Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽


   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
གཉིས་པ། དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ། དབང་།next

གཉིས་པ། དབང་།

གཉིས་པ་དབང་ལ་གསུམ་ལས། སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པའི་དབང་ནི། སློབ་མ་རྣམས་སེང་གེའི་ལྟ་སྟངས་(༧༨)བསྟུན་ལ་ཤར་ཕྱོགས་སུ་བལྟས་ཏེ། ཚིག་ཕྱིར་སེམས་གཞོལ་བས་བསམ་དུ་གཞུག་ཅིང་། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ། སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ་དང་། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨ། ཞེས་བརྗོད། ཡང་སློབ་མ་རྣམས་ལྷོར་བལྟས་ལ། གླང་པོ་ཆེའི་འདུག་སྟངས་བསྟུན་ཏེ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱན་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་(༧༩)གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ། སྟག་མོའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨ། ཞེས་བརྗོད་ནས། ནུབ་ཏུ་བལྟས་ཏེ་དྲང་སྲོང་གི་འདུག་སྟངས་བསྟུན་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ཉིད་སྟོན་ཏོ། །བུ་ཁྱོད་དཔལ་ཆེན་གྱི་རྔམ་སྟབས་ཀྱིས་ལྟོས་ལ། ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག །ཨ་ཨ་ཨ། ཞེས་པ་གསུམ་བརྗོད་ནས། བྱང་དུ་བལྟས་ཏེ། ཙོག་པུ་ལས་ལག་སོར་འཇུག་རྡོར་བསྒོངས་པ་བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་འདུག་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །བྱང་ཕྱོགས་ལས་རབ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་གྱི་འཁྱུག་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ། ཞེས་བརྗོད་དོ། །དེ་དག་ནི་སྤྲུལ་པའི་སྐུར་གྲོལ་བར་བྱེད་པའི་དབང་ངོ་། །ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པའི་དབང་ནི། སློབ་མ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་རྣམས་ཉོན་ཅིག །དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན། རྒྱན་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་གསལ་བ། བར་དུ་མཉམ་ཉིད་མི་གཡོ་བ་ཉིད་ན། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། དགྲ་བཅོམ་པ། ཟག་པ་ཟད་པ། རིག་པ་དང་ཞབས་སུ་ལྡན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་མང་པོས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་(༨༠)ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ། ཞེས་བརྗོད་དོ། །ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་དབང་ནི། སློབ་མ་རྣམས་སེང་གེའི་འདུག་སྟངས་བསྟུན་པ་ལ། བླ་མས། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་རྣམས་ཉོན་ཅིག །དེ་ལས་ཀྱང་འདས་པའི་ཕ་རོལ་ན། རང་གི་སེམས་ཉིད་བསམ་ངོ་དང་བྲལ་ཞིང་། ཚད་མེད་དཔག་ཏུ་མེད་ཅིང་དམིགས་སུ་མེད་པ། སྟོང་ཉིད་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱ་བ་བཞུགས་པས། དེར་བུ་ཁྱོད་ཁྱུང་ནམ་མཁར་ལྡིང་བའི་འགྲོས་ཀྱིས་མཐོ་སར་འདུག་ཅིག །དྲང་སྲོང་གི་ལྟ་སྟངས་ཀྱིས་གནས་པར་གྱིས་ཤིག །གླང་ཆེན་གྱི་ཉལ་སྟབས་ཀྱིས་སྙོམ་པར་ཉོལ་ཞིག །ལྕགས་སྡོང་གི་འདྲིལ་སྟངས་ཀྱིས་ཁ་སྦུབ་ལ་མཐའ་དྲིལ་ཞིག །སྐྱེས་བུའི་རྒྱངས་ཐབས་ཀྱིས་གན་རྐྱལ་དུ་རྒྱོངས་ཤིག །ཝ་མོའི་ཟུར་འགྲོས་ཀྱིས་སློག་ལ་སོང་ཞིག །བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་བསྒྱུར་བཟློག་གིས་སྤུངས་ཤིག །གྱད་ཀྱི་དོར་སྟབས་ཀྱིས་ངལ་བསོས་ལ་ས་ནོན་ཞིག །འབུ་སྲིན་གྱི་ནུར་འགྲོས་ཀྱིས་དབྱིངས་རིག་མ་ཆགས་པར་གྱིས་ཤིག །སྟག་མོའི་མཆོངས་སྟངས་ཀྱིས་ཉམས་སྣང་ལ་རྩལ་སྦྱོངས་ཤིག །གཡང་མོའི་སྤྲུགས་སྟངས་ཀྱིས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་དུས་གཅིག་ལ་ངོ་བོར་སྤྲུགས་ཤིག །སེང་གེའི་འགྱིངས་ཚུལ་གྱིས་དབྱིངས་རིག་ལ་ས་ཟུངས་ཤིག །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག །སེམས་ཉིད་སྟོང་པར་གནས་པས་གཞི་ཟུངས་ཤིག །སེམས་ཉིད་རིག་སྟོང་དུ་གནས་པས་གནད་ཚུད་ཅིག །སེམས་མ་འགག་པར་འགྱུར་བས་རྩལ་སྦྱོངས་ཤིག །སེམས་ཉིད་ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག །སེམས་ཉིད་ཀུན་ལ་ཁྱབ་པས་རྟགས་ཚོལ་ཞིག །སེམས་ཉིད་ཅིག་ཆར་དུ་མྱུར་བས་ལ་ཟློས་ཤིག །སེམས་ཉིད་སྣ་ཚོགས་མ་འདྲེས་པར་ཤན་ཕྱེས་ཤིག །སེམས་ཉིད་སྣ་ཚོགས་པར་འཕེལ་བས་མ་ཞེན་ཅིག །ཡེ་ཤེས་ལས་སླར་མ་ལྡོག་ཅིག །སྐུ་ལས་སླར་མ་ལྡོག་ཅིག །ཐིག་ལེ་ལས་སླར་མ་ལྡོག་ཅིག །ཅེས་བརྗོད་ལ་དེ་དག་གི་དོན་བཤད་དེ། དེ་ལྟར་གསུམ་ཡང་གཞི་སྣང་དང་གཞིའི་དབང་སྟེ། འདི་དང་བར་དོ་རང་བཞིན་སྤྲུལ་པ་སྐུ་གསུམ་གང་རུང་དུ་གྲོལ་བར་བྱེད་པའི་དབང་ངོ་། །


previousགཉིས་པ། དབང་།next