Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྟོབས་བཅུ་བཤད་པ།
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྟོབས་བཅུ་བཤད་པ།next

སྟོབས་བཅུ་བཤད་པ།


GLG012_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་བཤད་པ།གཉིས་པ་ལ། སྟོབས་བཅུ་མདོར་བསྟན་པ། དེ་རྣམས་རྒྱས་པར་བཤད་པ། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ། ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་བསྟན་པ་དང་བཞི། དང་པོ་ནི། སྟོབས་ནི་ཆོས་ཅན། བཅུ་པོ་འདི་དག་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས། དེ་བཞིན་དུ་ལས་ཀྱི་རྣམ་སྨིན་བློ་སྟེ་མཁྱེན་པའི་སྟོབས་མོས་པ་སྣ་ཚོགས་ཐུགས་སུ་ཆུད་པ་དང་། སྣ་ཚོགས་ཁམས་ནི་མཁྱེན་པའི་སྟོབས་དང་། དེ་བཞིན་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང་། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་བློ་སྟེ་མཁྱེན་པའི་སྟོབས་དང་། སྔོན་གནས་རྗེས་དྲན། དེ་བཞིན་འཆི་འཕོ་སྐྱེ་བ་བློ་སྟེ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་ཡོད་པའི་ཕྱིར། གཉིས་པ་ལ། གནས་དང་གནས་མིན་མཁྱེན་པ་སོགས་ལྔ་བཤད། ཐམས་ཅད་དུ་འགྲོ་བ་སོགས་ལྔ་བཤད་པ་གཉིས། དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་ཆོས་ཅན། གནས་སོགས་མཁྱེན་པར་བཤད་དེ། རྒྱུ་གང་ལས་འབྲས་བུ་གང་ཞིག །ངེས་པར་སྐྱེ་འགྱུར་དགེ་བ་དེ་ནི་དགེ་བའི་གནས་སུ་དེ་ལྟར་མཁྱེན་པ་རྣམས་ཀྱིས་གསུངས་ལ། བཤད་པ་དེ་ལས་བཟློག་པ་ནི་གནས་མིན་པ་སྟེ་དེ་ལྟ་བུའི་ཤེས་བྱ་མཐའ་ཡས་པ་ལ་མཁྱེན་པ་ཐོགས་པ་སྤངས་པ་དེའི་ཕྱིར། དེ་ཆོས་ཅན། རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་དེ། འདོད་མི་འདོད་དགེ་མི་དགེ་དང་། དེ་ལས་བཟློག་པ་སྟེ་འདྲེས་པ་དང་། ཟག་བཅས་ཀྱི་ལས་ངན་པ་ཟད་པ་ཟག་མེད་ཀྱི་དངོས་པོའི་ལས་དང་། དེའི་རྣམ་སྨིན་མི་འདྲ་བ་སྣ་ཚོགས་མཁྱེན་པའི་ཕྱིར།


GLG012_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཆོས་ཅན། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་སྟེ། འདོད་ཆགས་དང་། དད་སོགས་ས་བོན་གྱི་སྟོབས་ལས་འདོད་པ་ནི་ཤིན་ཏུ་སྣ་ཚོགས་པ་དམན་འབྲིང་དང་གང་ཡང་ཁྱད་པར་འཕགས་པའི་འདོད་པ་དང་དེ་ལས་གཞན་པའི་ཆོས་རྣམས་ཀྱིས་དེ་གཡོགས་པའི་མོས་པ་ལའང་མཁྱེན་པ་ནི་དུས་གསུམ་དུ་འགྲོ་བའི་ཤེས་བྱ་མ་ལུས་པར་ཁྱབ་པའི་ཕྱིར། དེ་ཆོས་ཅན། ཁམས་ཀྱི་སྟོབས་སུ་འདོད་དེ། སངས་རྒྱས་ཁམས་རྣམ་པར་དབྱེ་བ་ལ་མཁས་པ་རྣམས་ཀྱིས་མིག་སོགས་དང་དེ་རྣམས་ཀྱི་རང་བཞིན་གང་དེ་ཁམས་སུ་གསུངས་པའི་ཁམས་ཀྱི་རབ་དབྱེའི་རྣམ་ཀུན་གྱི་ཁྱད་པར་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་པར་འཇུག་པའི་ཕྱིར། དེ་ཆོས་ཅན། མཆོག་དམན་མཁྱེན་པའི་སྟོབས་སུ་གསུངས་ཏེ། ཀུན་ཏུ་རྟོག་པ་ཆགས་སོགས་དང་། དད་སོགས་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། འབྲིང་གི་གནས་སྐབས་དང་། རྟུལ་པོ་ཉིད་མཆོག་མིན་པར་བཤད་པ་དང་། མིག་ལ་སོགས་པ་དབང་པོ་ཕན་ཚུན་བསྒྲུབ་པར་ནུས་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཆགས་ཐོགས་མེད་པའི་ཕྱིར། གཉིས་པ་ནི། ཆོས་ཅན། ལམ་མཁྱེན་པའི་སྟོབས་སུ་འདོད་དེ། ལམ་འགའ་ཞིག་རྒྱལ་བ་ཉིད་དང་། འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཡི་དྭགས་དུད་འགྲོ་ལྷ་མི་རྣམས་དང་དམྱལ་བ་སོགས་སུ་འགྲོ་བའི་ལམ་དེ་ལ་མཁྱེན་པ་ཆགས་ཐོགས་མེད་པའི་ཕྱིར། ཆོས་ཅན། ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་སུ་བཤད་དེ། འཇིག་རྟེན་མཐའ་ཡས་པའི་རྣལ་


GLG012_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་བྱེ་བྲག་ལ་ཐ་དད་བསམ་གཏན་བཞི། རྣམ་ཐར་བརྒྱད་དང་གང་ཞི་གནས་གང་དག་དང་། སྙོམས་འཇུག་གི་ཁྱད་པར་གཅིག་དང་བརྒྱད་དུ་གྱུར་པ་སྟེ། དེ་ལ་མཁྱེན་པ་ཆགས་ཐོགས་མེད་པའི་ཕྱིར། ཆོས་ཅན། རྗེས་དྲན་གྱི་མཁྱེན་པའི་སྟོབས་སུ་བཤད་དེ། ཇི་སྲིད་གཏི་མུག་དེ་སྲིད་དེ་ཐོག་མ་མེད་པའི་སྲིད་པར་གནས་པའི་འདས་པའི་དུས་སུ་བདག་དང་སེམས་ཅན་གཞན་རེ་རེ་ཡི་སྲིད་པར་སེམས་ཅན་ནི་ཇི་སྙེད་པ་དེ་སྙེད་དེ་མཐའ་ཡས་པའི་སྐྱེ་བ་ཐམས་ཅད་གཞིར་བཅས་ཏེ་ཡུལ་ཕྱོགས་དང་བཅས་པ་དེ་རྣམས་ལ་བློ་ཐོགས་པ་མེད་པའི་ཕྱིར། ཆོས་ཅན། འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་དེ། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་བ་དང་། སྐྱེ་བ་གང་ནམ་མཁའི་མཐར་ཐུག་པར་འཇིག་རྟེན་ལ་གནས་པ་ལས་ཀྱི་བཟོ་བོས་རྣམ་པར་བཀྲ་བར་བྱས་པ་མང་པོ་དེ་ལ་དུས་དེར་མཁྱེན་པ་རྣམ་པ་ཀུན་ཏུ་ཡོངས་སུ་དག་པས་མ་ཆགས་པར་འཇུག་པའི་ཕྱིར། ཆོས་ཅན། ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འདོད་པ་སྟེ་དེ་བརྙེས་ཏེ། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་བ་རྣམས་ཀྱི་ཉོན་མོངས་དེ་དག་ནི་བག་ཆགས་དང་བཅས་པ་འཇིག་པ་སྟེ་སྤངས་པར་འགྱུར་བ་དང་། སློབ་མ་ཉན་ཐོས་ལ་སོགས་པས་ཉོན་མོངས་པ་ཟག་མེད་ཀྱི་བློ་ཡིས་འགོག་པ་གང་ཡིན་པ་དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་པར་འཇུག་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཉན་རང་དང་བྱང་སེམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་མ་བརྗོད་པ་དེ་སངས་རྒྱས་ཀྱི་ཡོན་ཏན་


GLG012_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་དབང་གིས་མ་ཡིན་ཏེ། སློབ་མ་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་རྣམས་ཀྱི་བློའི་ནུས་པ་ཟད་པའི་དབང་གིས་སངས་རྒྱས་ཀྱི་ཡོན་ཏན་མཁའ་ལྟར་མཐའ་ཡས་པ་མ་བརྗོད་པར་ལྡོག་པར་འགྱུར་བའི་ཕྱིར། དཔེར་ན་ནམ་མཁའ་ལྡིང་མཁའ་ལ་འཕུར་བ་ན་ནམ་མཁའ་མེད་པས་འདབ་ཆགས་ཀྱི་དབང་པོ་དེ་ལྡོག་པར་མི་འགྱུར་གྱི། འདིར་ནི་ནམ་ཞིག་ན་རང་མཐུ་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་ནོ། །འགྲེལ་པ་མཛད་པ་བདག་འདྲ་བས་སངས་རྒྱས་ཁྱོད་ཀྱི་ཡོན་ཏན་འདི་དག་མ་ལུས་པ་ནི་ཤེས་པ་དང་ནི་བརྗོད་པར་ནུས་པར་འགྱུར་རམ་ཅི་སྟེ་མི་ནུས་མོད། འོན་ཀྱང་དོགས་པ་སྤངས་ནས་ཡོན་ཏན་ཅུང་ཟད་ཙམ་ཞིག་སྨྲ་བའི་རྒྱུ་མཚན་ཡོད་དེ། དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པ་ལས་རྟོགས་པའི་ཕྱིར། བཞི་པ་ནི། འདིར་བསྟན་སངས་རྒྱས་ཀྱི་ཡོན་ཏན་གཉིས་སུ་འདུ་སྟེ། ཟབ་མོ་སྟོང་ཉིད་གཞི་ལམ་གྱི་དེ་ཉིད་ཡིན་ལ། སྟོབས་སོགས་ཡོན་ཏན་གཞན་རྣམས་རྒྱ་ཆེ་བ་ཡིན་པའི་ཕྱིར། བསྟན་བཅོས་འདི་ཆོས་ཅན། ཟབ་པ་དང་རྒྱ་ཆེ་བར་འཆད་དེ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ཤེས་ནས་བསྒོམས་པས་ཡོན་ཏན་འདི་དག་ཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཐུན་མོང་བའི་གདུལ་བྱར་སྤྲུལ་སྐུ་ཕུན་སུམ་ཚོགས་ཏེ། ཆོས་ཀྱི་སྐུ་ལས་སླར་ཡང་མི་གཡོ་བའི་སྐུ་མངའ་བ་ཁྱོད་ཀྱིས་སྲིད་པ་གསུམ་དུ་བྱོན་ནས་སྤྲུལ་པ་རྣམས་ཀྱིས་གཤེགས་པ་དང་། བལྟམ་པ་དང་། བྱང་ཆུབ་ཞི་བར་བགྲོད་པའི་འཁོར་ལོའང་སྟོན་པར་མཛད་པ་


GLG012_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་གི་སྤྱོད་པ་ཅན་རེ་བ་སྟེ་སྲེད་པའི་ཞགས་པས་མངོན་པར་བཅིངས་པ་མ་ལུས་པ་ཐུགས་རྗེ་ཆེན་པོས་མྱང་འདས་ལ་བཀྲི་བར་མཛད་པའི་ཕྱིར། བཞི་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་འགྲོ་བ་ལ་ཐེག་པ་མི་མཉམ་པ་དབྱེར་མེད་པའི་ཐེག་པ་གཅིག་ཁོ་ནར་བསྟན་ཏེ། གང་ཕྱིར་འདི་ན་དེ་ཉིད་ཤེས་པ་ལས་དྲི་མ་མཐའ་དག་སེལ་བ་ནི་ལྷུར་འབྱེད་པ་གཞན་མེད་ཅིང་། དེ་ཉིད་ཀྱི་ཡུལ་ཅན་བློ་གྲོས་འདི་ཡང་རྣམ་པ་ཐ་དད་པར་འགྱུར་བ་མེད་པ་དེའི་ཕྱིར་ཏེ། དེ་ཉིད་ནི་རྣམ་འགྱུར་གྱི་དབྱེ་བ་བསྟེན་པའང་མིན་པའི་ཕྱིར། གདུལ་བྱ་ཀུན་ཐེག་ཆེན་ལ་མི་འཇུག་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་པ་ཁ་ཅིག་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་པ་ལ་འཇུག་པར་མི་འགྱུར་བའི་ཕྱིར་ཏེ། གང་ཕྱིར་འགྲོ་བ་རྣམས་ལ་ཉེས་པ་སྐྱེད་པར་བྱེད་པའི་སྙིགས་མ་ལྔ་པོ་འདི་དག་ཡོད་པར་གྱུར་བའི་ཕྱིར། ཆོས་ཅན། ཁྱོད་ཀྱིས་ཉན་རང་གི་ཐེག་པ་འདི་ནི་སློབ་མ་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་སྡུག་བསྔལ་ཉེ་བར་ཞི་བའི་ཚུལ་ལ་ཡིད་སྦྱར་བའི་ཆེད་དུ་གསུངས་ཤིང་ཉོན་མོངས་ཀྱིས་རྣམ་པར་དབེན་པའི་བློ་སྦྱངས་པ་རྣམས་ལ་ཕྱིས་ཐེག་ཆེན་ལོགས་སུ་གསུངས་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་བདེ་གཤེགས་ཁྱོད་ལ་གདུལ་བྱ་འདུལ་པའི་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་པ་མངའ་བ་དང་། གང་གི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་ཞེས་ཁྱོད་ཀྱིས་ཞལ་གྱིས་བཞེས་པ་དེ་མཐར་ཕྱིན་པར་མཛད་དགོས་པའི་ཕྱིར། དཔེར་ན་དེད་དཔོན་ཐབས་ལ་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་


GLG012_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ངལ་བ་ཉེ་བར་སེལ་བའི་ཕྱིར་དུ་གྲོང་ཁྱེར་ཡིད་དུ་འོང་བ་བར་དུ་རྣམ་པར་བཀོད་པ་སྟེ་སྤྲུལ་པ་ལྟར་རོ། །ལྔ་པ་ལ་གཉིས། མངོན་པར་བྱང་ཆུབ་པའི་དུས་དང་། བཞུགས་པའི་དུས་ཀྱི་བཤད་པའོ། །དང་པོ་ནི། ཆོས་ཅན། བྱང་ཆུབ་ཀྱི་སྙིང་པོར་སངས་རྒྱས་ཚུལ་སྟོན་པའི་གྲངས་བསམ་གྱིས་མི་ཁྱབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་པའི་ཡུལ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ་བདེ་བར་གཤེགས་པ་ཁྱོད་བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་དེ་སྙེད་ཡོད་པའི་ཕྱིར། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་གདུལ་བྱ་ཁ་ཅིག་ལ་བསྙད་པར་བགྱི་བ་མ་ལགས་ཏེ། སྔོན་དགེ་རྩ་མ་བསགས་པ་རྣམས་མོས་པར་དཀའ་བའི་ཕྱིར། གཉིས་པ་ནི། ཆོས་ཅན། ཁྱོད་ལ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་འགྱུར་བ་གང་མངའ་སྟེ་མི་མངའ་སྟེ། ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཏུ་ཞི་བར་འགྲོ་བ་མིན་ཞིང་ནམ་མཁའ་རྣམ་པར་འཇིག་པར་འགྱུར་བ་མིན་པ་དེ་སྲིད་དུ་ཤེས་རབ་ཡུམ་གྱིས་བསྐྱེད་པའི་རྒྱལ་བ་ཁྱོད་ལ་ཐུགས་རྗེ་བརྩེ་བའི་མ་མ་ཡིས་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པའི་ཚུལ་ལུགས་འདི་བྱེད་པས་སོ། །ཆོས་ཅན། མགོན་པོ་ཁྱོད་མཆོག་ཏུ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་གཤེགས་པར་འགྱུར་བ་མ་ལགས་ཏེ། གཏི་མུག་གི་སྐྱོན་གྱིས་འཇིག་རྟེན་འདོད་ཡོན་གྱི་ཁ་ཟས་དུག་བཅས་ཟ་བའི་སྐྱེ་བོ་ཉིད་ཀྱི་ང་མི་དེ་ལ་ཁྱོད་ཐུགས་བརྩེ་བ་ཇི་ལྟ་བ་དེ་ལྟར་དུ་དུག་ཟོས་ནས་ཉེན་པའི་བུ་ལ་མ་ཡི་སྡུག་བསྔལ་གྱི་ཡིད་སྐྱེད་པ་མ་ཡིན་པ་དེས་ནའོ། །ཆོས་ཅན། ཁྱོད་ལ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་འདའ་བ་མི་མངའ་སྟེ། གང་གི་ཕྱིར་


GLG012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་མཁས་པ་དངོས་པོ་དང་དངོས་པོ་མེད་པར་བདེན་པར་ཞེན་པའི་བློ་ཅན་གྱིས་སྐྱེ་བ་དང་འཇིག་པའི་གནས་སྐབས་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པས་བསྐྱེད་པའི་སྡུག་བསྔལ་དང་། སྡིག་ཅན་གྱི་འགྲོ་བ་ཐོབ་པ་དེའི་ཕྱིར་དང་། འཇིག་རྟེན་ཐུགས་བརྩེ་བ་ཆེན་པོའི་ཡུལ་དུ་རབ་ཏུ་དོང་བའི་བཅོམ་ལྡན་འདས་ཁྱོད་ཐུགས་རྗེ་ཆེན་པོས་ཐུགས་ཞི་བ་ལས་བཟློག་པས་སོ། །གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི། དབུ་མ་ལ་འཇུག་པའི་ལུགས་འདི་ཆོས་ཅན། དགེ་སློང་དཔལ་ལྡན་ཟླ་གྲགས་ཀྱིས་རང་དགར་སྦྱར་བའི་ཉེས་པ་མེད་དེ། དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལས་བཏུས་ནས་ངེས་དོན་གྱི་ལུང་ཇི་ལྟ་བ་བཞིན་དང་། ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་བརྗོད་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐར་པ་དོན་གཉེར་རྣམས་ཀྱིས་ལུགས་འདི་ལ་འཇུག་པར་རིགས་ཏེ། ཇི་ལྟར་དབུ་མའི་གཞུང་ལུགས་འདི་ལས་གཞན་ན་སྟོང་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆོས་འདི་ནི་མེད་པ་དེ་བཞིན་དུ་འདིར་འབྱུང་བའི་ལུགས་ཀྱང་བསྟན་བཅོས་གཞན་ན་མེད་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ཡོད་དེ། ཀླུ་སྒྲུབ་ཀྱི་ཟབ་མོ་རྟོགས་པའི་བློ་མཚོ་ཤིན་ཏུ་རྒྱ་ཆེ་བ། དཔག་པར་དཀའ་བའི་ཁ་དོག་གིས་འཇིགས་པས་སྐྱེ་བོ་གཞན་དག་གིས་ལུགས་བཟང་པོ་འདི་དག་རྒྱང་རིང་དུ་སྤངས་པར་བྱས་ཀྱང་། ཀླུ་སྒྲུབ་དེའི་དབུ་མ་ཚིག་ལེའུར་བྱས་པ་མེ་ཏོག་ཀུ་མུ་དཱ་ཁ་འབུས་པ་ལྟ་བུ། བདག་གི་བློ་གྲོས་ཟླ་ཟེར་གྱིས་ཁ་ཕྱེ་བའི་མཐུས་ལེགས་བཤད་ཀྱི་ཆུས་ད་ལྟ་ཟླ་བ་གྲགས་
པ་སོགས་ཀྱི་ཡིད་ལ་རེ་བ་སྐོང་བར་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་འདི་ནི་གསན་རྒྱ་ཆེ་ཡང་སེམས་ཙམ་པ་སོགས་གཞན་གྱིས་ཐུགས་སུ་ཆུད་པར་མི་འགྱུར་ཏེ། སྔར་དེ་ཉིད་བཤད་ཟིན་པ་ཟབ་མོ་འཇིགས་སུ་རུང་བ་འདི་ནི། སྔོན་སྟོང་ཉིད་ལ་ངེས་པའི་བག་ཆགས་གོམས་པ་ཉིད་ལས་སྐྱེ་བོས་ངེས་པར་རྟོགས་པར་འགྱུར་གྱི། སེམས་ཙམ་པ་སོགས་ཀྱིས་དེ་ལས་ལྡོག་པའི་ཕྱིར། འཕགས་པའི་དགོངས་པ་མ་ཡིན་པའི་རང་བློས་སྦྱར་བ་འདི་དག་མཐོང་ནས་གང་ཟག་གི་བདག་ཏུ་བརྗོད་པའི་གཞུང་ལུགས་རྣམས་ལ་བྱ་བ་ལྟར་དུ་སེམས་ཙམ་པའི་ལུགས་ཀྱི་བཞེད་གཞུང་ལུགས་འདི་ལས་གཞན་པ་ལ་དགའ་བའི་བློ་དོར་བར་བྱ་སྟེ། སེམས་ཙམ་པས་དེ་ཉིད་མ་རྟོགས་པའི་ཕྱིར། བཞི་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་འདི་ལུང་རིགས་ཀྱི་སྒོ་ནས་བསྙད་པ་ལས་བྱུང་བའི་བདག་གི་བསོད་ནམས་ཕྱོགས་ཀྱི་མཐར་ཁྱབ་པ། ཡིད་ཀྱི་ནམ་མཁའ་ཉོན་མོངས་ཀྱིས་སྔོན་པོར་བྱས་པའི་དཀྱིལ་དུ། དགེ་ཚོགས་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ། སེམས་ཀྱི་སྦྲུལ་ལ་དགེ་ཚོགས་ཀྱི་གདེངས་ཀའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་གང་ཞིག་ཐོབ་པ་དེས། འཇིག་རྟེན་གྱི་འགྲོ་བ་མ་ལུས་པས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་ས་ཀུན་ཏུ་འོད་དུ་བགྲོད་པར་ཤོག་ཅིག །


previousསྟོབས་བཅུ་བཤད་པ།next