ཞལ་གདམས་ཡིད་ཀྱི་པདྨོའི་ཁ་འབྱེད་འོད་སྟོང་བདག་པོ།
རང་དོན་སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས། །གཞན་དོན་གདུལ་བྱའི་རེ་འདོད་ཡིད་བཞིན་སྐོང་། །མཚུངས་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །ཉུང་ངུའི་ཚིག་འདི་གུས་པའི་ཡིད་ཀྱིས་སྤེལ། །དང་པོ་ཆོས་ལམ་གཉེར་བའི་དུས་ཀྱི་ཚེ། །འཁོར་བའི་གནས་རིས་གང་དུ་སྐྱེས་གྱུར་ཀྱང་། །བདེ་བའི་གོ་སྐབས་ནམ་ཡང་མེད་པའི་ཚུལ། །ཡིད་ཆེས་ངེས་པ་གཏིང་ནས་མ་རྙེད་ན། །ཚེ་འདིའི་ཕུན་ཚོགས་འདོད་པའི་བློ་ངན་དང་། །འགྲོགས་པའི་ཐོས་བསམ་བསྒོམ་པའི་བྱ་བ་ཡིས། །ཐར་པའི་ལམ་བཟང་བགྲོད་པར་མི་ནུས་པས། །ཚེ་འདིའི་ཞེན་པ་དུག་བཞིན་སྤོང་བར་མཛོད། །ཆོས་ལ་ཞུགས་ཚེ་གཉེན་གྲོགས་མཛའ་བཤེས་ཀྱིས། །ལོག་པའི་ལམ་དུ་བསྒྱུར་བར་གསུངས་པས་ན། །མཚན་ལྡན་བླ་མའི་བཀའ་ལུང་ཇི་བཞིན་དུ། །བློ་ཐག་བཅད་ནས་རང་ཚུགས་འཛིན་པ་གཅེས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བའི་དུས། །ཚུལ་མིན་ཡིད་བྱེད་རྟོག་པའི་བདུད་ལས་འདིས། །ཕྱིན་ཅི་ལོག་གི་གཡང་སར་འཁྲིད་པས་ན། །དྲན་ཤེས་བཟང་པོས་རང་སེམས་འདུལ་བ་གནད། །ཡོན་ཏན་ཅུང་ཟད་རྒྱུད་ལ་སྐྱེས་པའི་ཚེ། །ལྟར་སྣང་གཞན་དོན་བྱེད་པའི་རྣམ་གཡེང་གིས། །སྒྲུབ་འབྲས་ཚེ་འདིར་འཆོར་བར་གསུངས་པས་ན། །ཆོས་བརྒྱད་བློ་ངན་ལམ་ཁའི་རོ་བཞིན་སྤོངས། །རང་གི་ཉམས་སུ་བླང་བྱའི་ཆོས་དེ་ཡི། །ཐོག་མཐའ་ཀུན་ལ་མཁས་པར་མ་སྦྱངས་ན། །ནེ་ཙོའི་ཁ་འདོན་ལྟ་བུའི་ཉམས་ལེན་ལ། །བརྩོན་པ་མང་ཡང་ལམ་སྣ་ཟིན་པ་ཉུང་། །སྐྱིད་འདོད་ཚེ་འདིའི་ཞེན་པ་སྤངས་ནས་ནི། །ངེས་འབྱུང་བྱང་ཆུང་སེམས་ཀྱིས་ཟིན་པ་ཡིས། །སྡུག་བསྔལ་དང་ལེན་དཀའ་སྤྱད་དྲག་པོ་ཡིས། །སྒྲུབ་ལ་བརྩོན་པ་དམ་པའི་རྣམ་ཐར་ལགས། །བདག་འཛིན་འགོང་པོའི་གཉེན་པོར་མ་སོང་བའི། །ལྟར་སྣང་ཆོས་ཀྱིས་ཆོས་གོ་མི་ཆོད་པས། །བདེན་གཉིས་ཟུང་འཇུག་བྱང་ཆུབ་སེམས་མཆོག་གིས། །རང་སེམས་འདུལ་བ་རྒྱལ་བའི་སྲས་ཀྱི་ཚུལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས། །རང་གི་སེམས་འདི་འདུལ་བར་མ་ནུས་ན། །ལེགས་སྨོན་དུག་གིས་སྦགས་པའི་བསྙེན་སྒྲུབ་དེས། །རྣམ་མཁྱེན་ལམ་དུ་འགྲོ་བར་དཀའ་བ་ལགས། །འདུ་འཛི་སྤེལ་བའི་གྲོགས་ངན་མ་སྤངས་ན། །ཡེངས་མ་ལམ་དུ་མི་ཚེ་ཟད་འགྱུར་བས། །སྨྲ་བ་བཅད་ནས་དབེན་པའི་རི་ཁྲོད་དུ། །སྒྲུབ་ལ་བརྩོན་ན་མི་ཚེ་དོན་ཡོད་ཡིན། །འདིར་སྣང་ཆེ་རྒུའི་ཞལ་འཛུམ་མ་མཐོང་ཞིང་། །དཔལ་འབྱོར་ལོངས་སྤྱོད་གང་ཡང་མ་མཆིས་ཀྱང་། །དམན་ས་བཟུང་ནས་སྒྲུབ་ལ་གཞོལ་ནུས་ན། །མཚུངས་མེད་བླ་མའི་ཐུགས་དགོངས་རྫོགས་པར་ངེས། །ལྡན་དང་གྲོལ་བའི་ཡོན་ཏན་མེད་བཞིན་དུ། །དད་རྫས་ཟོས་པའི་ཉེས་པ་ལྕི་བའི་ཕྱིར། །ཁ་མགོ་ཐོན་ཙམ་ཟས་གོས་འབྱོར་བའི་ཚེ། །རང་ཚོད་བཟུང་ནས་རང་སེམས་ཆོས་དང་བསྲེས། །སྦྱང་གཞི་སྦྱོང་བྱེད་རང་ངོ་མ་འཕྲོད་པའི། །བསྐྱེད་རྫོགས་སྒོམ་པས་འཁྲུལ་སྣང་འཇིག་དཀའ་བས། །འཇམ་མགོན་བརྒྱུད་པའི་བཀའ་སྲོལ་ཇི་བཞིན་དུ། །འཁོར་འདས་བསྲེ་བའི་གནད་ལ་མཁས་པར་མཛོད། །ཉམས་ལེན་མན་ངག་གནད་ཀྱིས་མ་ཟིན་པའི། །ཆོས་གཟུགས་ཙམ་གྱིས་འཆི་ཁར་མི་ཕན་པས། །འཇམ་མགོན་བླ་མའི་བཀའ་ལུང་ཇི་བཞིན་དུ། །ཟབ་མོའི་ཉམས་ལེན་སྲང་དུ་ཚུད་དགོས་ཤིང་། །བྱིན་རླབས་བརྒྱུད་པའི་བཀའ་བབ་མ་ཉམས་པའི། །བླ་མ་འདི་འདྲ་དེང་སང་རྙེད་དཀའ་བས། །ཁ་ཞེ་མེད་པར་དད་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་པ་ལམ་གྱི་རྩ་བ་ཡིན། །རང་རྒྱུད་གཡོ་སྒྱུའི་སྐྱོན་གྱིས་མ་བསླད་ཅིང་། །མཆོག་དམན་ཀུན་ལ་ཞེ་འགྲས་མ་ཤོར་བར། །དབེན་པའི་གནས་སུ་འཆི་བ་སྒུག་ནུས་ན། །བདག་ནི་སྙིང་ནས་དེ་ལ་སྤྲོ་བར་འདུག །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་བྱུང་བའི། །སྙན་བརྒྱུད་བཞི་ལྡན་དབང་བཞིའི་ལམ་བཟང་པོ། །ཆག་མེད་ཚུལ་གྱིས་ཉམས་སུ་ལེན་ནུས་ན། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། །ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །སྙན་བརྒྱུད་ཟབ་མོ་རང་ལ་ཡོད་བཞིན་དུ། །རི་བོང་ཅལ་བཞིན་འུད་ཅན་གཞན་དག་གི། རྗེས་སུ་འབྲང་བ་ཆོས་སྐལ་ཆད་པའི་རྟགས། །དལ་འབྱོར་ཐོབ་ཅིང་མཚན་ལྡན་བླ་མ་མཇལ། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་དུས་འདིར། །བློ་སྣ་བསྟུངས་ནས་རྩེ་གཅིག་སྒྲུབ་པ་ལ། །གཞོལ་བའི་དམ་བཅས་སྙིང་གི་དཀྱིལ་ནས་མཛོད། །རང་གི་སེམས་རྒྱུད་ཆོས་དང་མ་འདྲེས་པའི། །རྨོངས་པ་བདག་ལས་གདམས་ངག་མི་འབྱུང་མོད། །ཆོས་མཐུན་གྲོགས་ཀྱི་ཞལ་ངོ་མ་ཆོག་ནས། །ཡིད་ལ་གང་དྲིན་ཡི་གེའི་ལམ་དུ་སྤེལ། །ཆོས་དང་འབྲེལ་བའི་བདག་ཅག་དཔོན་སློབ་རྣམས། །ཚེ་རབས་ཀུན་ཏུ་འཇམ་མགོན་བླ་མ་ཡི། །ཞབས་པད་བསྟན་ཅིང་ལྟ་སྤྱོད་མཐུན་པ་དང་། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཅེས་པ་འདི་ནི་ཐར་ལམ་དབུ་མཛད་འཇམ་དབྱངས་བཀྲ་ཤིས་དང་། །དོན་གླིང་ཚེ་མཚམས་པ་བསམ་གཏན་ཕྲིན་ལས་གཉིས་ཀྱི་བཞེད་སྐོང་དུ་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བན་དེ་ཀུན་གའ་རྒྱལ་མཚན་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།