱ་བ་ལ་སོགས་པ་སྟེ་འདིའི་དོན་ནི། སོར་བརྒྱད་པའི་ཚད་ལ་སྟེང་ཁྲོ་བོའི་རྣམ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་གང་འདོད་པའི་ཁྲོ་བོའི་སྦྱོར་བ་བྱས་ནས་དུར་ཁྲོད་ཀྱི་རས་ལ་མ་རུངས་པའི་རྫས་རྣམས་ཀྱིས་ཁྲོ་བོའི་རྡོ་རྗེ་བྲིས་ནས་དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་དང་སྤེལ་ནས་སྔགས་བྲིས་ཏེ། བཤང་གཅི་མཉེས་པ་དང་བསྒྲུབ་བྱའི་རྐང་པའི་རྡུལ་


DTG039_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལས་བྱས་པའི་གཟུགས་ཀྱི་སྙིང་གར་གཞུག་པར་བྱའོ། །དེ་ནས་སྔར་བརྗོད་པའི་ཕུར་པ་བླངས་ནས་འོག་དང་ལོགས་བཞི་ལ་ཧཱུཾ་རྣམས་དང༌། མགོ་པོ་ལ་གཅིག་དགོད་དེ། དེ་ཉིད་ཀྱིས་དགྲ་བོའི་སྒོ་ལ་སོགས་པར་ཡི་གེ་ཨས་སྤྲས་པའི་སྣ་ཚོགས་རྡོ་རྗེ་བྲིས་ནས། དེའི་སྟེང་དུ་དེའི་གཟུགས་བརྙན་ལྷོ་ཕྱོགས་སུ་ཁ་བལྟས་པར་གཞག་སྟེ་དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བ་དེས་ཕུར་བུ་ལ་བརྒྱད་ལྷག་པའི་བརྒྱ་བཟླས་པས་སྙིང་ལ་ཡང་དག་པར་བཏབ་ལ་ཨའི་ཡི་གེས་མཚན་པའི་སྣ་ཚོགས་རྡོ་རྗེ་དང་བཅས་པ་ཁམ་ཕོར་སོ་མ་བཏང་བས་བཀབ་པ་ལ། དེ་ཡང་དེའི་སྟེང་དུ་སས་བཀབ་ལ་རྐང་པ་བཞག་ནས་སྔགས་བརྒྱད་ལྷག་པའི་བརྒྱ་ཉི་མ་ཕྱེད་དམ་ནམ་ཕྱེད་ནས་བཟླས་པར་བྱའོ། །དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །མངོན་སྤྱོད་ཀྱི་ལས་ཐམས་ཅད་ལ་ཚ་བ་དང༌། ཁ་བ་དང༌། གཟེགས་མ་དང་ཕུབ་མ་ལ་སོགས་པ་དང་ལྡན་པའི་ཟས་སྐམ་པོ་ཟ་ཞིང་ཁྲོ་བོའི་ང་རྒྱལ་གྱིས་ཇི་ལྟ་བ་བཞིན་དུ་ནང་གི་སྦྱིན་སྲེག་གི་ཆོ་གས་བཟའ་བར་བྱའོ། །གནས་ནས་སྤྲོ་བའི་དབང་དུ་བྱས་ནས་གསུངས་པ། ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཇི་སྐད་གསུངས་པའི་ཐོད་པ་ལས་བ་བླ་དང༌། སོལ་བ་དང་ནིམ་པའི་ལོ་མའི་ཁུ་བ་དང་རྐང་པའི་སྲིན་ལག་གི་ཁྲག་དང་བཅས་པས་རལ་གྲིས་མཚན་པའི་རླུང་གི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ། དེའི་སྙིང་གར་མིང་དང་སྔགས་སྤེལ་བ་བྲིས་ཏེ་བཀུག་ནས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་ནས་རྡོ་རྗེ་གསུང་གི་སྔགས་བཟླས་ཤིང་དགྲ་བོའི་སྒོ་ལ་སོགས་པར་སྦས་པས་བསྐྲད་པར་འགྱུར་རོ། །ཏ་ལའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ་ལྷོ་ཕྱོགས་སུ་ལྷ་ཆེན་པོ་ལ་ཁ་བལྟས་པར་གནས་ནས། དེ་གནོད་མཛེས་ཀྱིས་བཀུག་ནས་ཇི་ལྟ་བ་བཞིན་དུ་དམ་ཚིག་ལ་བཞག་ནས་ཚ་བ་དང་ཁ་བ་བསྔགས་པ་མ་ཡིན་པའི་མེ་ཏོག་གིས་མཆོད་དེ། དེ་བླངས་ནས་དེ་རང་གི་ལས་གྲུབ་པའི་ཕྱིར་བཀའ་བསྒོ་ནས་གཤེགས་སུ་གསོལ་ཏེ། རང་ཡང་གྲོང་གི་ལྷོ་ཕྱོགས་སུ་སོང་སྟེ། འབུས་ཟོས་པའི་ལྷག་མའི་ཏ་ལའི་ལོ་མ་ལ་མི་རུས་ཀྱི་


DTG039_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་མས་བརྒྱ་བརྐོ་བའི་ཚུལ་དུ་བསྒྲུབ་བྱའི་མིང་དང་སྤེལ་ནས་དེའི་སྔགས་བྲི་བར་བྱའོ། །དུག་ལ་སོགས་པས་བྱུགས་ནས་ནིམ་པའི་ལོ་མ་ཟོས་པའི་ཁ་ཆུ་གཏོར་ཞིང་མ་རུངས་པའི་སྔགས་བརྒྱ་རྩ་བརྒྱད་ཟློས་ཤིང་མེ་ཏོག་དེ་ལ་ལན་བདུན་སྔགས་ཤིང་དེ་ནས་ཅུང་ཟད་ཏ་ལའི་ལོ་མས་དཀྲིས་པ་དང་ཏ་ལའི་ལོ་མ་ལ་ཡང་མེ་ཏོག་ལྷག་མས་དཀྲི་བར་བྱའོ། །དེ་ནས་དགྲ་བོའི་སྒོ་ལ་སོགས་པར་ཙོག་བུས་ཁུང་བུ་བརྐོས་ཏེ་སྦ་བར་བྱའོ་ཞེས་བྱ་བ་ནི་མན་ངག་གོ །སྤྱིའི་ཕུར་པའི་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་བཅིངས་ཏེ་མི་གཡོ་བར་བྱས་ནས་འདིས་སྐུ་ལ་སོགས་པ་བཅིང་བ་ནི་ཕུར་པའི་སྔགས་སོ། །དེ་ཉིད་མི་ཕྱེད་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་མངོན་དུ་བྱས་ནས། རིགས་གསུམ་གྱི་ཕུར་པ་གདབ་པའི་སྔགས་གསུངས་པའི་རྣམ་པས་སེམས་རྩེ་གཅིག་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །སརྦ་དུཥྚཱན་ཞེས་བྱ་བ་དང༌། སརྦ་པཱ་པཾ་ཞེས་བྱ་བ་སྤངས་ནས་བསྒྲུབ་བྱའི་མིང་དང་སྤེལ་བར་བྱའོ། །ཨཱ་ཛྙཱ་པ་ཡ་ཏི་ཞེས་བྱ་བའི་དེ་མ་ཐག་ཏུ་བསྒྲུབ་བྱ་ཞེས་བརྗོད་དེ། མིའི་རུས་པའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ་རང་གི་རིགས་ཀྱི་བྱེ་བྲག་གིས་ཕུར་བུ་གསུམ་པོ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་མཉམ་གཞག་ལ། །ཞེས་བྱ་བ་ནི་བསམས་ནས་སོ། །གང་ཡིན་ཞེ་ན་གསུངས་པ། འོད་འཕྲོ་འཁྲུག་པ་ལ་སོགས་པ། །རྡོ་རྗེ་གསུམ་གྱི་སྐུ་ཡི་མཐར། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་གནས་ནས་བརྩམས་ཏེ། སྟེང་ཁྲོ་བོའི་རྣམ་པའོ། །འོག་ཏུ་གནས་པ་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །མགོ་ནས་བརྩམས་ནས་རྐང་པའི་བར་དུ་གང་གི་ཚེ་བསྒྲུབ་བྱ་ལ་གདབ་པོ་ཞེས་ལ་ལ་དག་འདོད་དོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ཕུར་བུ་ལ་བྱ་བའི་ཕྱིར་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །འདི་སྐད་གསུངས་པ་ཡིན་ཏེ། དུ་ཁྲོད་ཀྱི་རས་ལ་སྔར་བཤད་པའི་རྫས་ཀྱིས་རྡོ་རྗེ་འབར་བ་བྲིས་ནས། དེའི་ལྟེ་བ་ལ་ཞེ་སྡང་རྡོ་རྗེ་ཡི་གེ་ཧཱུཾ་ལས་བྱུང་བ་འོག་ཏུ་རྩེ་མོའི་རྣམ་པ་བྲིས་ནས་བཀུག་སྟེ། སོར་


DTG039_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའི་ལྕགས་ཀྱི་རང་བཞིན་གྱི་ཕུར་བུའི་བུག་པར་གཞུག་པར་བྱ་སྟེ་མེ་ཏོག་སྔོན་པོས་མཆོད་ནས། ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་སྔར་གྱི་བཞིན་དུ་དུར་ཁྲོད་ཀྱི་ས་ལ་སོགས་པ་རྣམས་ཀྱིས་ཕུར་བུའི་ཚད་ཙམ་གྱི་གཟུགས་བརྙན་བྱས་ནས་དེའི་སྙིང་གར་དེ་བཞིན་དུ་དེ་ཉིད་ཀྱི་སྔགས་གཞུག་པར་བྱ་སྟེ་དགུག་པ་ལ་སོགས་པ་སྔོན་དུ་སོང་བ་ཇི་ལྟ་བ་བཞིན་མིང་དང་སྤེལ་ཏེ་སྔགས་བརྗོད་ནས་མགོ་བོ་ནས་བརྩམས་ཏེ། རྐང་པའི་བར་དུ་གང་གི་ཚེ་ཕུར་པ་གདབ་པར་བྱའོ། །དེ་བཞིན་དུ་འབར་བའི་འཁོར་ལོའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཀྱི་ཕུར་པ་ཁ་དོག་ནག་པོ་ལ་སོགས་པ་དང་བཅས་པ་མི་རུས་ཀྱི་རྐང་སྦུབས་ཀྱི་ནང་དུ་བཅུག་སྟེ་མངོན་སྤྱོད་ཀྱི་རྗེས་སུ་མཐུན་པ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་སྔར་གྱི་བཞིན་དུ་ཕུར་པ་གདབ་པར་བྱའོ། །དེ་བཞིན་དུ་པདྨའི་ལྟེ་བ་ལ་སྣང་བ་མཐའ་ཡས་ཀྱི་ཕུར་བུ་ནག་པོ་བྲིས་ནས། སེང་ལྡེང་གི་ཕུར་པ་སོར་བརྒྱད་པའི་བུག་པར་གཞུག་པར་བྱའོ། །སྣང་བ་མཐའ་ཡས་ཀྱི་སྦྱོར་བས་ཁྲོ་བོས་དེ་བཞིན་ཕུར་བུས་གདབ་བོ། །འདི་ཉིད་ཀྱི་རིམ་པས་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་ཕུར་པའི་བྱ་བ་གསུངས་པ། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཁ་ཅིག་གོ །གཞན་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་སྐུ་རྡོ་རྗེ་ལ་སོགས་པ་བསྒྲུབ་པའི་ཕུར་བུ་དང་སྦྱོར་བར་བྱེད་དོ། །འདི་ལྟར་འཆད་དེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ། རང་གི་རིགས་ཀྱི་ཁྲོ་བོའི་ཕུར་པས་ཐུགས་རྡོ་རྗེ་ལ་ཕུར་བུས་གདབ་པར་བྱའོ། །རྣམ་པར་སྣང་མཛད་ལ་གཤིན་རྗེ་གཤེད་ཀྱིས་སོ། །མི་བསྐྱོད་པ་ལ་བགེགས་མཐར་བྱེད་ཀྱིས་སོ། །སྣང་བ་མཐའ་ཡས་ལ་པདྨ་མཐར་བྱེད་ཀྱིས་ཕུར་བུས་གདབ་པར་བྱའོ་ཞེས་སོ། །འདི་རྣམས་ཉིད་བླ་མའི་མན་ངག་ཁོ་ན་ལས་ལྷག་པའི་ལྷ་ཕུར་བུས་གདབ་པ་ཡང་རྟོགས་པར་བྱའོ། །བདུད་རྩི་འཁྱིལ་བ་ཁྱད་པར་གསུངས་པ། འཁྱིལ་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་ངས་བཏབ་པས་སམ་མི་བསྐྱོད་པའི་སྦྱོར་བས་བཏབ་པའོ། །སངས་རྒྱས་དག་ཀྱང་ཞེས་བྱ་བ་ནི་


DTG039_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་རྣམས་འབའ་ཞིག་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །ཕུར་བུའི་ཆ་བྱད་གསལ་བར་གསུངས་པ། སྙིང་གར་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གནས་བརྩམས་ཏེ་རྐང་པའི་བར་དུ་རྡོ་རྗེ་རྩེ་མོ་གཅིག་པའི་རྣམ་པའོ། །སྟེང་དུ་དམ་ཚིག་དེ་ཉིད་བྱ། །ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་ལྷའི་རྣམ་པའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཁྲོ་བོ་མདོག་ནག་པོའི་གཟུགས་སོ། །བསམ་གཏན་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་འདིས་བསམ་གཏན་གྱི་ཕུར་བུར་གསུངས་པའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་པ་ལ་དེ་སྐད་ཅེས་བྱའོ། །དེས་བསྒྲུབ་བྱ་ལ་ཕུར་བུས་གདབ་པ་ནི་སངས་རྒྱས་ཀྱང་གདབ་པར་བྱ་ཞེས་པ་དང་འབྲེལ་ཏེ། སངས་རྒྱས་ཉིད་ཀྱང་ཕུར་བུས་གདབ། །ཅེས་བྱ་བའི་དོན་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལན་བདུན་བསྒྲུབས་པས་ཀྱང་མ་གྲུབ་ན་རང་གི་ལྷ་ཕུར་པས་དབང་དུ་བྱས་ནས་བསྒྲུབ་བོ་ཞེས་འཆད་དོ། །འདི་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཨེ་མ་ཧོ་གསང་བའི་གནས་ཀྱི་མཆོག །ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེའི་གནས་ནི་རབ་ཏུ་གནས་པ་སྟེ། དེ་ཉིད་མངོན་སྤྱོད་ཀྱི་ལས་བྱ་བར་འགྱུར་བ་ནི་ངོ་མཚར་བའོ། །སྙིང་པོ་ཀུན་བསྡུས་པ་ཞེས་བྱ་བ་ནི་སྐུའི་སྒོ་ནས་སྡུད་པར་བྱས་པའི་དོན་ངེས་པར་བསྟན་པའི་ཕྱིར་རོ། །ཨེ་མ་ཧོ་ཆོས་ཀྱི་གནས་ཞི་བ། །ཞེས་བྱ་བ་ནི་གསུང་གི་སྒོ་ནས་སྤྲོས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཨེ་མ་ཧོ་རྡོ་རྗེ་རྣམ་པར་འཇོམས། །ཞེས་བྱ་བ་ནི་ཐུགས་ཀྱི་སྒོ་ནས་ལྟ་བ་ངན་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན་གསུངས་པ། ཕུར་པ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་རིགས་ལྔ་ལས་བྱུང་བའི་ལྷ་རྣམས་ཀྱིའོ། །དེ་ཉིད་ལས་བྱུང་བ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དེ་རྫོགས་པའོ། །སྐུ་གསུང་ཐུགས་ཀྱི་མཆོག་སྦྱིན་པ། །ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་རྒྱུ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་སྟེར་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེ་ན་


DTG039_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། སྔགས་ཀྱི་དེ་ཉིད་བསྡུས་པའོ། །ཞེས་བྱ་བ་ལ་སྔགས་ནི་དེ་ཁོ་ན་ཉིད་བསྐུལ་བ་སྟེ་དེ་ཁོ་ན་ཉིད་ནི་སྙིང་པོའི་ངོ་བོ་རྣམས་ཏེ་དེ་རྣམས་ཀྱིས་བསྡུས་པ་ནི། ངེས་པར་བསྟན་པའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་རྨད་དུ་བྱུང་བའི་སྔགས་རྣམས་ནི་ལས་ཀྱི་ཚོགས་ཐམས་ཅད་བསྒྲུབ་པ་སྤྱན་ལ་སོགས་པའི་སྔགས་ཏེ་ངེས་དགུག་པ་དང༌། མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱེད་པའོ། །དེའི་དོན་འཕྲུལ་པ་ནི་སྣ་ཚོགས་ཀྱི་གཟུགས་རོལ་པ་ཡིན་ལ་དེ་ཉིད་རྒྱལ་པོ་སྟེ་གསལ་བར་བྱེད་པའོ། །གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བརྗོད་པར་བྱ་བའི་ཕྱིར་སྒྲའི་ཚོགས་དེ་བཞིན་དུ་ཡང་བཤད་དོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས། ལེའུ་བཅུ་བཞི་པའི་བཤད་པའོ།། །།


previousལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་བཤད་པ།next