Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
  
  
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
རྟོགས་དཀའ་བ་སའི་ཚོགས་བྱེ་བྲག་ཏུ་བཤད་པ།
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousརྟོགས་དཀའ་བ་སའི་ཚོགས་བྱེ་བྲག་ཏུ་བཤད་པ།next

རྟོགས་དཀའ་བ་སའི་ཚོགས་བྱེ་བྲག་ཏུ་བཤད་པ།


GLG013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དཀའ་བ་སའི་ཚོགས་བྱེ་བྲག་ཏུ་བཤད་པ། གཉིས་པ་སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིའི་མཚམས་སྦྱར་བ་དང་། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། སའི་ཚོགས་ཀྱི་ནང་ནས་ཡོངས་སྦྱོང་དེ་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ཤླཽ་ཀ་ཉི་ཤུ་རྩ་གསུམ་གྱིས་བཤད་པ་ཡིན་ཏེ། དེ་སའི་ཚོགས་ལ་ས་གང་གི་སྐྱོན་ཟད་པ་དང་ཡོན་ཏན་རྫོགས་པའི་སྒོ་ནས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་དུ་ཡིན་པའི་ཕྱིར། གཉིས་པ་


GLG013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུའི་ས་དགུ་བཤད་པ་དང་། འབྲས་བུའི་ས་བཅུ་པ་བཤད་པའོ། །དང་པོ་ལ་དགུ་ཡོད་པའི་ནང་ནས། ས་དང་པོ་རབ་ཏུ་དགའ་བ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ས་དང་པོ་རབ་ཏུ་དགའ་བ་ཆོས་ཅན། ཁྱོད་ཐོབ་པར་འགྱུར་བའི་ཐབས་ཡོད་དེ། ཡོངས་སུ་སྦྱོང་བ་རྣམ་པ་བཅུའི་སྒོ་ནས་སྦྱངས་པས་ཡོན་ཏན་གོང་འཕེལ་དུ་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། ས་དང་པོའི་ཡོངས་སྦྱོང་ལ་བཅུར་ཡོད་དེ། དྲང་པོའི་བསམ་པས་དམ་ཆོས་འཛིན་པར་སྤྲོ་བའི་ས་དང་པོའི་ཡོངས་སྦྱོང་དང་། རང་གཞན་གྱི་དོན་སྒྲུབ་པ་ལ་ཕན་པའི་དངོས་པོ་ཉིད་དེ་རང་བཞིན་ཅན་གྱི་དེ་དང་། སེམས་ཅན་རྣམས་ལ་ཚད་མེད་བཞིའི་སྒོ་ནས་སེམས་མཉམ་པ་ཉིད་ཀྱི་དེ་དང་། དགེ་རྩ་ཐམས་ཅད་གཏོང་བ་ལ་སེར་སྣ་མེད་པའི་དེ་དང་། དགེ་བའི་བཤེས་གཉེན་སྟེན་པར་བྱེད་པའི་དེ་དང་། དམ་ཆོས་དེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་འཚོལ་བ་ལ་དམིགས་པའི་དེ་དང་རྟག་ཏུ་ངེས་པར་འབྱུང་བའི་སེམས་དང་བཅས་པ་ཉིད་ཀྱི་དེ་དང་། གཞན་དོན་དུ་སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པ་ལ་དགའ་བའི་དེ་དང་། ཆོས་སྟོན་པ་ལ་དཔེ་མཁྱུད་མེད་པའི་དགུ་དང་། ཚིག་བདེན་པར་སྨྲ་བའི་ས་དང་པོ་བའི་རྒྱུད་ཀྱི་ཡོངས་སྦྱོང་ནི་བཅུ་པ་ཡིན་པར་འདོད་པའི་ཕྱིར། ཡོངས་སྦྱོང་བཅུ་པོ་འདི་དག་ཆོས་ཅན། ཁྱོད་ཀྱིས་སྦྱོང་བར་བྱེད་ཚུལ་ཡོད་དེ། ཐབས་སྙིང་རྗེ་ཆེན་པོ་དང་འཁོར་གསུམ་བདེན་གྲུབ་ཀྱི་རང་བཞིན་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ས་དང་པོའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པར་བྱེད་པའི་ས་དང་པོའི་མཁྱེན་པ་དེ། ས་དང་པོའི་ཡོངས་སྦྱོང་གི་མཚན་ཉིད་ཟེར་ན། ས་


GLG013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་ཡེ་ཤེས་སྐད་ཅིག་ཐ་མ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཁ་ཅིག །ས་དང་པོའི་ཡོངས་སྦྱོང་ཡིན་ན། ས་དང་པོའི་ཡོན་ཏན་རྫོགས་པས་ཁྱབ། དེའི་ཡོངས་སྦྱོང་རྫོགས་པ་དང་། ས་གཉིས་པར་འཕོས་པ་དུས་མཉམ་ཟེར་ན། ས་དང་པོའི་ཡོན་ཏན་རང་རྒྱུད་ལ་རྫོགས་པར་སྐྱེས་པའི་བྱང་སེམས་ས་དང་པོ་བ་ཆོས་ཅན། ས་གཉིས་པའི་ཡེ་ཤེས་སྐད་ཅིག་དང་པོ་རང་རྒྱུད་ལ་སྐྱེས་པའི་གང་ཟག་ཡིན་པར་ཐལ། ས་དང་པོའི་ཡོངས་སྦྱོང་རྫོགས་པའི་གང་ཟག་གང་ཞིག །དེ་གཉིས་དུས་མཉམ་པའི་ཕྱིར། རྟགས་ཕྱི་མ་ཁས། དང་པོ་དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འགོག་བདེན་ས་དང་པོའི་ཡོངས་སྦྱོང་ཡིན་ཟེར་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། ས་དང་པོའི་ཡོངས་སྦྱོང་ཡིན་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། དེ་ཆོས་ཅན། ས་དང་པོའི་ཡོངས་སྦྱོང་ཡིན་པར་ཐལ། དེའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། དེའི་ཡོན་ཏན་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་ཆོས་ཅན། ས་དང་པོའི་མཁྱེན་པའི་ཡོན་ཏན་ཡིན་པར་ཐལ། དེའི་ཡོན་ཏན་ཡིན་པ་གང་ཞིག །ས་དང་པོ་དང་ས་དང་པོའི་མཁྱེན་པ་གཉིས་དོན་གཅིག་པའི་ཕྱིར། གཉིས་པ་རང་ལུགས་ནི། ས་དང་པོའི་སྐྱོན་དང་བྲལ་ཞིང་། ས་དང་པོའི་ཡོན་ཏན་རྫོགས་པའི་ས་དང་པོའི་ཡོན་ཏན་དེ་ས་དང་པོའི་ཡོངས་སྦྱོང་གི་མཚན་ཉིད། གཉིས་པ་འགྲེལ་པ་ནི། ས་དང་པོའི་ཡོངས་སྦྱོང་འཆད་ཚུལ་ཡོད་དེ། རྩ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་འཆད་པའི་ཕྱིར། སེམས་ཅན་དང་དགེ་བའི་རྩ་བ་སོགས་གཞི་ཐམས་ཅད་ལ་གྱ་གྱུར་མེད་པའི་བསམ་པས་དམ་ཆོས་འཛིན་པར་སྤྲོ་བའི་ས་དང་པོའི་རྒྱུད་ཀྱི་ཡོན་ཏན་ཆོས་ཅན། དེའི་ཡོངས་སྦྱོང་ཡིན་ཏེ། དེའི་མི་མཐུན་ཕྱོགས་འཇོམས་ཤིང་ཡོན་ཏན་རྫོགས་པར་བྱེད་པའི་དེའི་ཡོན་ཏན་ཡིན་པའི་ཕྱིར། རྟགས་


GLG013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་གཉིས་ཀ་ཀུན་ལ་འགྲེ། གཞན་དོན་ཆེས་ཆེར་བྱས་ཏེ་རང་དང་གཞན་གྱི་དགོས་པ་ལ་ཕན་པ་ཐེག་ཆེན་གྱི་ཆོས་འཛིན་པ་ཉིད་ཀྱི་ས་དང་པོ་བའི་རྒྱུད་ཀྱི་ཡོན་ཏན་ཆོས་ཅན། སེམས་ཅན་ཐམས་ཅད་ལ་ཚད་མེད་བཞིའི་སེམས་རྩེ་གཅིག་པ་ཉིད་ཀྱིས་བསམ་པ་ཁྱད་འཕགས་ཀྱི་ས་དང་པོ་བའི་རྒྱུད་ཀྱི་ཡོན་ཏན་ཆོས་ཅན། ལུས་ལོངས་སྤྱོད་དགེ་རྩ་སོགས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སེར་སྣ་མེད་པའི་ས་དང་པོ་པའི་རྒྱུད་ཀྱི་ཡོན་ཏན་ཆོས་ཅན། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་གུས་པར་བྱེད་པའི་དེ་ཆོས་ཅན། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་འདོད་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་དམིགས་པའི་དེ་ཆོས་ཅན། ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བའི་དེ་ཆོས་ཅན། སངས་རྒྱས་རྗེས་དྲན་གྱི་བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པའི་དེ་ཆོས་ཅན། དཔེ་མཁྱུད་མེད་པར་དམ་པའི་ཆོས་རབ་ཏུ་སྟོན་པའི་དེ་ཆོས་ཅན། དམ་བཅའ་མཐར་ཕྱིན་བྱེད་པས་བདེན་པར་སྨྲ་བ་ཉིད་ཅེས་བྱ་བའི་དེ་ཆོས་ཅན། ཤེས་བྱ་ཆོས་ཅན། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་ཡོངས་སྦྱོང་བཅུས་ས་དང་པོ་རབ་ཏུ་དགའ་བ་འཐོབ་པ་ཡིན་ཏེ། དེས་ས་དང་པོའི་ཡོན་ཏན་རྣམ་པ་ཐམས་ཅད་དུ་བསྐྱེད་ཅིང་ཐོབ་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་བཅུ་པོ་བདེན་གྲུབ་ཀྱི་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སྦྱོང་དག་ཁོ་ནས་འཐོབ་པའི་ཕྱིར། སྨྲས་པ། གཡོ་མེད་དྲང་པོའི་ནོར་འཛིན་གཞི་ལ་ཐེག་ཆེན་ཆོས་ཀྱི་བང་རིམ་ཅན། །ཚད་མེད་ཤེལ་གྱི་བ་གམ་མངོན་མཐོ་སྦྱིན་པའི་སྒོ་འཕར་བརྒྱ་ཕྲག་ཕྱེ། །བཤེས་གཉེན་ལྷ་དབང་གཙུག་ན་རབ་འགྱིང་སྡེ་སྣོད་ཉེ་དབང་ཚོགས་ཀྱིས་བསྐོར། །ངེས་པར་འབྱུང་བའི་དགའ་སྟོན་རྨད་བྱུང་ཀུན་མཁྱེན་རྣམ་པར་རྒྱལ་ལ་བརྩོན། །དམ་ཆོས་དབྱངས་


GLG013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྫ་རྔ་རབ་སྒྲོགས་བདེན་པར་སྨྲ་བའི་གླུ་དབྱངས་ལེན། གཏན་གྱི་བདེ་བའི་བདུད་རྩི་ལ་སྤྱོད་སྔ་ན་མེད་པའི་སྐབས་གསུམ་པ། །ཨེ་མ་རབ་ཏུ་དགའ་བའི་སའི། །ཡོན་ཏན་འདི་ཡང་ཆེས་དཀའ་ན། །ངལ་བ་མེད་པར་སངས་རྒྱས་སུ། །བགྲོད་པ་མཁས་པའི་བཞད་གད་གནས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་གཉིས་པའི་ཡོངས་སྦྱོང་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ས་གཉིས་པའི་ཡོངས་སྦྱོང་ལ་བརྒྱད་ཡོད་དེ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་ཐོབ་པའི་གཉིས་པའི་ཡོངས་སྦྱོང་དང་། བྱས་པ་དྲན་པའི་བྱས་པ་གཟོ་བའི་དེ་དང་། གནོད་པ་ལ་བཟོད་པའི་དེ་དང་། དགེ་ཆོས་སྒྲུབ་པ་ལ་རབ་ཏུ་དགའ་བའི་དེ་དང་། འགྲོ་བ་ལ་སྙིང་བརྩེ་བ་ཆེན་པོའི་དེ་དང་། མཁན་པོ་སོགས་ལ་བཀུར་སྟི་བྱེད་པའི་དེ་དང་། བླ་མ་ལ་གུས་པས་ཆོས་ཉན་པའི་དེ་དང་། སྦྱིན་པ་ལ་སོགས་ཕྱིན་དྲུག་ཉམས་ལེན་བརྩོན་པས་ཁྱད་པར་དུ་བྱས་པའི་གཉིས་པའི་ཡོངས་སྦྱོང་དང་བརྒྱད་དུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཉིས་པའི་ཡོངས་སྦྱོང་རྒྱས་པར་འཆད་ཚུལ་ཡོད་དེ། གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པས་ཁྱད་པར་དུ་བྱས་པའི་དགེ་བའི་ཆོས་སྡུད་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གསུམ་དང་ལྡན་པའི་གཉིས་པའི་ཡོངས་སྦྱོང་དང་། དེ་དག་བྱེད་ཀྱི་ཡན་ལག་གཞན་གྱིས་ཕན་པ་བྱས་པ་དྲན་པ་ཆུད་མི་ཟ་བའི་དེ་དང་། གཞན་གྱིས་གནོད་པ་བྱས་པ་ལ་སོགས་པ་བཟོད་པ་སྡུག་བསྔལ་དང་ལེན་དང་། ཆོས་ལ་ངེས་རྟོག་གི་བཟོད་པ་དང་ལྡན་པའི་དེ་དང་། དགེ་བའི་ཆོས་སྒྲུབ་པ་ལ་འགྱོད་པ་མེད་པར་སྤྲོ་ལྡན་གྱི་དེ་དང་། སྐྱེ་བོ་ཐམས་ཅད་མི་འདོར་བའི་བྱམས་པའི་དེ་དང་། མཁན་པོ་ལ་སོགས་པ་ལ་གུས་པས་འདུད་པའི་དེ་དང་། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཆོས་ལྟར་སྒྲུབ་པའི་དེ་དང་། དེ་ཡང་སྒྲུབ་པ་དམ་པ་སྦྱིན་པ་ལ་སོགས་པའི་


GLG013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་སྤྲོ་བ་ཞེས་བྱ་བ་དེ་ལྟ་བུའི་ས་གཉིས་པའི་ཡོངས་སུ་སྦྱོང་བ་སྔ་མ་ས་དང་པོ་ལ་བཤད་པ་བཞིན་ཐབས་ཤེས་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བ་བྱས་པའི་ཁྱད་པར་རྣམ་པ་བརྒྱད་ཀྱིས་ས་གཉིས་པ་དྲི་མ་མེད་པ་འཐོབ་པ་ཡིན་པའི་ཕྱིར། སྨྲས་པ། རྣམ་གསུམ་ཚུལ་ཁྲིམས་གསེར་གྱི་འཁོར་ལོ་ཡིས། །དྲིན་གཟོའི་དབྱིག་འཛིན་ལྟོ་བར་ཐོགས་མེད་དུ། །རྒྱུ་ཚེ་བཟོད་པའི་ཡ་ལད་བཙན་པོ་ཅན། །འགྱོད་པའི་ཕས་རྒོལ་དཔུང་ཚོགས་ངང་གིས་འཇོམས། བྱམས་པའི་འཛུམ་ལྡན་ལེགས་བྱས་མཁན་པོར་བཀུར། །དམ་ཆོས་རྫོགས་ལྡན་ཁྲིམས་ཀྱིས་ལྕི་བའི་དཔལ། །ཕྱིན་དྲུག་གླིང་བཞིར་འཁོར་ལོས་བསྒྱུར་བ་ཡི། །དྲི་མེད་གཉིས་པའི་ཡོན་ཏན་འདི་ན་ཤིས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་གསུམ་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ས་གསུམ་པའི་ཡོངས་སྦྱོང་དེ་ལ་རྣམ་པ་ལྔ་ཡོད་དེ། མང་དུ་ཐོས་པས་མི་ངོམས་པ་ཉིད་ཀྱིས་གསུམ་པའི་ཡོངས་སྦྱོང་དང་། ཉོན་མོངས་པའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པའི་དེ་དང་། རང་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཀུན་ཡོངས་སུ་སྦྱོང་བའི་དེ་དང་། འཁོར་བའི་འགྲོ་བས་ཕན་ལན་དུ་གནོད་པ་བྱེད་པ་ལ་ཡོངས་སུ་མི་སྐྱོ་བའི་དེ་དང་། སྡིག་པ་ལ་རང་གཞན་རྒྱུ་མཚན་དུ་བྱས་པའི་ངོ་ཚ་ཁྲེལ་ཡོད་ཅེས་བྱ་བའི་ཡོངས་སྦྱོང་སྟེ་དེ་ཀུན་བདེན་པར་རློམ་པ་མེད་པར་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཉིད་ཀྱིས་ཟིན་པའི་སྒོ་ནས་སྦྱོང་བའི་དེ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་གཉིས་པ་བས་ཡོངས་སུ་སྦྱོང་བ་ལྔ་བྱས་པས་ས་གསུམ་པ་འོད་བྱེད་པ་རྟོགས་པ་སྟེ་འཐོབ་པ་ཡིན་ཏེ། ཐོས་པ་ལ་བརྩོན་པས་དམ་པའི་ཆོས་ཉན་པས་ངོམས་མི་ཤེས་པའི་གསུམ་པའི་ཡོངས་སྦྱོང་དང་། དེས་རྙེད་པ་


GLG013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལ་སོགས་པ་གྲགས་པ་ལ་མི་ལྟ་བའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པའི་དེ་དང་། རང་གང་དུ་འཚང་རྒྱ་བའི་རྟེན་གདུལ་བྱ་དང་བརྟེན་པའི་ཞིང་སྦྱོང་བའི་རྒྱུར་ཚོགས་རྒྱ་ཆེན་པོ་སྒྲུབ་པ་རང་གི་སངས་རྒྱས་ཀྱི་ཞིང་ཀུན་ཡོངས་སུ་སྦྱོང་བའི་དེ་དང་། ས་གསུམ་པར་བཟོད་པ་ལྷག་པར་ཐོབ་པས་ཕན་བཏགས་པའི་སེམས་ཅན་གྱིས་རང་ལ་མི་མཐུན་པ་བྱས་པ་ལ་སོགས་པ་མཐོང་བས་ཡོངས་སུ་མི་སྐྱོ་བའི་དེ་དང་། རང་ལ་ལྟོས་ནས་ཉེས་སྤྱོད་ལ་འཛེམ་པ་ངོ་ཚ་ཤེས་པ་དང་། གཞན་ལ་ལྟོས་ནས་དེ་ལ་འཛེམ་པ་ཁྲེལ་ཡོད་རྫོགས་པས་མི་དགེ་བའི་ཆོས་མི་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ལྔ་པོ་སྔ་མ་ས་དང་པོ་གཉིས་ལས་བཤད་པ་བཞིན་དུ་སྙིང་རྗེ་དང་བདེན་གྲུབ་ཀྱི་ངོ་བོ་ཉིད་དུ་མི་རྟོག་པས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱངས་པས་ཐོབ་པ་ཡིན་པའི་ཕྱིར། སྨྲས་པ། ཆོས་ཚུལ་གངྒཱ་འཐུང་བའི་ཛཧྣུ། །དམ་ཆོས་ཆུ་ཀླུང་སྐྱུག་ལ་འཇུངས་པ་མེད། །ཚོགས་གཉིས་སྒྲུབ་པའི་ཏིང་འཛིན་ཡོངས་བརྟན་པས། །ཅ་ཅོའི་ལོག་པར་སྒྲུབ་ལ་ཇི་མི་སྙམ། །ངོ་ཚ་ཁྲེལ་ཡོད་ཀ་ཤིའི་གོས་ཀླུབས་ཤིང་། །ཐབས་ཤེས་དར་གྱིས་བཅིངས་པའི་ཐོར་ཚུགས་ཅན། །ཚངས་སྤྱོད་འོད་ཀྱིས་སྣང་བ་ཡོངས་བྱེད་པའི། །ཚུལ་འདི་བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་བཞི་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། བཞི་པའི་ཡོངས་སྦྱོང་ལ་བཅུ་ཡོད་དེ། ཉན་རང་ཡིད་བྱེད་ཀྱི་བསམ་པས་དབེན་པའི་ནགས་ན་གནས་པའི་ས་བཞི་པའི་ཡོངས་སྦྱོང་དང་། ཟས་གོས་སོགས་དོན་གཉེར་མེད་པས་འདོད་པ་ཆུང་བའི་དེ་དང་། བཟང་པོ་ལ་སྲེད་པ་མེད་པས་ཆོག་ཤེས་པའི་དེ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་ལ་ཡང་དག་པར་བརྟེན་པའི་དེ་དང་། ཁས་བླངས་པའི་བསླབ་པ་ཡོངས་སུ་མི་གཏོང་བའི་དེ་དང་། འདོད་ཡོན་རྣམས་ལ་ཆགས་ཅན་ལ་སྨོད་པ་སྟེ་སྤོང་བའི་


GLG013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་། གཞན་མྱ་ངན་ལས་འདས་པ་ལ་འགོད་པའི་དེ་དང་། བདོག་པ་ཀུན་གཏོང་བ་ལ་སེར་སྣ་མེད་པའི་དེ་དང་། རྒྱས་སྲས་ཀྱི་སྤྱོད་པ་ལ་མི་ཞུམ་པའི་སྤྲོ་བའི་དེ་དང་། དེ་ཀུན་བདེན་གྲུབ་ཏུ་ལྟ་བ་མེད་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བའི་དེ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་བཞི་པ་བ་དེས་ཡོངས་སྦྱོང་རྣམ་པ་བཅུ་ཉམས་སུ་བླངས་པས་ས་བཞི་པ་འོད་འཕྲོ་བ་ཅན་རྣམ་པར་གནོན་པ་ཡིན་ཏེ། དེས་གྲོང་ལས་རྒྱང་གྲགས་གཅིག་གིས་འཕགས་པའི་དགོན་པར་གནས་པའི་ས་བཞི་པའི་ཡོངས་སྦྱོང་དང་། རྙེད་པ་མ་ཐོབ་པ་ལ་མངོན་པར་འདོད་པ་མེད་པ་འདོད་ཆུང་གི་དེ་དང་། རྙེད་པ་ཐོབ་པ་ལ་ལྷག་པར་དེ་ལས་བཟང་མང་དོན་དུ་གཉེར་བ་མེད་པ་ཆོག་ཤེས་ཀྱི་དེ་དང་། བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ཡང་དག་པར་སྡོམ་པའི་དེ་དང་། ཉེས་ལྟུང་གིས་མ་གོས་པས་བསླབ་པ་བླངས་པ་སྲོག་ལ་སོགས་པའི་ཕྱིར་དུ་ཡང་ཡོངས་སུ་མི་གཏོང་བའི་དེ་དང་། འདོད་ཡོན་ལ་སྲེད་པ་ཆེད་དུ་སྤོང་བས་འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་ཞེན་ཆགས་ལ་སྨོད་པའི་དེ་དང་། གདུལ་བྱ་དང་འཚམ་པར་ཐར་པ་ལ་འགོད་པས། མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པའི་དེ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་དེ་དང་། བཞི་པར་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པར་ཐོབ་པས་རང་ལ་དགེ་བ་ཀུན་སྒྲུབ་པའི་ནུས་ལྡན་དུ་ཤེས་ནས་དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་པར་སྤྲོ་བའི་དེ་དང་། ཅི་ལ་ཡང་ལྟོས་པ་མེད་པར་དངོས་པོ་ཐམས་ཅད་མངོན་པར་ཞེན་པས་མི་ལྟ་བ་ཞེས་བྱ་བ་དེ་ལྟ་བུའི་བཞི་པའི་ཡོངས་སུ་སྦྱོང་བ་སྔ་མ་ས་དང་པོ་གསུམ་ལ་བཤད་པ་ལྟ་བུ་ཐབས་ཤེས་ཀྱིས་ཟིན་པའི་ཡོངས་སྦྱོང་བཅུས་མཐར་ཕྱིན་


GLG013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། སྨྲས་པ། འདུ་འཛིའི་རྡུལ་གྱི་རྒྱལ་མཚན་དང་བྲལ་འདོད་ཆུང་ཆོག་ཤེས་ལྷ་ལམ་ངོས། །སྦྱངས་པའི་ཡོན་ཏན་ཟླ་བའི་མ་མ་བསླབ་ལ་ནན་ཏན་འོད་དཀར་ཅན། །འདོད་ཡོན་སྲེད་པའི་པད་དཀར་རབ་ཟུམ་མྱ་ངན་འདས་པའི་ཆ་ཤས་རྫོགས། །སྦྱིན་པའི་བསིལ་ཟེར་ཀུན་ནས་རབ་འཛག་ཞུམ་པ་མེད་པས་ས་མོས་རྒྱལ། །མ་ལུས་བདེན་གྲུབ་དོན་གྱིས་སྟོངས་པའི་བདེན་མེད་རི་བོང་སྣང་བརྙན་ཅན། །སྣང་ཚུལ་འདི་ཀུན་སྨྲ་བའི་ལྕེ་འདི་ལེགས་བྱས་བརྒྱ་ཕྲག་ཟོང་གིས་བསྒྲུབས། །བྱང་ཆུབ་ཕྱོགས་མཐུན་ཤེས་རབ་འོད་སྟོང་གིས། །ངོ་སྐལ་སྒྲིབ་པའི་མུན་པ་ཀུན་སེལ་བའི། །བཞི་པའི་ས་ཡི་ཡོན་ཏན་གྲགས་འབར་ཡང་། །བློ་གྲོས་སྣང་བ་མེད་ལ་ཅི་བྱར་ཡོད། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་ལྔ་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ས་ལྔ་པའི་ཡོངས་སྦྱོང་ལ་བཅུ་ཡོད་དེ། རྙེད་བཀུར་གྱི་ཆེད་དུ་ཁྱིམ་པ་དང་རབ་བྱུང་སོགས་ལ་འགྲོགས་འདྲིས་བྱེད་པ་སྤོང་བའི་ས་ལྔ་པའི་ཡོངས་སྦྱོང་དང་། ཁྱིམ་ལ་འཁྲེན་པས་དད་ཅན་གྱི་ཁྱིམ་རབ་བྱུང་གཞན་ལ་མི་སྟོན་པ་སྤོང་བའི་དེ་དང་། འདུ་འཛིར་གྱུར་བའི་གནས་དང་། ཉར་རང་ཡིད་བྱེད་ཀྱི་བསམ་པ་སྤོང་བའི་དེ་དང་། རྙེད་བཀུར་གྱི་ཆེད་དུ་བདག་ལ་བསྟོད་ཅིང་གཞན་ལ་བརྙས་པ་སྤོང་བའི་དེ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བའི་དེ་དང་། ཐོས་སོགས་ཀྱིས་ང་རྒྱལ་ཏེ་རློམ་པས་ཁེངས་པ་སྤོང་བའི་དེ་དང་། དགེ་སྡིག་ལ་བླང་དོར་ཕྱིན་ཅི་ལོག་སྤོང་བར་བྱེད་པའི་དེ་དང་། བློ་ངན་ཏེ་འཇིག་ལྟ་སོགས་ལྔ་སྤོང་བའི་དེ་དང་། ཉོན་མོངས་ལ་བཟོད་པ་སྟེ་ཆགས་སྡང་དང་དུ་ལེན་པ་སྤོང་པའི་དེ་རྣམས་སུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། འདྲིས་པ་སོགས་བཅུ་པོ་འདི་ནི་སྦྱོང་བྱེད་བཅུ་པོས་སྦྱངས་ནས་རྣམ་པར་སྤངས་ན་ས་ལྔ་པ་ནི་ཡང་དག་འཐོབ་པར་འགྱུར་ཏེ། དེ་ལྟར་སྦྱངས་པས་དེའི་ཡོན་ཏན་རྫོགས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་ལྔ་པ་བས་ཡོངས་སུ་སྦྱོང་


GLG013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པ་བཅུས་སྔ་མ་བཞི་བཞིན་དུ་སྦྱངས་པས་ས་ལྔ་པ་སྦྱང་དཀའ་བ་འཐོབ་པ་ཡིན་ཏེ། ལྔ་པ་བས་རྙེད་བཀུར་ལ་སྲེད་པས་རྙེད་པ་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་དང་། ལ་སོགས་པ་ཁྱིམ་པ་དང་འགྲོགས་པ་དང་། དད་པ་དང་འབྱོར་བ་ཅན་གྱི་ཁྱིམ་གཞན་ལ་ཉེ་བར་སྟོན་པ་དང་། འདུ་འཛི་འདོད་པས་སྐྱེ་བོ་མང་པོའི་གྲོང་དང་ལ་སོགས་པ་གྲོང་ཁྱེར་དུ་གནས་པ་དང་། རྙེད་བཀུར་གྱི་ཆེད་དུ་བདག་གི་ཡོན་ཏན་ལ་བསྔགས་པ་དང་། གཞན་ལ་སྨོད་པ་དང་། དེ་ལ་བརྟེན་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་འཕེལ་བ་དང་། རང་གི་ཡོན་ཏན་ཅུང་ཟད་ལ་ཁེངས་ཤིང་གཞན་ཁྱད་དུ་གསོད་པ་ཐོས་པ་ལ་སོགས་པ་བསམ་སྒོམ་ལ་རློམ་ཞིང་གཞན་ལ་མི་འདུད་པ་དང་། བླང་དོར་ཕྱིན་ཅི་ལོག་དགེ་བ་དོར་བྱ་དང་། མི་དགེ་བ་ལ་བླང་བྱར་བཟློག་སྟེ་མངོན་པར་ཞེན་པ་དང་། ལོག་པར་ལྟ་བ་ལ་སོགས་པ་འཇིག་ལྟ་ལ་ཞེན་པའི་བློ་གྲོས་ངན་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་ཐམས་ཅད་ལ་ཡིད་ཕྱོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་བཅུ་རྣམ་པར་སྤོང་ཞིང་། སྤང་བྱ་དེ་དག་བཟློག་པའི་ཆོས་གཉེན་པོ་བཅུ་འགྲེལ་པས་དོན་གྱི་འཕངས་པ་ཐབས་ཤེས་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱངས་པས་འཐོབ་པའི་ཕྱིར། སྨྲས་པ། ལོངས་སྤྱོད་རྒྱ་དང་འདུ་ཛི་ཤ་ཝ་རིའི། །ལག་ཏུ་ཆུད་མིན་མུ་ཅོར་སྐད་ངན་སྤངས། །དགེ་བའི་ལས་ལམ་སྤུ་སྡུག་གསེར་མདོག་ཅན། །ང་རྒྱལ་མི་གཙང་མ་གོས་འཁོར་ལོའི་ལག །འཐད་ལྡན་བླང་དང་དོར་བྱའི་ནམ་མཁའ་ལ། །ཡང་དག་ལྟ་བའི་འདབ་གཤོག་གིས་བགྲོད་དེ། །ཉོན་མོངས་མི་གཙང་རྙོག་པ་དང་བྲལ་བའི། །རླབས་ཆེན་སྤྱོད་པའི་རྫིང་བུར་འཇུག་དེ་མཚར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་དྲུག་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ས་དྲུག་པ་ཆོས་ཅན། ཁྱོད་ཀྱིས་སྦྱིན་སོགས་དྲུག་དང་སྤང་བྱ་དྲུག་སྦྱར་


GLG013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱོང་ཚུལ་ཡོད་དེ། ཁྱོད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བྱེད་པའི་ཉམས་ལེན་ལྷག་པར་ཐོབ་པས་སློབ་མ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ལ་དགའ་བའི་སེམས་སྤངས་པ་དང་། རང་དོན་ཡིད་བྱེད་ཀྱི་སེམས་སྤོང་བའི་ཚུལ་ཁྲིམས་ལ་ཉམས་ལེན་ལྷག་པའི་བསེ་རུ་རང་རྒྱལ་གྱི་བྱང་ཆུབ་ལ་དགའ་བའི་སེམས་སྤངས་པ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ལྷག་པས། དེའི་དོན་ལ་སྐྲག་པའི་སེམས་སྤངས་པ་དང་། སྦྱིན་པ་ལ་སྤྲོ་བའི་བརྩོན་འགྲུས་ལྷག་པས་སྤོང་བ་པོས་བསླངས་ན་སེམས་མི་ཞུམ་པ་དང་། སྦྱིན་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་ལྷག་པས་ཕྱི་ནང་གི་བདོག་པ་ཀུན་བཏང་ཡང་འགྱོད་ནས་མི་དགའ་བ་མེད་པ་དང་། སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་ལྷག་པས་དེའི་མཐར་ཡང་རང་ཉིད་དབུལ་ཡང་། སློང་བའི་སྐྱེ་བོ་མི་སྤོང་བར་བསླབས་པས་ས་དྲུག་པ་ནི་ཡང་དག་པར་འཐོབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་དྲུག་པ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་སྟེ། དེའི་ཉམས་ལེན་ལྷག་པར་ཐོབ་པས་སྤང་བྱ་དྲུག་སྤོང་བ་ཡིན་ཏེ། དེ་ཚུལ་ཁྲིམས་དང་བསམ་གཏན་ལྷག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པ་སྤངས་པ་དང་། བཟོད་པ་ལྷག་པས་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་སྤོང་བ་དང་། སྦྱིན་པ་ལྷག་པས་སློང་བ་པོའི་སྐྱེ་བོས་བསླངས་པ་ན་སེམས་ཞུམ་པ་སྤོང་བ་དང་། བརྩོན་འགྲུས་ལྷག་པས། བདོག་པ་ཐམས་ཅད་རང་གིས་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བ་སྤོང་བ་དང་། ཤེས་རབ་ལྷག་པས་རང་ཉིད་བཀྲེན་ཡང་སློང་བ་པོའི་སྐྱེ་བོ་སྤོང་བའི་སེམས་སྤོང་སྟེ། གཉེན་པོ་རྫོགས་པ་དང་སྤང་བྱ་སྤངས་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་གཉིས་ཀྱིས་སྔ་མ་ས་དང་པོ་ལྔ་ལ་བཤད་པ་བཞིན་སྦྱངས་པས་ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་བའི་ཕྱིར། སྨྲས་པ། མི་མཐུན་སྤང་བྱའི་ཟླ་བའི་མ་མ་གང་། །དང་པོའི་ཕར་ཕྱིན་ལྔ་ཡི་གྲུ་རྫིངས་དང་། །ཤེས་


GLG013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཐུན་པའི་རླུང་གིས་རབ་བསྐྱོད་དེ། །མངོན་གྱུར་ས་ཡི་རིན་ཆེན་གླིང་དུ་ཁྲིད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་བདུན་པ་ལ། སྤང་བྱ་ཉི་ཤུ་སྤོང་བ་དང་། གཉེན་པོ་ཉི་ཤུ་བསྟེན་པར་བསྟན་པའོ། །དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བདག་དང་སེམས་ཅན་འཛིན་པ་སོགས་ཉེས་པ་ཉི་ཤུ་གང་ལ་རྣམ་པར་ཆད་པའི་སེམས་དཔའ་དེ་ཡིས་བྱང་སེམས་ཀྱི་ས་ནི་བདུན་པ་འཐོབ་པ་ཡིན་ཏེ། བྱང་སེམས་དེའི་ཡོན་ཏན་གྱི་ཆོས་གཉེན་པོ་ཉི་ཤུ་རྫོགས་པའི་སྒོ་ནས་འཐོབ་པའི་ཕྱིར། གཉིས་པ་ནི། ས་བདུན་པ་བ་ཆོས་ཅན། བདག་ཏུ་འཛིན་པའི་ས་བོན་ཅི་རིགས་སྤངས་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་བསྐལ་བར་གོམས་པར་བྱས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། སྟོང་པ་ཉིད་ལ་རྩོད་པ་སྟེ་སྟོང་ཉིད་དངོས་པོ་འཇིག་བྱེད་དུ་འཛིན་པ་དང་། ཆོས་ཀུན་བདེན་གྲུབ་ཀྱིས་སྟོངས་པ་དང་། ཀུན་རྫོབ་ཏུ་ཡོད་པ་འགལ་བར་བརྗོད་པ་འཛིན་པ་མངོན་གྱུར་ཡོངས་སུ་སྤངས་པ་ཡིན་ཏེ། ཁྱོད་ཀྱིས་སྔར་བཤད་པའི་ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་བཟློག་པའི་ཆོས་གཉེན་པོ་ཉི་ཤུ་བདག་དང་སེམས་ཅན་འཛིན་པ་དང་། །ཞེས་སོགས་རྩ་འགྲེལ་གྱི་དོན་གྱིས་ཤུགས་ཀྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་སྔ་མ་ས་དང་པོ་དྲུག་ལ་བཤད་པ་བཞིན་དུ་སྦྱངས་པས་ས་བདུན་པ་རིང་དུ་སོང་བ་ཀུན་ཤེས་པར་འགྱུར་བའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བདག་དང་ཞེས་སོགས་རྩ་འགྲེལ་གྱིས་སྤང་བྱ་ཉི་ཤུ་བསྟན་པའི་གཉེན་པོ་ཉི་ཤུ་ཡོད་དེ། དེ་དག་གི་བདག་ཏུ་འཛིན་པ་སོགས་ཉི་ཤུ་སྤང་བྱར་བསྟན་པའི་དོན་གྱིས་ཏེ་ཤུགས་ཀྱིས་འཕངས་པའི་ཆོས་གཉེན་པོ་ཉི་ཤུ་པོ་དེ་ཉིད་རྣམ་


GLG013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་སྒོ་གསུམ་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྣམ་ཐར་སྒོ་གསུམ་ཤེས་པ་དང་། ཞེས་སོགས་ཤླཽཀ་བཞིས་བསྟན་པའི་གཉེན་པོ་ཉི་ཤུ་ས་བདུན་པ་ཡོངས་སུ་སྦྱོང་སྟེ། དེས་དེའི་སྐྱོན་སེལ་ཞིང་ཡོན་ཏན་རྫོགས་པར་བྱེད་པའི་ཕྱིར། གསུམ་པ་ནི། ས་བདུན་པ་བ་ཆོས་ཅན། ཁྱོད་ཀྱིས་རིམ་བཞིན་དུ་གང་ཟག་གི་བདག་དང་། སེམས་ཅན་དང་སྲོག་ཏུ་བདེན་པར་འཛིན་པ་སྤོང་བར་བྱེད་དེ། ཁྱོད་ཆོས་རྣམས་ཀྱི་ངོ་བོ་བདེན་སྟོང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྒྱུ་བདེན་སྟོང་མཚན་མ་མེད་པ་དང་། འབྲས་བུ་བདེན་སྟོང་སྨོན་པ་མེད་པ་གསུམ་ཡང་དག་པར་ཤེས་པ་གོམས་པར་བྱས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་རང་དབང་བའི་གང་ཟག་གཅིག་ཏུ་འཛིན་པ་སྤོང་པ་ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ། གསད་པར་བྱ་བ་དང་། གསོད་པ་པོ་དང་། བསད་པ་སོགས་འཁོར་གསུམ་བདེན་པར་མི་དམིགས་པར་མངོན་སུམ་གྱིས་རྟོགས་པ་བསྐལ་བར་བསྒོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་སེམས་ཅན་ཆད་པར་འཛིན་པ་སྤོང་བ་ཡིན་ཏེ། སྐྱེ་བ་དུ་མར་སྡུག་བསྔལ་གྱིས་གདུངས་པའི་སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་སེམས་ཅན་རྟག་པར་འཛིན་པ་སྤོང་བ་ཡིན་ཏེ། ཁྱོད་སེམས་ཅན་བདེན་གྲུབ་ཀྱི་དངོས་པོར་དམིགས་པ་མེད་པར་མངོན་སུམ་དུ་རྟོགས་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་བླང་དོར་གྱི་མཚན་མ་བདེན་འཛིན་སྤོང་བ་ཡིན་ཏེ། ཁྱོད་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་


GLG013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཐར་ཐུག་གི་རྒྱུ་རིགས་ཐ་དད་པ་གསུམ་དུ་འཛིན་པ་སྤོང་སྟེ། ཁྱོད་ཐེག་པ་ཀུན་ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་རྟོགས་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་ཕུང་པོ་བདེན་འཛིན་སྤོང་སྟེ། མིང་གཟུགས་ཀྱི་ཆོས་རྣམས་དོན་དམ་པར་མི་སྐྱེ་བར་ཡོངས་སུ་ཤེས་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁམས་སུ་བདེན་འཛིན་སྤོང་སྟེ། སྟོང་ཉིད་ཆོས་ཟབ་མོ་ལ་ངེས་པར་རྟོག་པའི་བཟོད་པ་ཁོང་དུ་ཆུད་པ་ལ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། སྐྱེ་མཆེད་དུ་བདེན་འཛིན་སྤོང་སྟེ། དེས་བསྡུས་པའི་ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་ཀྱི་སྒོ་ནས་གཟུང་འཛིན་བདེན་མེད་དུ་རབ་ཏུ་སྟོན་པ་ལ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁམས་གསུམ་ལ་གནས་བྱར་བདེན་འཛིན་སྤོང་སྟེ། ཁྱོད་བདེན་འཛིན་གྱི་རྟོག་པ་ཐམས་ཅད་གཅོད་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁམས་གསུམ་ལ་དོར་བྱ་བདེན་པར་ཆགས་པ་སྤོང་སྟེ། གཙང་བདེ་སོགས་ཀྱི་མཚན་མར་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་འདོར་བ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་གསུམ་ལ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ལམ་གོང་མའི་ཁྱད་པར་འཐོབ་མི་ནུས་སྙམ་དུ་སེམས་ཀུན་དུ་ཞུམ་པ་སྤོང་སྟེ། ཁྱོད་ཞི་གནས་ཁྱད་པར་ཅན་གྱི་ཡོན་ཏན་ལ་དབང་ཐོབ་པའི་ཞི་གནས་སྒོམ་པ་ལ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་སངས་རྒྱས་ལ་བདེན་ཞེན་སྤོང་སྟེ། ཁྱོད་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་དང་། རྟེན་འབྲེལ་སྒྱུ་མར་ཤེས་པའི་ཐབས་ལ་མཁས་པར་


GLG013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཆོས་སུ་བདེན་འཛིན་སྤོང་སྟེ། དམིགས་པར་ལྟ་བའི་ཁེངས་པ་དང་བྲལ་ཞིང་། གནས་ལུགས་མངོན་སུམ་དུ་རྟོགས་པའི་སེམས་ཉེ་བར་ཞི་བ་བསྐལ་པར་གོམས་པ་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། དགེ་འདུན་དུ་བདེན་ཞེན་སྤོང་སྟེ། ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཚུལ་ཁྲིམས་སུ་ལྟ་བའི་བདེན་ཞེན་སྤོང་སྟེ། ཆོས་གང་ལ་ཡང་བདེན་པར་མངོན་པར་ཞེན་པའི་གནས་མ་ཡིན་པར་རྟོགས་པ་དང་ལྡན་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་རྩོད་པ་སྤང་སྟེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དོན་ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་ལྡན་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་འབྲས་བདེན་སྟོང་དང་རྒྱུ་ལས་འབྲས་བུ་འབྱུང་བའི་རྟེན་འབྱུང་འགལ་བར་བརྗོད་པ་འཛིན་པ་སྤོང་བ་ཡིན་ཏེ། ཁྱོད་དམིགས་པ་ལ་བདེན་པར་ཞེན་པའི་སེམས་ཅན་རྫས་འཛིན་གྱི་ཆེད་དུ་གདུལ་བྱ་དང་མཐུན་པར་ཐམས་ཅད་དུ་བདག་གི་ལུས་ལ་དབང་སྒྱུར་བ་ཐོབ་པར་རབ་ཏུ་སྟོན་པ་བསྐལ་པར་གོམས་པའི་སེམས་དཔའ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉི་ཤུ་པོ་འདི་ལ་བསླབས་པས་ས་བདུན་པ་འཐོབ་པ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་སྔ་མ་ས་དང་པོ་དྲུག་ལ་བཤད་པ་བཞིན་དུ་ཐབས་ཤེས་ཀྱིས་ཟིན་པའི་སྒོ་ནས་སྦྱངས་པས་ས་བདུན་པ་རྟོགས་པར་འགྱུར་བའི་ཕྱིར། སྨྲས་པ། གཉེན་པོའི་ག་བུར་གསར་པའི་ཐིགས་པ་ཡིས། །སྤང་བྱའི་ཚ་གདུང་མ་ལུས་བཅིལ་བ་ཡིས། །རིང་དུ་སོང་བའི་བདུན་པའི་ཟློས་གར་འདི། །ཐེག་ཆེན་ལམ་དུ་


GLG013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་གཟིགས་མོར་མཚར། །མ་དག་ས་ཡི་ཡོན་ཏན་རྒྱ་མཚོ་ལས། །ཕྲ་མོའི་རང་བཞིན་མགོ་སྐྱེས་རྩེ་མོ་ཡིས། །བླངས་པ་ཙམ་ཡང་ལྡན་མིན་དག་པའི་མཆོག །ས་བཅུའི་སེམས་དཔའ་རློམ་དེ་བཞད་གད་རྒྱུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ས་བརྒྱད་པ་ལ་རྩ་བ་དང་འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ས་བརྒྱད་པའི་ཡོངས་སྦྱོང་རྣམ་པ་བརྒྱད་པོ་འདི་ལ་སློབ་ཚུལ་བཤད་དུ་ཡོད་དེ། ས་བརྒྱད་པ་བས་སེམས་གཅིག་གིས་སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་བཟང་ངན་ཤེས་པ་དང་། སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་འདི་བལྟ་ཕྱིར་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྩེ་བ་དང་། རང་གང་དུ་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་བཟང་སྒྲུབ་པ་དང་། ཆོས་ཀྱི་ཚིག་དོན་ཡོངས་སུ་བརྟག་པའི་ཕྱིར་སྒོ་གསུམ་གྱིས་སངས་རྒྱས་བསྟན་པ་དང་། ལྷའི་མིག་གིས་སེམས་ཅན་གྱི་དབང་པོ་རྣོ་རྟུལ་ཤེས་པ་དང་། རྒྱལ་བ་ཡི་ཞིང་སྦྱོང་བ་སྟེ་བརྟེན་པ་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་གྱི་ཉོན་མོངས་སྦྱོང་བ་དང་། དེ་ཀུན་བདེན་སྟོང་སྒྱུ་མ་ལྟ་བུ་ལྟ་བ་ལ་གནས་པ་དང་། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ལས་དང་བརྒྱད་ལ་བསླབས་པས་ས་བརྒྱད་པ་འཐོབ་པའི་ཕྱིར། གཉིས་པ་ནི། ས་བརྒྱད་པ་བས་ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱི་སྔ་མ་ས་དང་པོ་བདུན་ལ་བཤད་པ་བཞིན་དུ་ཉམས་སུ་བླངས་པས་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་ཏེ། ས་བརྒྱད་པ་བས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཆགས་པ་ཡོད་མེད་སོགས་སེམས་གཅིག་གིས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྩེ་བ་དང་། དགེ་རྩ་རྒྱ་ཆེན་པོས་རང་གི་སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་བོར་ཡོངས་


GLG013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒྱུར་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ཚིག་དོན་ཡོངས་སུ་བརྟག་པས། དེའི་ཆེད་དུ་སངས་རྒྱས་མཉེས་པར་བྱེད་པ་དང་། སྟོབས་བཅུ་རྗེས་མཐུན་པ་དང་། གཙོ་བོར་ལྷའི་མིག་བསྐྱེད་པས་དབང་པོ་མཆོག་དམན་ཤེས་པ་དང་། རང་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་སྐྱོན་ཡོངས་སུ་སྦྱོང་བ་དང་། ཏིང་ངེ་འཛིན་ལས་ལྡང་འཇུག་གི་སྐབས་ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པ་དང་། གནས་གང་དུ་གང་ཟག་གང་གི་སྐྱེ་བ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་མཐོང་ནས་སྙིང་རྗེ་དང་སྨོན་ལམ་གྱི་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་བཞིན་བྱ་བ་བརྒྱད་ཀྱི་སྒོ་ནས་སྦྱངས་པས་འཐོབ་པའི་ཕྱིར། སྨྲས་པ། ཡིད་ཀྱི་གཟུགས་བརྙན་རྒྱལ་བའི་ཞིང་ཁམས་ཀུན། །སེམས་ཀྱི་མེ་ལོང་ངོས་སུ་རྟག་འཆར་ཞིང་། །མ་དག་ལྕགས་ཀྱི་ཞིང་ཀུན་ཡོངས་དག་པའི། །འཛམ་བུའི་གསེར་དུ་བྱེད་པའི་སྤྲུལ་སྒྱུར་མཁན། །མ་འདྲེས་ཚིག་དོན་དྭངས་པའི་མཚོ་ནང་དུ། །ལྷ་མིག་རྫོགས་པ་གསུམ་པའི་འོད་དཀར་ཅན། །རྣོ་རྟུལ་རི་དྭགས་གཟུགས་བརྙན་འགོག་མེད་འཆར། །ཉོན་མོངས་རྡུལ་བྲལ་སྟོན་མཚན་མཁའ་སྟོང་ལ། །གཡོ་མེད་སྲིད་པར་སྐྱེ་བའི་རྒྱུ་སྐར་འཕྲེང་། །དེ་ལྟའི་ཡོན་ཏན་ནོར་བུ་བཻཌཱུརྱ། །ཐབས་ཤེས་སྲད་བུར་བརྒྱུས་པའི་འཕྲེང་བ་འདི། །ཐེག་ཆེན་རིགས་སད་ལུས་ཕྲའི་མགུལ་བར་མཛེས། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དགུ་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དགུ་པའི་ཡོངས་སྦྱོང་ཡོད་དེ། ཕྱིན་དྲུག་གི་ཉམས་ལེན་རྫོགས་པས་ཇི་ལྟར་སྨོན་པའི་དོན་ལ་སྨོན་ལམ་དག་ནི་མཐའ་ཡས་པ་འགྲུབ་པ་དང་། ངེས་ཚིག་སོ་སོ་ཡང་དག་རིག་པ་ཐོབ་པས་ལྷ་ལ་སོགས་པའི་སྐད་ཤེས་པ་དང་། སྤོབས་པ་སོ་སོ་ཡང་དག་རིག་པ་ཐོབ་པས་ཆོས་སྟོན་པ་ལ་སྤོབས་པ་ཆུ་བོ་ལྟ་བུ་རྒྱུན་


GLG013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆད་པ་དང་། མངལ་དུ་འཇུག་པ་མཆོག་བུད་མེད་སྒྱུ་འཕྲུལ་ལྟ་བུའི་མངལ་དུ་སྐྱེ་བ་དང་། རིགས་མཆོག་རྒྱལ་པོ་དང་བྲམ་ཟེའི་རིགས། རུས་མཆོག་བུ་རམ་ཤིང་པ་ལྟ་བུ། ཕ་མ་ནས་བདུན་བརྒྱུད་བར་མ་ཆད་པའི་ཆོ་འབྲང་དང་། རང་དབང་བའི་འཁོར་དང་། མི་མཆོག་རྣམས་ཀྱིས་བསྟོད་པར་སྐྱེ་བ་དག་དང་ནི་གནས་གཙང་གི་ལྷས་བསྐུལ་ནས་ངེས་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཤིང་ཨཱ་ཤྭད་ཐ་ལྟ་བུའི་དྲུང་དུ་འདུག་པ་དང་། མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ཀྱི་སྒོ་ནས་ཡོངས་སུ་སྦྱོང་བར་བྱེད་པ་རྣམས་སུ་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་དགུ་པ་བས་གོང་དུ་བསྟན་པའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོ། སྔ་མ་ས་དང་པོ་བརྒྱད་ལ་བཤད་པ་བཞིན་དུ་ཐབས་ཤེས་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱང་བར་བྱས་པའི་ཁྱད་པར་དག་གིས་ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ཏེ། དེས་ཕྱིན་དྲུག་གི་ཉམས་ལེན་རྫོགས་པས་སྨོན་ལམ་མཐའ་ཡས་པ་འགྲུབ་པ་དང་། ཐ་སྙད་སྣ་ཚོགས་ཤེས་པའི་ངེས་ཚིག་སོ་སོ་ཡང་དག་རིག་པ་བཞི་ཐོབ་པས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། བརྗོད་པ་ཟབ་མོས་སྤོབས་པ་སོ་སོ་ཡང་དག་རིག་པ་ཐོབ་པས་ཆོས་སྟོན་པ་ལ་སྤོབས་པ་ཆུ་བོ་ལྟར་མི་ཟད་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་བསྔགས་པའི་མའི་མངལ་དུ་འཇུག་པ་དང་། རིགས་མཆོག་རྒྱལ་པོ་ལ་སོགས་པར་གནས་པ་དང་། ཉི་མའི་གཉེན་ལ་སོགས་པ་ལས་སྐྱེས་པའི་རུས་དང་། མ་ལ་སོགས་པ་དང་ལེགས་པར་འབྲེལ་བའི་གཉེན་དམ་པ་རྒྱུད་མར་བྱུང་བའི་ཆོ་འབྲང་དང་། རང་དབང་བའི་འཁོར་ཕུན་སུམ་ཚོགས་པ་དང་། བརྒྱ་བྱིན་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང་།


GLG013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་ལྷ་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བ་དང་། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་སྟོན་པ་འདིའི་ཨཱ་ཤྭད་ཐ་ལ་སོགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང་། སངས་རྒྱས་དང་སངས་ཀྱི་ཆོས་སྟོབས་སོགས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱངས་པས་དེ་ལྟར་འཐོབ་པའི་ཕྱིར། སྨྲས་པ། རྨད་བྱུང་སྨོན་ལམ་མཆོག་གི་ས་བོན་གང་། །སྐྱོན་བྲལ་ལུས་ཕྲའི་མངལ་དུ་དུད་པ་ལས། །ཕུན་ཚོགས་རིགས་ཀྱིས་མཐོ་བའི་ལང་ཚོ་ཅན། །དྲེགས་ལྡན་རལ་པའི་ཟུར་ཕུད་བླ་ན་མེད། །རྣམ་མང་རིག་བྱེད་གཞུང་གི་རྦ་རླབས་དང་། །བརྗོད་པ་ཟབ་མོའི་ལྷུང་ལྷུང་སྒྲ་དབྱངས་ཅན། །སྤོབས་པའི་ཆུ་གཏེར་ཟད་མི་ཤེས་པ་དེ། །སྲིད་འདིར་སྔ་ན་མེད་པའི་ངོ་མཚར་དཔལ། །མཐའ་མེད་འཁོར་བའི་ཚང་ཚིང་སྟུག་པོའི་ཁྱིམ། །འཁྱོག་པོར་ངེས་པར་འབྱུང་བའི་ཕྲ་ལྡེམ་ཅན། །སྐྱེ་རྒུའི་རྐང་འཐུང་ཡོངས་ཀྱི་ཟླ་བྲལ་བའི། །ལེགས་པའི་བློ་གྲོས་མྱ་ངན་མེད་དེ་མཚར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འབྲས་བུའི་ས་བཅུ་པ་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་སྔར་བཤད་པ་དེ་ལྟར་ངེས་པར་བསྟན་ནས། འབྲས་བུའི་ས་བཅུ་པའི་མཚན་ཉིད་འཆད་པར་བྱེད་དེ། དེ་ཡང་ས་འོག་མ་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་རིགས་ཡར་ལྡན་དུ་རྫོགས་ལྡན་དུ་བསྡུ་བའི་སྒོ་ནས་འཆད་རིགས་པའི་ཕྱིར། རྒྱུ་མཚན་ཡོད་དེ། འབྲས་བུའི་ས་བཅུ་པ་ཉིད་དུ་ཡོངས་སྦྱོང་དེ་དག་མ་བཤད་པར། ས་བཅུ་པའི་མཚན་ཉིད་ཀྱི་སྒོ་ནས་བཤད་པ་ཙམ་གྱིས་གོ་ནུས་པས་མ་བཤད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དམན་པ་ས་བརྒྱད་དང་རྒྱུའི་


GLG013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ས་དགུ་བྱང་ཆུབ་སེམས་དཔའི་ས་ཞེས་གཅིག་ཏུ་བྱས་པའི་ས་དགུ་སྔ་མ་ལ་ཤེས་མཐོང་དང་། ཕྱི་མ་ལ་གནས་ནས་འདས་ནས་ཏེ་འདས་པའི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་སྟེ། རྒྱུ་མཚན་གང་གིས་ན། མདོ་ལས་འདའ་བྱ་ས་དགུ་བཤད་མ་ཐག་པའི་བྱང་སེམས་ཀྱི་སར་གནས་པ་ལ། སངས་རྒྱས་ཀྱི་སར་གནས་པ་ཞེས་བཤད་པ་དེ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ། འདའ་བྱ་ས་དགུ་བཤད་པ། དེ་ལས་འདས་པ་ས་བཅུ་པ་བཤད་པ་གཉིས་ལས། དང་པོ་ནི། ཉན་ཐོས་དང་ལ་སོགས་པ་རང་རྒྱལ་གྱི་ཆོས་ཉིད་ཀྱི་རིགས་ལ་བརྟེན་པའི་སྦྱོར་ལམ་བཞི་ཆོས་ཅན། གོ་རིམ་བཞིན་དུ་རིགས་ཀྱི་ས་ཡིན་ཏེ། ཐེག་དམན་གྱི་ཡང་དག་བླངས་པའི་རིགས་ལ་མི་འཁྲུལ་བའི་སོ་སྐྱེའི་རྟོགས་པ་ཡིན་པའི་ཕྱིར། མཐར་གྱིས་པའི་འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པའི་རྟོགས་པ་ཆོས་ཅན། བརྒྱད་པའི་ས་ཡིན་ཏེ། ཟུང་བཞིའི་ཡ་གྱལ་དང་པོའི་རྟོགས་པ་ཡིན་པའི་ཕྱིར། མཐར་གྱིས་པའི་རྒྱུན་དུ་ཞུགས་པའི་རྟོགས་པ་ཆོས་ཅན། མཐོང་བའི་ས་ཡིན་ཏེ། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་རྟོགས་པ་ཆོས་ཅན། བསྲབས་པའི་ས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་འབྲས་གནས་ཀྱི་རྟོགས་པ་ཡིན་པའི་ཕྱིར། ཕྱིར་མི་འོང་བའི་རྟོགས་པ་ཆོས་ཅན། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་གནས་ཀྱི་རྟོགས་པ་ཡིན་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པ་ཉིད་ཀྱི་རྟོགས་པ་ཆོས་ཅན། བྱས་པ་རྟོགས་པའི་ས་ཡིན་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་ཐེག་པ་ཆུང་ངུའི་རྟོགས་པ་ཡིན་པའི་ཕྱིར། ཞེས་བྱ་བ་དྲུག་དང་། ཉན་ཐོས་ཀྱི་འབྲས་བུ་


GLG013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ལ་ཞུགས་པ་གསུམ་གྱི་རྟོགས་པ་ཆོས་ཅན། ཉན་ཐོས་ཀྱི་ས་ཡིན་ཏེ། ཉན་ཐོས་ཀྱི་འབྲས་ཞུགས་ལྷག་མའི་རྟོགས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐབས་འདིར་ས་བདུན་པོ་དེ་ལ་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་སྡུད་པའི་རྒྱུ་མཚན་ཡོད་དེ། འདིར་བལྟས་ནས་འདའ་བ་དང་། གནས་ནས་འདའ་བར་བྱ་བའི་ཐེག་པའི་ཚུལ་གསུམ་རྣམ་པར་བཞག་པ་མཛད་ནས་དེ་ལས་འདས་པ་ས་བཅུ་པའི་མཚན་ཉིད་བཤད་པར་དགོངས་པས་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་བསྡུས་པའི་ཕྱིར། རང་སངས་རྒྱས་འཕགས་པའི་མངོན་རྟོགས་རྣམས་ཆོས་ཅན། རང་སངས་རྒྱས་ཀྱི་ས་ཡིན་ཏེ། ཐེག་པ་འབྲིང་གི་འཕགས་པའི་རྟོགས་པ་ཡིན་པའི་ཕྱིར། སྔར་ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའི་ས་རྣམ་པ་དགུ་པོ་ཆོས་ཅན། བྱང་སེམས་ཀྱི་ས་ཞེས་འདའ་བྱ་ས་དགུའི་གྲངས་འཛིན་གཅིག་ཁོ་ན་ཡིན་ཏེ། འདའ་བྱ་ས་དགུའི་གནས་ནས་འདའ་བའི་ས་གཅིག་ཏུ་བསྡུས་ནས་བཞག་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྔར་བཤད་པ་དེ་ལྟར་མདོ་ལས། ས་དགུ་འདས་ནས་བསྟན་མ་ཐག་པ་མངོན་པར་ཤེས་པ་ཆེན་པོ་ལ་དབང་པའི་སྨོན་ལམ་ཤེས་པ་གང་གིས་ས་སངས་རྒྱས་ཀྱི་ས་དེ་ལ་གནས་པའི་རྗེས་ཐོགས་དེ་མ་ཐག་སངས་རྒྱས་ཀྱི་ས་ཞེས་བཤད་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བ་ཡིན་ཏེ། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱ་ཡི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་མདོ་ལས་འབྱུང་བའི་ཕྱིར། སྨྲས་པ། རྣམ་དཀར་འཕྲིན་ལས་མརྒད་ཞུན་མའི་གོས། །འབད་རྩོལ་རགས་པ་དང་བྲལ་ལེགས་ལྡན་དཔྱིད། །ཕན་བདེའི་དབྱར་གྱི་དགའ་སྟོན་བསྐྲུན་པ་འདི། །སངས་རྒྱས་མཛད་པར་མཚུངས་ཞེས་མཁས་རྣམས་གླེང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་
ཚིགས་སུ་བཅད་པའོ། །


previousརྟོགས་དཀའ་བ་སའི་ཚོགས་བྱེ་བྲག་ཏུ་བཤད་པ།next