Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
 
  
  
  
  
  
  
དགོས་པ་དང་ཕན་ཡོན་མཇུག་རྩོམ་བཅས།


16 occurrences of ཆུ་བཟང་
[Clear Hits]

 
previousདགོས་པ་དང་ཕན་ཡོན་མཇུག་རྩོམ་བཅས། no next

དགོས་པ་དང་ཕན་ཡོན་མཇུག་རྩོམ་བཅས།


GTN006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དགོས་པ་ཕན་ཡོན་དང་བཅས་པ་བཤད་པ་ལ། དང་པོ་རྒྱུ་མཚན་ནི། ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་དགས། བསྟན་བཅོས་དག་ནི་ཐམས་ཅད་དང་། །ལས་ནི་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དུ་ནི་སུ་ཞིག་


GTN006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཞེས་པས་བརྗོད་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྙན་ངག་དྲི་མ་མེད་པ་ལ་ལུགས་གཉིས་ཀྱི་རྣམ་དཔྱོད་དང་ལྡན་པ་དག་གིས་བླང་ཞིང་ཀུན་ཆུབ་པར་བྱ་བ་ཉིད་དོ། །རྒྱུ་མཚན་དེ་ལྡན་གྱི་དགོས་པ་དངོས་ནི། དཎྜིའི་རྒྱན་གྱི་བསྟན་བཅོས་མེ་ལོང་མ་ལས། སྔོན་གྱི་རྒྱལ་པོའི་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེར་བར་མི་གནས་ཀྱང་། །རང་བཞིན་ཉམས་པ་མེད་ལ་ལྟོས། །ཞེས་པས་སྔོན་གྱི་སངས་རྒྱས་དང་། བྱང་སེམས་འཁོར་ལོས་སྒྱུར་པ། ལོ་པཎ། ཆོས་རྒྱལ་ཆེན་པོ་རྣམས་ལ་སོགས་པ། ད་ལྟ་དུས་ཀྱིས་བསྐལ་ནས་ཉེ་བར་མི་གནས་ནའང་། དེ་དག་གི་རྣམ་པར་ཐར་པའི་གཟུགས་བརྙན་སྙན་ངག་གི་མེ་ལོང་ནང་དུ་སོང་བས། མངོན་སུམ་དུ་ཞལ་བཞུགས་པ་དང་འདྲ་བར་གསལ་བར་མཚོན་ནུས་པའོ། །དེ་ལྟར་བརྗོད་པའང་། སློབ་དཔོན་དཔའ་བོས། དམ་པ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ནས་མཁས་པ་མགུ་བྱེད་ཡིན། །ཞེས་དང་། དེ་ལྟར་འཆད་ནུས་པའི་བློ་གྲོས་དང་ལྡན་པའི་སྐྱེས་བུ་རྣམས་ཀྱང་། ཐ་མལ་གྱི་སྤྱོད་ཡུལ་ལས་འདས་པ། ཀུན་གྱིས་བསྔགས་པའི་འོས་སུ་ཆེ་བ་ཡིན་ཏེ། ཇི་སྐད་དུ། ཡོན་ཏན་རབ་ཀྱིས་བརྒྱན་པ་ཡི། །ཁ་ནི་པདྨ་ཡིད་འོང་འདྲ། །ཡོན་ཏན་མེད་པའི་ཁ་དག་ནི། །ས་ཡི་བུག་པ་དག་དང་མཚུངས། །ཞེས་སོ། །དེ་ལྟར་ལེགས་པར་བཤད་པ་དེ་ཉིད་ཀྱིས་རང་གཞན་གྱི་དོན་བཟང་པོ་འགྲུབ་པ་དང་། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་བདེ་


GTN006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བླག་ཏུ་འབྱུང་བའི་རྒྱུར་གྱུར་པའང་ཡིན་ཏེ། སྐྱེས་རབས་ལས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བརྟན་པར་གྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་གསུངས་པས། སྐྱེ་བོ་རྒྱུ་མཚན་མི་ཤེས་པ་དང་། ཤེས་ཀྱང་ལོག་པར་རྟོག་པས་ཡོན་ཏན་སྐྱོན་དུ་མཐོང་བ་དང་། མཉམ་འགྲོགས་ཀྱིས་ཐ་མལ་རང་དང་ལྟ་སྤྱོད་ན་མཉམ་པར་འཛིན་པ་དག །ལ་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེ་བ་དང་། ལ་ལ་མི་ཕྱེད་པའི་དད་པ་གསར་དུ་ཐོབ་པ་དང་། སྔོན་དུ་དད་པས་བླ་མར་བཀུར་བ་རྣམས་ངེས་ཤེས་ཁྱད་པར་ཅན་གསར་དུ་འཁྲུངས་པ་སོགས་ཀྱི་དགོས་པ་ཡོད་པ་ཡིན། དེས་ན་དད་པ་ནི་དཀར་པོའི་ཡོན་ཏན་ཀུན་གྱི་གཞི་དང་རྩ་བ་ལྟ་བུ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མཐའ་དག་ལ། ཐོག་མཐའ་བར་དུ་མེད་དུ་མི་རུང་བ་ཡིན་ཏེ། དཀོན་མཆོག་སྒྲོན་མེའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་གཤེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་ཚོགས་སྡུད་པར་བྱེད། །ཅེས་དང་། རྒྱལ་པའི་དབང་པོ་ཀློང་ཆེན་ཞབས་ཀྱིས།


GTN006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དགེ་བ་དད་པའི་དཔུང་ཚོགས་བསྐྱེད། །འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །ཞེས་སོ། །སྤྱིར་དམ་པའི་རྣམ་ཐར་ནི་མ་ལ་ཡའི་ཙན་དན་གྱི་དུམ་བུ་ལྟར་ཟུར་ཙམ་ལའང་ཡོན་ཏན་ཚད་མེད་པ་མངའ་བ་ཡིན་ཅིང་། ཁྱད་པར་དུ་རྡོ་རྗེ་སློབ་དཔོན་འདི་ཉིད་ཀྱི་རྟོགས་པ་བརྗོད་པའང་། གཟུར་གནས་ཀྱི་སྐྱེས་བུ་མཆོག་རྣམས་དང་། རྒྱུས་ཤེས་ཀུན་གྱི་མངོན་སུམ་ཚད་མ་དང་མི་འགལ་བར། རང་བཟོའི་སྒྲོ་སྐུར་གྱི་དྲི་མས་མ་བསླད་པར་བརྗོད་པའི་ཚུལ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཤེས་རབ་རྒྱ་ཆེའི་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་མཁྱེན་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིགས་དང་ལྡན་རང་བཟོ་གཟུ་ལུམ་བྲལ། །གདུལ་བྱའི་བློ་རིགས་བརྟགས་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །


GTN006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དོན་ལྟར་བཤད་པ་འདི་ནི། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་འགལ་མེད་ཀྱིས་འབྲེལ་བ་ལེགས་པར་གྲུབ་པའོ། །འོ་ན་ལ་ལ་དག་འདི་སྙམ་སྟེ། དེ་ལྟར་ཡོན་ཏན་དང་ལྡན་པ་ཡིན་ན། ཉི་ཟླས་མུན་པ་སེལ་བ་དང་། དབྱར་གྱི་རྒྱལ་མོས་རྩི་ཤིང་ལོ་འབྲས་བསྐྱེད་པ་ལྟར་ངང་གིས་འབྱུང་བས། བཤད་པའི་ལམ་དུ་དྲངས་པ་ལ་དགོས་པ་ཅི་ཡོད་སྙམ་ན། རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུང་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ནས་དགའ་མཆོག་བསྐྱེད། །ཅེས་གསུངས་པས་ཡ་རབས་ཀྱི་སྐྱེ་བོའི་ལུགས་དང་མཐུན་པ་དང་། མཁས་པ་རྣམས་མགུ་བ་བསྐྱེད་པ་དང་། རིགས་ཀུན་འདུས་ཞལ་སློབ་དཔོན་མཆོག་གི་རྣམ་པར་ཐར་པ་ཐོས་བསམ་གྱི་ཡུལ་དུ་གྱུར་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་ཡིན་ལ། ཁྱད་པར་དུ་བླ་མ་དམ་པ་ནི་སྐྱབས་གནས་ཀུན་འདུས། གདུལ་བྱའི་སླད་དུ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་གཟུགས་ཡིན་པ་དང་། སྐུ་གསུང་ཐུགས་ལ་ཕྱོགས་དུས་ཀྱི་སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་དགོས་པ་ཀུན་ཚང་དང་། ཕྲིན་ལས་ཡོངས་རྫོགས་ཀྱི་ཚུལ་དུ་འདུས་པ་ཡིན་ཏེ། རིམ་ལྔ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་དང་། ལུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་


GTN006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡིན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས། དེས་ན་ཞིང་གི་ཕུལ། མི་བསླུ་བའི་སྐྱབས། ཐར་པའི་ལམ་མཁན། འཇིགས་པའི་སྐྱེལ་མ། བརྒྱ་གོ་གཅིག་ཆོད་ཀུན་འདུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མདོ་རྒྱུད་རྒྱ་མཚོ་ནས་ཡང་ཡང་བསྔགས་པ་ལྟར། འདིར་རྣམ་པར་ཐར་པ་ཇི་བཞིན་བརྗོད་པ་ཡང་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པར་ངེས་ཏེ། གང་གི་བ་སྤུའི་ཁུང་བུ་ལ་ཏིལ་མར་གྱིས་བྱུགས་པ་ཙམ་ཡང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཆོད་པ་ཕུལ་བའི་བསོད་ནམས་དང་མཉམ་པར་གསུངས་པས། འདིར་ཡང་རབ་འབྱམས་རྒྱལ་བའི་གསང་བ་གསུམ་གྱི་རྣམ་པར་ཐར་བའི་བསྔགས་པ་རྗོད་པའི་བསོད་ནམས་ཐོབ་པ་ནི་ཐེ་ཚོམ་གྱི་ཡུལ་མ་ཡིན་པར་ལུང་རིགས་ཀྱི་ངེས་པས་ལེགས་པར་གྲུབ་པའོ། །སྨྲས་པ། ༡ མང་མང་བརྗོད་པ་ཀུན་གྱི་རྩེར་སོན་པའི། །སྙན་སྙན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་། །མཁས་མཁས་སྐལ་བཟང་མགུལ་པ་མཛེས་ཕྱིར་དུ། །དྭངས་དྭངས་བློ་ཡིས་རྡོ་རྗེ་འཆང་ཆེན་གྱི། །༢བཀའ་བཞིན་སྒྲུབ་འདི་ལེགས་བྱས་ཀུན་གྱི་ཕུལ། །ཕུལ་བྱུང་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་མཛེས། །


GTN006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་ཟླ་མེད་སྲིད་ཞིའི་ཞིང་གི་རྒྱན། །རྒྱན་བཟང་སྔ་འགྱུར་བསྟན་པའི་རྩིས་སུ་ཆེ། །༣ རང་ཞེན་འདོད་པའི་གཏམ་གྱི་དྲི་བྲལ་བྲལ། །ཕྱོགས་ལྷུང་ཀུན་དཀྲིས་སྤངས་པའི་ངག་སྙན་སྙན། །ཤེས་བྱ་མཁྱེན་པའི་རྣམ་ཐར་དོན་ཟབ་ཟབ། །ཆོས་དང་མ་འགལ་བརྗོད་པ་རྣམས་བཟང་བཟང་། །༤ རྡོ་རྗེ་འཆང་དངོས་བླ་མའི་རྟོགས་བརྗོད་རྡོ་རྗེ་འཛིན་པའི་བཀའ་བཞིན་བསྒྲུབས་པ་ཡི། །དགེ་བའི་དངོས་པོ་ཟབ་ཅིང་རྒྱ་ཆེའི་དགེ་བའི་དཔལ་ཚོགས་ཡོངས་འདུས་ལྗོན་པའི་འབྲས། །ཕན་བདེའི་འདོད་པ་ཅིར་ཡང་འཇོ་བས་ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པས་ཕྱོགས་དུས་འགྲོ་ཀུན་བདེ་དགས་འཚོ་གྱུར་ཅིག ། ༥ ལེགས་ཉེས་ལྡོང་བའི་འགྲོ་བ་ལ། །ལེགས་པར་གཟིགས་པའི་རྒྱལ་སྲས་ཀུན། །ལེགས་བཤད་ཆོས་ཆར་འབེབས་བཞིན་དུ། །ལེགས་མཛད་མཐའ་རུ་ཕྱིན་གྱུར་ཅིག །


GTN006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༦ ཁྱད་པར་རྒྱལ་བསྟན་གསལ་བའི་ཉི། །འཇམ་མགོན་མི་ཡི་ཤ་ཚུགས་ཅན། །འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཡི། །ཞབས་པད་རྡོ་རྗེ་ལྟར་བརྟན་ཤོག ། ༧དེ་མཐུས་སྔ་འགྱུར་རྡོ་རྗེའི་ཐེག ། བཀའ་གཏེར་དག་སྣང་རྒྱ་མཚོའི་སྲོལ། །ཀུན་བཟོད་མ་ཡི་མཛེས་རྒྱན་དུ། །བསྐལ་པའི་མཐར་ཡང་ཉམས་མེད་སྨོན། །༨ སྲིད་པར་འཕྱན་པའི་འགྲོ་བ་ཀུན། །སྲིད་ན་མཐོ་རིས་བདེ་བས་འབྱོར། །སྲིད་པའི་བདེ་ལ་མ་ཆགས་པར། །སྲིད་ཞི་མཉམ་པའི་དཔལ་ཐོབ་ཤོག ། ༩ བཟང་ངན་ལས་ཀྱིས་འབྲེལ་ཚད་ཀུན། །ཡིད་ཤེས་བདེ་མྱུར་བསྐྱོད་པ་ཡི། །ལམ་ལས་རིག་འཛིན་རྣམ་པ་བཞི། །


GTN006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འཕྲུལ་ལྟ་བུར་བགྲོད་པར་ཤོག ། ༡༠ བདག་ཀྱང་སྐྱེ་ནས་སྐྱེ་བ་རུ། །རྗེ་བཙུན་བླ་མ་ཡབ་སྲས་ཀྱི། །ཞལ་མཇལ་གསུང་གི་བདུད་རྩི་མཆོག ། མྱོང་བའི་སྐལ་བཟང་ཁོ་ནར་སྨོན། །༡༡ཀུན་མཁྱེན་ཡེ་ཤེས་རོལ་བ་ནི། །ཅིར་ཡང་འཆར་བ་ཆོས་ཉིད་ཕྱིར། །ཞིང་ཁམས་རྒྱ་མཚོའི་གདུལ་བྱ་ལ། །འདུལ་ཐབས་འཁྲུངས་དང་ཆོས་སྟོན་སོགས། །༡༢འགལ་མེད་གཅིག་ཆར་སྟོན་པ་ཡི། །ངོ་མཚར་ཆེན་པོའི་བཀོད་པ་ཀུན། །བདག་གི་དབང་མངོན་ཚད་མ་ཡིས། །ཇི་བཞིན་མྱོང་བའི་དཔལ་ཐོབ་ཤོག ། ༡༣རང་དོན་ཐོས་བསམ་སྒོམ་པའི་ཡན་ལག་རྫོགས། །གཞན་དོན་འཆད་རྩོད་རྩོམ་པའི་རླབས་ཕྲེང་མཛེས། །


GTN006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དོན་མཁྱེན་ནུས་བརྩེ་བའི་ནོར་བུས་གཏམས། །རྣམ་ཐར་ཕ་མཐའ་བྲལ་བའི་རྒྱ་མཚོའི་འཇིངས། །༡༤བདག་གི་བློ་གྲོས་རི་བོང་རྐྱལ་གྱིས་ནི། །བརྒལ་བར་བརྩམས་འདི་བཞད་གད་གནས་གྱུར་ཀྱང་། །དད་དང་ལྷག་པའི་བསམ་པས་བགྱིས་པ་ལ། །ནོངས་པ་ཆུང་སྙམ་སྤྱི་བརྟོལ་བསྐྱེད་དེ་བྱས། །༡༥ འོན་ཀྱང་བསྟན་བཅོས་རྩོམ་པའི་ཡོན་ཏན་ནི། །མཆོག་འབྲིང་དམན་ལས་སྣེ་གཅིག་མ་ཚང་སྐྱོན། །བདག་ལ་ཆགས་པ་འདི་ཡིས་ཉེས་པའི་ཚོགས། །མཁས་རྣམས་འཕགས་པའི་སྤྱན་གྱིས་རྗེས་སྐྱོང་མཛོད། །༡༦ བྱིའུ་ནམ་མཁར་འཕུར་བ་ཡང་། །ནམ་མཁའི་ཕ་མཐའ་གཞལ་ཕྱིར་མིན། །རང་དོན་ཉི་ཚེའི་ཆེད་དེ་བཞིན། །བདག་གིས་འབད་འདིའང་དེ་རྗེས་འགྲོ། །


GTN006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༡༧སྒོ་གསུམ་སྤྱོད་ལ་ཉེས་པའི་ཆ། །མཆིས་པ་བྱིས་པ་སྤྱི་ཡི་སྐྱོན། །བྱིས་ལས་བྱིས་པ་བདག་ཉིད་ལ། །ཉེས་གྱུར་གང་ལགས་མཁས་ལ་འཆག ། ༡༨ནད་པའི་ཟུག་རྔུ་ནད་ཀྱིས་བྱས། །བླུན་པོའི་རང་སྐྱོན་རྨོངས་ལས་བྱུང་། །དེས་ན་གཞན་གྱི་དབང་སོང་ལ། །དམ་པའི་ཐུགས་ཀྱིས་ཁྲེལ་འོས་མིན། །༡༩ བཀྲ་ཤིས་དུས་ཀུན་དགེ་བ་རྒྱལ་བསྟན་རིན་པོ་ཆེ། །གངས་རིའི་ཁྲོད་འདིར་ཐོག་མར་བྱོན་པ་སྔ་འགྱུར་ཐེག །དེ་ཡི་རིང་ལུགས་ཉམས་མེད་སྲིད་མཐར་དར་ཞིང་རྒྱས། །དེར་འཛིན་སྐྱེས་བུ་སྐུ་ཚེ་རབ་བརྟན་ཕྲིན་ལས་འཕེལ། །༢༠བཀྲ་ཤིས་བསྔགས་པ་དང་བཅས་མནྡ་ར་ཡི་ཆར། །རྔ་ཡབ་གླིང་ནས་པད་འབྱུང་མཁའ་འགྲོའི་ཚོགས་ཀྱིས་མཛད། །རྩོད་ལྡན་རྒུད་པའི་གདུང་བ་བཅིལ་དང་ལྷན་ཅིག་ཏུ། །


GTN006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དགེ་མཚན་ཅིར་ཡང་འཆར་བའི་རྫོགས་ལྡན་ཚེས། །༢༡བཀྲ་ཤིས་སྟོན་འཁོར་བཤད་སྒྲུབ་ཕྲིན་ལས་ཉི་ཟླའི་འགྲོས། །ཐུབ་བསྟན་གླིང་བཞི་གསལ་བའི་རྒྱན་དུ་རྟག་འཆར་བས། །མཁས་པའི་བྱ་བ་གསུམ་གྱི་པད་ཚལ་རྒྱས་པ་དང་། །ས་བཅུ་ལམ་ལྔའི་ཡོན་ཏན་ཀུནྡའི་ཚལ་རབ་རྒྱས། །ཀ་ལྱཱ་ཎ་སྱ་རུ་ཙི་བྷིཿསརྦ་དིཀྶཾ་མཱུཏྩ་ནཾ་བྷ་བནྟུ། ཞེས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་གསལ་བྱེད་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་རྣམ་པར་ཐར་པ་འདི་ནི། མགོན་པོ་གང་གི་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན། མཚན་མོའི་མགོན་པོ་ལྟར་ཀུན་ནས་ལྷམ་མེར་གནས་པ། ཐར་རྩེ་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ས་ངོར་ཚར་གསུམ་གྱི་བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེང་བར་མཛད་པ་དང་། ཁྱད་པར་དུ་རྒྱལ་དབང་པདྨ་ཀཱ་རའི་ལུང་གིས་པདྨ་འོད་གསལ་མདོ་སྔགས་གླིང་པའམ། རྡོ་རྗེ་གཟི་བརྗིད་རྩལ་ཞེས་རིན་ཆེན་གཏེར་འབྱིན་རྒྱ་མཚོའི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་གང་གིས། རང་ཅག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་བསྟན་པ་རྒྱ་མཚོའི་གསལ་བྱེད་དུ་གྱུར་པ་ལ་རྣམ་ཐར་ཞིག་སྔ་འགྱུར་བསྟན་པའི་རྒྱན་དུ་ཅི་ནས་སྤེལ་དགོས། དེ་ཡི་མཚན་དུ་སྐལ་བཟང་མགུལ་རྒྱན་ཞེས་པ་ཐོགས་གསུངས་པའི་བཀའ་ལུང་བདུད་རྩིའི་ཟིལ་མངར་དང་། བཀྲ་ཤིས་པའི་ལྷ་རྫས་རབ་དཀར་སྲིད་དུ་


GTN006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བ་བཅས་སྤྱི་བོའི་རྒྱན་དུ་ཕེབས་པ་སྒོ་གསུམ་གུས་པས་དང་དུ་བླངས་ཏེ། འཇམ་མགོན་བླ་མ་ཡབ་སྲས་ཀྱི་བཀའ་དྲིན་ཁོ་ནས་འཚོ་བ། ཀོང་ཚེ་བླ་མ་རིམ་བྱོན་གྱི་དབོན་རྒྱུད་དུ་གཏོགས་པ། རྡོ་རྗེ་རབ་བརྟན་ནམ། རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས་པའི་བཏགས་མིང་དུ་བཤད་སྒྲུབ་ཉི་མ་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་བློ་གྲོས་བྱེ་བའི་གཏེར་མཛོད་འཇམ་དཔལ་དགའ་བ་མཚོ་བྱུང་མགྲིན་འཁྱུད་དུ་བོད་པ་བདག་གིས་བློ་གྲོས་ཀྱི་སྤོབས་པ་གང་ཡོད་ཀྱིས་རིང་དུ་འབད་དེ་སུག་བྲིས་སུ་སྤེལ་བ་འདིས་ཀྱང་། རྒྱལ་དབང་པདྨའི་རྒྱལ་བསྟན་ཉི་ཟླ་ལྟར་གསལ་བའི་རྒྱུར་གྱུར་ཅིག །བི་ཛ་ཡནྟུ།། །།


GTN006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་སྨོན་ཚིག འདི་ལྟར་བགྱིས་པའི་བསོད་ནམས་དགེ་ཚོགས་ཀྱིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག ། འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །འབྲེལ་ཐོགས་གཙོར་བྱས་མ་གྱུར་འགྲོ་བ་ཀུན། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་ནས་སུ།། མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག ། ཅེས་པ་འདི་ནི་ཞེ་ཆེན་དབོན་སྤྲུལ་ལྔ་པའི་མཚན་འཛིན་འགྱུར་མེད་གཞན་ཕན་འོད་ཟེར་ནས་སྨོན་པའོ།། །།


previousདགོས་པ་དང་ཕན་ཡོན་མཇུག་རྩོམ་བཅས། no next