Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

4 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
རྩ་གསུམ་སྙིང་པོའི་ཡང་བཅུད་ཀྱི་འཆི་མེད་མཆོག་སྒྲུབ་ཚེ་དབང་ཟིན་ཐོ།
  
  
  
  
  
  
  


4 occurrences of ཁྲོལ་བུ་
[Clear Hits]

 
previousརྩ་གསུམ་སྙིང་པོའི་ཡང་བཅུད་ཀྱི་འཆི་མེད་མཆོག་སྒྲུབ་ཚེ་དབང་ཟིན་ཐོ།next

རྩ་གསུམ་སྙིང་པོའི་ཡང་བཅུད་ཀྱི་འཆི་མེད་མཆོག་སྒྲུབ་ཚེ་དབང་ཟིན་ཐོ།


JKT013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་གསུམ་སྙིང་པོའི་ཡང་བཅུད་ཀྱི་འཆི་མེད་མཆོག་སྒྲུབ་ཚེ་དབང་ཟིན་ཐོ་བཞུགས། ན་མོ་གུ་རུ་ཨ་མི་ཏཱ་བྷ་ཡ། འཆི་མེད་མཆོག་སྒྲུབ་ཀྱི་ཚེ་དབང་ལ། དཀྱིལ་འཁོར་མཆོད་གཏོར་དབང་རྫས་སོགས་བཤམ་བཀོད་གྲུབ་ནས། ལས་བྱང་སྤྱི་འགྲེ་མདོར་བསྡུས་ཀྱི་གཞུང་བསྲང་། སློབ་མ་རྣམས་ལ་ཁྲུས་བགེགས་བསྐྲད། སྲུང་འཁོར། ལོ་རྒྱུས་ཅི་རིགས་དང་། ཁྱད་པར་ཚེ་དབང་འདི་ནི་འདམ་དབུ་མ་བྲག་དཀར་བསྟན་འཛིན་རྫོང་དུ་རིག་འཛིན་ཆེན་པོ་ཚེ་དབང་བཀྲ་ཤིས་ལ་ཤིང་རྟ་ལོ་དབང་ཆེན་སྤྲེལ་ཟླའི་ཡར་ངོའི་ཚེས་བཅུར་མཉམ་མེད་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་དངོས་སུ་སྩལ་བའི་བྱིན་རླབས་ཅན་གྱི་ཚེ་དབང་ཟབ་མོ་བསྒྲུབ་པ་ལ་ཞེས་སོགས་འབྲེལ་བཀོད་ལ་


JKT013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ། །བླ་མ་རྩ་གསུམ་ལྷ་ཚོགས་དགོངས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ བདེ་གཤེགས་རིགས་འདུས་འཆི་མེད་ལྷའི༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཨོཾ་ཨཱཿཧཱུྃཿ །འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ །དཀྱིལ་འཁོར་ཡོངས་རྫོགས་ལྷ་རྣམས་ལ༔ ཚེ་ཡི་རིག་འཛིན་མ་ཐོབ་པར༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་། བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ ཚེ་ཡི་ལྷ་ཚོགས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། ལས་ཆུས་གཏོར་ཞིང་། ཨོཾ་པདྨཱནྟ་ཀྲྀ་ཏ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་ཁང་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིར། པོ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཡི་གེ་ཧཱི༔དམར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་མཉམ་གཞག་མཛད་


JKT013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་ན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པའི་སྐུ་མཚན་དཔེ་གསལ་རྫོགས་འོད་ཟེར་འཕྲོ་བའི་རང་བཞིན་གསལ་བཏབ་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་བདེ་བ་ཅན། པོ་ཊ་ལ། རྔ་ཡབ་དཔལ་རི་སོགས་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཉི་ཟེར་གྱི་རྡུལ་འཁྲུགས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་གྱུར་སྙམ་པའི་མོས་པ་མཛོད། ངོ་བོ་ཆོས་སྐུའི་སོགས་དང་། གང་ལྟར་ཡང་། སྔགས་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་སྤོས་རོལ་དང་བཅས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེས་དབང་གི་སྔོན་འགྲོ་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ་ལྔ་ལས། དང་པོ་བུམ་དབང་གི་སླད་དུ་མདུན་བསྐྱེད་ཀྱི་བུམ་པ་པའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ནང་དུ་བུམ་བཅུད་ལྷའི་རང་བཞིན་དུ་གསལ་བས་དབང་བསྐུར་བ་ནི། ཧྲཱིཿ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་དུ་པདྨ་ཚེ་དཔག་མེད༔


JKT013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྔར་ཕྱག་མཚན་ལྔ་དང་རིགས་ལྔས་མཚན༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་སྤྲོས༔ འཁོར་འདས་སྣང་སྲིད་སྣོད་བཅུད་མ་ལུས་པའི༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན་བསྡུས་གཞིར་གནས་ཕྱག་གི་བུམ་པའི་ནང་དུ་ཞུགས༔ གནས་ལྔའི་ཕྱག་མཚན་ལྔ་ཡི་འོད་ཟེར་ནི༔ ཁྱེད་རང་ལྷར་གསལ་དཔྲལ་མགྲིན་སྙིང་ལྟེར་ཐིམ༔ བུམ་གསང་ཤེས་རབ་བཞི་པ་ཡེ་ཤེས་ཀྱིཿ དབང་ཐོབ་དུག་ལྔའི་བག་ཆགས་དབྱིངས་དག་ནས༔ རྣམ་སྣང་འོད་དཔག་མི་བསྐྱོད་རིན་ཆེན་འབྱུང་༔ དོན་གྲུབ་ལྷ་དང་རང་བཞིན་ཡེ་ཤེས་ལྔའི༔ བྱིན་རླབས་ས་བོན་རྒྱུད་ལ་བཞག་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨ་མི་དེ་ཝ་ཨཱ་ཡུ་ཥེ་སརྦ་ཛྙཱ་ན་སིདྡྷི་ཕ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿབྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་དབང་བསྐུར་བུམ་ཆུ་བླུད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་ཀྱིས་ཤིས་པ་བརྗོད། གཉིས་པ་ཚེ་འབྲང་གི་དབང་ནི། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པ་འཁོར་འདསཾ་སྣོད་བཅུད་ཀྱི་དྭངས་མ་ཡོན་ཏན་གྱིས་གཏམས་པའི་ཁར་བླ་མ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཅན་དེའི་དབུ་གཙུག་ན་རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ་མོས་གུས་དུང་དུང་བ་ཞིག་བྱས་པས་ཁྱེད་རང་རྣམ་པའི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཆར་ལྟར་ཕབ་ཅིང་རྒྱུད་ལ་བཞག །མཐར་བླ་མ་རྣམས་ཡས་མར་ཐིམ། བུམ་པའི་ཆུ་


JKT013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་དུ་འདྲེས། ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཡོངས་རྫོགས་དབང་ཆེན་དམ་པ་ཐོབ་པར་གྱུར་སྙམ་པ་མཛོད། ཧྲཱིཿ བཅོམ་ལྡན་ཚེ་དཔག་མེད་མགོན་གྱི༔ སྐུ་ཡི་ཚེ་དབང་འདི་ལ་སྩོལ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྐུའི༔ གོ་འཕང་དམ་པ་མངོན་གྱུར་ཅིག༔ ཀཱ་ཡ་སིདྡྷི་ཨོཾཿ དེ་བཞིན་དུ་གསུང་། ཐུགས། ཡེ་ཤེས་དང་། །སྔགས་ཝཱཀ །ཙིཏྟ། ཛྙཱ་ན་སིདྡྷི་ཧོཿ ཞེས་འདོན་པ་བསྒྱུར་ཏེ་གནས་རྣམས་སུ་བསྐུར། ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི༔ འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས༔ རྒྱལ་བ་ཀུན་གྱི་གསུང་གི་དབང་ཕྱུག་ལྷ༔ བཅོམ་ལྡན་ཚེ་དཔག་མེད་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར། གསུམ་པ་ཐབས་བདེ་བ་ཆེན་པོ་དམ་རྫས་མཆོག་གི་རིལ་བུ་བྱིན་པས་སྣང་བ་ལྷའི་རོལ་པ་དང་། སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་སྒྲོགས་པའི་མོས་པ་མཛོད། ཧྲཱིཿ རྡོ་རྗེ་བཅུད་ལྡན་འཆི་མེད་ཐབས་ཀྱི་རྫ་ས༔ འདོད་ཡོན་མི་ཟད་འོད་ཟེར་རྣམ་ལྔ་འཁྲུགསཿ རེས་མྱོང་རྡོ་རྗེའི་སྐུ་འགྲུབ་རྗེས་མཆོག་འདི༔ མྱངས་པས་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དེ་ཝ་ཨཱཿཡུར་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཁྱེད་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་འོད་ཟེར་འབུམ་གྱིས་


JKT013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ་བཞིན། །མཚན་དཔེའི་གཟི་བྱིན་ཀུན་ནས་ལྷང་ངེ་བ། །བཅོམ་ལྡན་ཚེ་དཔག་མེད་པའི་བཀྲ་ཤིས་ཤོག །བཞི་པ་ཤེས་རབ་ཡེ་ཤེས་ཀྱི་བདུད་རྩི་མྱངས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་ཏིང་འཛིན་རྒྱུད་ལ་འབྱོར་པའི་མོས་པ་མཛོད། ཧྲཱིཿ འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏ༔ རྩ་བརྒྱད་ལན་ལག་སྟོང་སྦྱར་བདུད་རྩི་སྨན༔ འཐུངས་པས་འཚོ་བ་ཡིད་བཞིན་རྫས་མཆོག་འདི༔ མྱངས་པས་ཨཱ་ཡུ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དེ་ཝ་ཨཱ་ཡུ་ཥ་པཉྩ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རབ་མཛེས་པདྨ་ཟླ་བའི་ཁྲི་སྟེང་དུ༔ ས་བོན་ལས་མཚན་དཔེའི་འོད་ཟེར་ཅན༔ ཏིང་འཛིན་ཕྱག་རྒྱ་བདུད་རྩིའི་བུམ་པ་འཛིན༔ འགྲོ་བའི་འཆི་བདག་འཇོམས་པའི་བཀྲ་ཤིས་ཤོག །ལྔ་པ་ཚེ་མདའ་གསོར་ཅིང་རྒྱས་གདབ་པ་ནི། ཁྱེད་རང་རྣམ་པའི་ཚེ་བརྐུས་པ་ཡར་བ་གས་པ་འཁྱོགས་པ་ཞིག་པ་རལ་བ་རྣམས་དང་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ཚེ་ཐུང་བའི་མཚན་མ་ཡོད་པ་ཐམས་ཅད་རབ་ཏུ་ཞི་ནས་ཚེ་མི་ཤིགས་པ་རྡོ་རྗེ། །མི་འགྱུར་བ་གཡུང་དྲུང་། མི་ནུབ་པ་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་སྙམ་པ་མཛོད། མདའ་དར་གཡབ་ཅིང་། ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་


JKT013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག ཅེས་པ་ནས། འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དེ་ཝ་ཨཱ་ཡུ་ཥེ་ཚེ་བྷྲཱུྃགཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ་ཨཱ་ཡུར་ཛྙཱ་ན་གཡུ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཞེས་སྤྱི་པོར་རྒྱ་གྲམ་དུ་བཀོད། ལོ་བརྒྱ་འཚོ་ཞིང་སོགས་ཀྱིས་བཀྲ་ཤིས་བརྗོད། དེས་རྩ་གསུམ་སྙིང་ཏིག་གི་ཡང་གསང་འཆི་མེད་མཆོག་སྒྲུབ་ཀྱི་འཆི་མེད་ཚེའི་དབང་བཞི་ལེགས་པར་གྲུབི་པ་ཡིན་པས་ཞེས་སོགས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་རིག་འཛིན་ཆེན་པོ་ཚེ་དབང་བཀྲ་ཤིས་ཀྱི་ལྗགས་བསྒྲིགས་དབང་ཆོག་འཆི་བདག་གི་གཡུལ་ལས་རྒྱལ་བ་ལས་ཇི་ལྟར་འབྱུང་བ་ལྟར་རྒྱས་པར་བསྐུར་བའི་ཚུལ་ཡིན་ལ། རྐྱེན་སེལ་སོགས་ལ་བསྡུ་ན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་ཇི་བཞིན་བགྱིས་པས་ཀྱང་རུང་ཞེས་གསུང་རྒྱུན་ལས་འབྱུང་ངོ་། །འདིས་ཀྱང་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་འཆི་མེད་རིག་འཛིན་མཆོག་གི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག། །།


previousརྩ་གསུམ་སྙིང་པོའི་ཡང་བཅུད་ཀྱི་འཆི་མེད་མཆོག་སྒྲུབ་ཚེ་དབང་ཟིན་ཐོ།next