Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  expand section
  collapse section
   
   
   
   
   
   
   
   
   
   
ལེའུ་བཅུ་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་པའི་རྣམ་པར་བཤད་པ།next

ལེའུ་བཅུ་པའི་རྣམ་པར་བཤད་པ།

༈ དོན་གཉིས་པ་དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དབང་བསྐུར་བ་ལ་འཇུག་པའི་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །

དང་པོ་ནི། དཀྱིལ་འཁོར་བསྟན་པ་དེ༵་ནས༵་བཅོམ༵་ལྡན༵་འདས༵་ཟག་པ་མེད་པའི་བདེ་བས་དགྱེས༵་པ༵་ཆེན༵་པོས༵་ཀུན་ཏུ་བཟང་པོ་ཡབ་ཡུམ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སློབ་མའི་རྒྱུད་ལ་སྦྱི༵ན་པ༵་ཞེས༵་བྱ༵་བའི༵་ཏིང༵་ངེ༵་འཛི༵ན་ལ༵་སྙོམ༵ས་པར༵་ཞུགས༵་ནས༵་དབང་བསྐུར་བའི་ཆེ༵ད་དུ༵་བརྗོད༵་པ༵་འདི༵་སྐད་ཅེས་བརྗོ༵ད་དོ། །དེའང་དབང་གི་དོན་ལ་ཨ་བྷི་ཥེ་ཀ་ཏ་ཞེས་ཟེར་ཞིང་། དེའི་དོན་ཡང་ནུས་པ་འཇུག་པར་བྱེད་པ་སྟེ། འཇིག་རྟེན་ན་རྒྱལ་སར་འདོན་པ་ལ་རིག་བྱེད་ཀྱི་བུམ་པས་དབང་བསྐུར་ནས་ཡུལ་ཁམས་ལ་དབང་བའི་ནུས་པ་འཇུག་པ་དང་འདྲ་བར། རང་གཞན་གྱི་དོན་བྱེད་པའི་ནུས་པ་འཇུག་པ་སྟེ། རྒྱལ་པོ་སྦྱིན་པ་ཞེས་བྱའོ། །ཡང་ཨ་བྷི་ཥིཉྩའི་སྒྲས་ཡེ་ཤེས་(༡༩༧)ཀྱིས་བགོས་ཤིང་སྒོ་གསུམ་གྱི་དྲི་མ་འཁྲུད་པས་ན་དབང་ངོ་། །

གཉིས་པ་ལ་གསུམ་སྟེ། ནུས་པའི་དབང་དང་། ཕན་པའི་དབང་དང་། ཕན་ཡོན་ནོ། །

དང་པོ་ལ་གསུམ་ལས། ཟབ་དབང་སྤྱིར་བསྟན་པ་ནི་སྔར་བསྟན་པ་བཞིན་ལྷའི་དཀྱིལ་འཁོར་བསྐྱེད་ཅིང་བདག་ཉིད་འཇུག་པ་དང་སློབ་མ་འཇུག་པ་དང་ཕན་དབང་དང་ནུས་དབང་བསྐུར་ལ་གཟུང་མ་བྱིན་གྱིས་བརླབས་ཏེ། ཡུམ་ཤེས༵་རབ༵་ཀྱི་ཕྱག་རྒྱ་ལ་ཡབ་ཐབས༵་ཀྱི༵་ཕྱག༵་རྒྱ༵་སྙོམས་པར་ཞུགས་པ་ལས༵་ཡབ་ཀྱི་བྱང་སེམས་བདེ༵་བའི༵་རང་བཞིན་ཡི་གེ་ཧཱུྃ་གི་འབྲུ༵་ཚོགས༵་སུ་གསལ༵་བའི༵་རྒྱུན༵་གསང་བ་རྡོ༵་རྗེ༵འི་ལམ༵་ནས༵་ཕྱུང་སྟེ་ཡུམ་གྱི་པ༵དྨོ༵ར་འཁྱིལ༵་པ་སློབ་མའི་ལྕེ༵་རྩེ༵་ནས༵་ཁོང་པར་བསྟིམ༵་ཞིང༵་གཙོ་བོའི་དཀྱིལ༵་འཁོ༵ར་གྱི་འཕྲོ་འདུས་བྱིན་རླབས་བསྡུས་ཏེ་སློབ་མའི་སྙིང་གར་བསྒྱུར༵་ཞིང་གསང་སྔགས་བརྗོད་དོ། །གཞུང་འདི་ཁ་ཅིག་ནུས་དབང་ལྔ་པོ་ཐམས་ཅད་ཆོ་ག་འདིས་བསྐུར་ཞིང་སོ་སོའི་དམིགས་པ་དང་རྗེས་གནང་སྦྱིན་པར་བྱེད་དེ། གསང་བའི་རྒྱུན་དེ་ཏྲཱྃ་ལ་སོགས་པའི་ཡིག་འབྲུར་གྱུར་པ་སློབ་མའི་ཁོང་དུ་ཐིམ་པས་ལྷ་སོ་སོའི་དཀྱིལ་འཁོར་ལྔ་པོའི་སྤྲོ་བསྡུ་བྱེད་པར་བཞེད་དོ། །དེ་ནི་གོ་རིམ་ལོག་པའི་སྐྱོན་ཡོད་དོ། །

གཉིས་པ་ནུས་དབང་བྱེ་བྲག་ཏུ་བཤད་པ་ལ་ལྔ་ལས། ཉན་པའི་དབང་གི་ཏིང་ངེ་འཛིན་ནི་སློབ་མ་རིན་ཅེན་འབྱུང་ལྡན་དུ་གསལ་བའི་ཉན༵་བྱེད༵་རྣ་བ་གཉིས་ཀྱི་ནང་དུ་བྷྲུྃ་ལས་འཁོར༵་ལོ༵་རྩིབས་བཞིར་ཏྲཱྃ་ལས་ལྷའི༵་གཞལ༵་ཡས༵་སུ༵་གསལ༵་བའི༵་རྣ་བའི་དབང་པོ་སྒྲ་ལ་ཉན་ནུས་སུ་འཛིན་པའི་ཐིག༵་ལེ༵་ཤིན་ཏུ་དྭངས་པའི་ངོ༵་བོ༵་ཉི༵ད་དུ་གནས་པ་དེ་ཡི་གེ་ཏྲཱ༵ྃ་ཟུང་ལྔ་ཡ་བཅུ་ཧཱུྃ་བཞི་ཛཿཧཱུྃ་བྃ་ཧོཿདང་བཅས་པ་གསུང་ཆོས་ཀྱི༵་ཕྱག༵་རྒྱའི༵་ཚོགས༵་མཆོག༵་ཡི་གེ་རྣམས་འོད་དུ་ཞུ་བ་ལས༵། རི༵ན་ཅེ༵ན་འབྱུང་ལྡན་གྱི་དཀྱི༵ལ་འཁོ༵ར་གས༵ལ་བར་བསྐྱེད་ལ་བླ་མས་ཡེ་ཤེས་པ་དེ་ཁོ་ན་འདྲ་བ་སྤྲོས༵་ཏེ་སློབ་མའི་རྣ་བར་ཐིམ༵་པས་ཉན་པའི་སྒྲིབ་པ་དག་ནས་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཅེན་འབྱུང་ལྡན་དུ་བསམས་ལ་དམ་ཚིག་བསྒྲག་ཅིང་རྗེས་གནང་སྦྱིན་པ་ནི། ཏྲཱ༵ྃ་ནི་མགོ་འདྲེན་པ་སྟེ་གསང༵་བ༵་མཧཱ་གས༵ང་ཆེ༵ན་ཨ་ནུ་གས༵ང་མཆོ༵ག་གང༵་ཡིན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་པ་དང་། ཀྲཱི་ཡ་ཨུ་པ་ཡོ་ག་ལ་སོགས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའི་གས༵ང་བ༵་ཀུན༵་སློབ་དཔོན་ལ༵ས་མཉ༵ན་པ༵ར་བྱ༵་ཞིང་། རང་གིས་སློབ་དཔོན་གྱི་དབང་མ་ཐོབ་པ་དེ་སྲིད་དུ་གས༵ང་བ༵འི་དོན༵་ཉིད༵་རང་གི་རྒྱུད་ལ་གོམས་འདྲིས་སུ་བྱེད་ཅིང་བརྟག༵་པ༵ར་བྱ་བ་ལས༵་གང་ཟག་གཞན་དང་ཡུལ་དུས་གཞན༵་དུ༵་སྨྲ༵་བར༵་བྱ༵་བ༵་མིན༵་པས་མ་སྒྲོགས་ཤིག་ཅེས་སོ། །

གཉིས་པ་བསྒོམ་པའི་དབང་གི་ཏིང་ངེ་འཛིན་ནི་གསལ༵་བའི༵་འཁོ༵ར་ལོ༵འི་སྙིང་གཞལ༵་ཡས༵་ཁང་དུ་བསྐྱེད་པའི་ནང༵་དུ་དྲན་གཞི་གསལ༵་བའི༵་རྟེན་བྱེད་པའི་(༡༩༨)དྭངས་མའི་ཐིག༵་ལེ༵་ཡུངས་འབྲུ་ཙམ་གྱི་ངོ༵་བོ༵་ཉིད༵་གཙོ་བོའི་ས་བོན་ཡི༵་གེ༵་ཧཱུྃ་གི་ཕྲེ༵ང་བ༵འི་ཚོ༵གས་མཆོ༵ག་འོད་དུ་ཞུ་བ་ལས༵། ཐུགས་ཀྱི་རི༵གས་ཀྱི༵་དཀྱི༵ལ་འཁོ༵ར་དུ་གས༵ལ་བཏབ་སྟེ་ཡེ་ཤེས་པ་སྤྲོ༵་ཞིང་ཐིམ༵་པས་ཡིད་ཀྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་བ་ལྷར་གྱུར་པས། རྗེས་གནང་སྦྱིན་པ་ནི། ཨོ༵ཾ། དུས༵་གསུམ༵་གྱི་རྒྱལ༵་བ༵འི་སྲ༵ས་པོ་ཆེ༵ན་པོ༵་ཞེས་སློབ་མ་ལ་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ༵་གསུ༵ང་ཐུག༵ས་ཀྱི༵་རྡོ༵་རྗེ༵་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཟབ་མོའི་དོན་སྒོམ་ལ་ཟུང༵ས་ཤིག །དེའི་ངང་ལས་རྒྱལ༵་བ༵་ཐམ༵ས་ཅ༵ད་མཉེ༵ས་པའི་མཆོད་པ་བསྒྲུབ་པ་དང་ཕྱི་ནང་གསང་བ་བདེ་བ་ཆེན་པོས་མཆོད་ལ༵་འབྲས་བུ་རྒྱལ༵་བ༵་ཀུན༵་དང༵་མཉ༵མ་པ༵ར་སྦྱོར༵་བའི་གོ་འཕང་འཐོབ་པར་གྱིས་ཤིག་ཅེས་པའོ། །

གསུམ་པ་འཕྲིན་ལས་ཀྱི་དབང་གི་ཏིང་ངེ་འཛིན་ནི། ལ༵ག་པ༵འི་འཁོ༵ར་ལོ༵འི་གཞ༵ལ་ཡ༵ས་སུ་རེ༵ག་ཤེས་གས༵ལ་བ༵འི་རྟེན་བྱེད་པའི་ཐི༵ག་ལེ༵་དྭངས་པའི་ངོ༵་བོ༵་ཉིད༵་ཧཱུ༵ྃ་གི༵་ཕྱག༵་རྒྱའི༵་ཚོག༵ས་མཆོ༵ག་ཡི་གེའི་རང་བཞིན་དུ་གྱུར་པ་ལ༵ས། འཕྲིན་ལས༵་ཀྱི༵་དཀྱི༵ལ་འཁོ༵ར་གས༵ལ་བར་བསྐྱེད་ལ་ཡེ་ཤེས་པ་སྤྲོ༵་ཞིང་ཐིམ༵་པ་ཞུ་བ་ལས་དོན་གྲུབ་ཡབ་ཡུམ་དུ་གྱུར་པ་ལ། རྗེས་གནང་སྦྱིན་པ་ནི། ཨོ༵ཾ། རིགས་ཀྱི་བུ་ཁྱོ༵ད་ནི༵་དེ་རིང་ཉིད་ནས་རྡོ༵་རྗེ༵་ལ༵ས་ཏེ་དོན་ཡོད་གྲུབ་པ་ཡི༵ན་གྱི༵ས། སེམས་ཅན་གྱི་དོན་དང་སངས་རྒྱས་མཆོད་པ་རང་རང་གི་བསྒྲུབ་པའི་ལ༵ས་རྣམ༵ས་མ༵་ལུས༵་པ་ཀུན༵་གྱིས༵་ཤི༵ག །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱི་ཕོ༵་ཉ༵་མ༵ང་པོ༵འི་ཚོགས་ཚུར་འདུ༵་བས་དངོས་གྲུབ་སྟེར་ཞིང་ཕར་འཕྲོ༵་བས་འཕྲིན་ལས་བསྒྲུབ་པའི་རང་བཞིན་དུ་གྱུར་པ་ཀུན༵་གྱིས་ཁྱོད༵་ཀྱི༵་དགོ༵ས་པའི༵་དོན་ཐམས་ཅད་སྒྲུབ་པར་བྱེད༵་པ༵་ཡི༵ན་ཞེས་སོ། །ཡང་ཕོ་ཉའི་ལམ་བསྒོམས་པས་དངོས་གྲུབ་འགྲུབ་པར་བྱེད་པའོ། །

བཞི་པ་འཆད་པའི་དབང་གི་ཏིང་ངེ་འཛིན་ནི། ཚིག་སྨྲ༵་བར་བྱེད༵་པའི་ལྕེའི་འཁོ༵ར་ལོ༵འི་གཞ༵ལ་ཡ༵ས་སུ༵་རོ་འཛིན་ལྕེའི་དབང་པོ་དྭངས་ཤིང་གས༵ལ་བའི་ཐིག༵་ལེ༵འི་ངོ༵་བོ༵་ཉིད༵་ཡི་གེ་ཧྲཱི༵ཿཡི༵་རང་བཞིན་ཟུང་ལྔའི་ཕྱག༵་རྒྱའི༵་ཚོ༵གས་ཀྱི་མཆོ༵ག་འོད་དུ་ཞུ་བ་ལས༵། སྣང་བ་མཐའ་ཡས་གསུང་ཆོ༵ས་ཀྱི༵་རིགས་ཀྱི་དཀྱི༵ལ་འཁོ༵ར་དུ་གས༵ལ་བ་ལ་ཡེ་ཤེས་པ་སྤྲོ༵་ཞིང་ཐིམ༵་པ་ཞུ་བ་ལས་འོད་དཔག་མེད་དུ་བསྐྱེད་ལ། རྗེས་གནང་སྦྱིན་པ་ནི། ཨོ༵ཾ། ཕྱི་ནང་གསང་བའི་ཆོས༵་ཀྱི༵་བདུ༵ད་རྩི༵་བླ༵་ན་མེ༵ད་པ་རྣམས་ཀྱི༵ས་ཐེག་པ་སོ་སོ་གང་དང་གང་ལ་དད༵་པ་དང་ལྡ༵ན་པའི་སྐྱེས༵་བུ༵་དེ་དང་དེ་ཆོས་བསྟན་པས་ངོམ༵ས་པ༵ར་བྱོས༵་ལ། དབང་པོ་ར༵བ་ལ་གསང་ཆེན་རྨད་དུ་བྱུང་བའི་ཐེག་པ། འབྲིང༵་ལ་རྒྱུའི་ཐེག་པ་ཆེན་པོ། ཐ༵་མ༵འི་བློ༵་ཅ༵ན་ལ༵་ཉན་རང་དང་ལྷ་མིའི་ཐེག་པ་དབང་པོའི་རིམ་པ་དང་མཐུན༵་པར༵་ཆོས་ཀྱི་གས༵ང་བ་སོ་སོར་བསྒྲ༵གས་ཀྱིས། དམན་པའི་གང་ཟག་ལ་ཆེན་པོའི་ཆོས་དང་ཆེན་པོ་ལ་དམན་པ་ལ་(༡༩༩)སོགས་པ་འཆོལ་བར་བསྒྲག་པའི་ཚུལ་གཞན༵་དུ༵་བྱ་བ་མི༵ན་ཏེ། དོན་དུ་མི་འགྱུར་བ་དང་ཆོས་སྤོང་བའི་ལས་གསོག་པའི་ཕྱིར་རོ། །དེ་སྐད་དུའང་སྤྱོད་འཇུག་ལས། དམན་ལ་མཆོག་གི་ཆོས་མི་བཤད། །ཅེས་པ་དང་། རྒྱན་སྟུག་པོ་བཀོད་པ་ལས། རྒྱ་ཆེར་ཆོས་ཀྱི་སྣོད་གྱུར་པ། །སྣོད་མ་ཡིན་ལ་སྦྱར་མི་བྱ། །ཞེས་པ་ལྟར་རོ། །

ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ཏིང་ངེ་འཛིན་ནི་མགོ་ལ་སོགས་པ་ཡན་ལག་ལྔ་ནི་འགྲོ་འདུག་དང་ཕྱག་རྒྱ་དང་ཡུལ་ལ་བལྟ་ཞིང་སྒུལ་བསྐྱོད་བྱེད་པས་བསྐྱོ༵ད་ཆེ༵ན་འཁོ༵ར་ལོ༵འི་གཞ༵ལ་ཡ༵ས་སུ༵་ལུས་ཀྱི་དབང་པོ་དྭངས་ཤིང་གས༵ལ་བ༵འི་ཐིག་ལེ༵འི་ངོ༵་བོ༵་ཉིད༵་དང་གཉིས་སུ་མེད་པ། ལག་པ་གཡས་ཀྱི་དཔུང་མགོར་ཧཱུ༵ྃ་མགོ་ལ་ཨོ༵ཾ་གཡོན་ལ་སྭ༵་རྐང་པ་གཡོན་ལ་ཨཱ༵ྃ་གཡས་ལ་ཧཱ༵་རྣམ༵ས་འོད་དུ་ཞུ་བ་ལས༵། རིགས་ལྔ་སོ་སོའི་དཀྱིལ༵་འཁོ༵ར་ལྔ༵་དང་ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ཁྲོ༵་བཅུའི་ཕྲེ༵ང་བ་དང་བཅས་པ་བསྒོ༵མ་ཞིང་། རྗེས་སུ་གནང་བ་ནི། ཨོ༵ཾ། ཕྱོག༵ས་བཅུ༵་དུས༵་བཞི༵འི་སངས་རྒྱས་ཐམ༵ས་ཅ༵ད་ཀྱི་སྐུ༵་དང་གསུ༵ང་དང་ཐུག༵ས་ཀྱི༵་རྡོ༵་རྗེ༵་ཆེ༵ན་པོ་འཁོར་འདས་ཐམས་ཅད་ལ་ཡེ་ནས་ཁྱབ་པའི་རང་བཞིན་རྨད་དུ་བྱུང་བའི་དཀྱིལ༵་འཁོ༵ར་ཀུན༵་གྱི༵་བྱེད༵་པ༵་པོ༵་དཔལ་ཀུན་ཏུ་བཟང་པོ་ཁྱོད་ཡིན་པས། རིགས་ཀྱི་བུ་འདི་ལ་མཆོག་གི་དཀྱི༵ལ་འཁོ༵ར་དངོས་གྲུབ་ཀུན༵་གྱི༵་སྦྱིན༵་པ༵་དམ་པ་སྤྱོད༵་པ་སྟེ་སྩོལ་ཞིག་ཅེས་པའོ། །

གསུམ་པ་དབང་དང་མི་ལྡན་པའི་ཉེས་པ་ནི་སྒོ་གསུམ་ཡོ་བྱད་དང་བཅས་པས་གསང་སྔགས་ཀྱི་སློབ༵་དཔོ༵ན་མཉེས༵་པ༵ར་མ༵་བྱ༵ས་ཤི༵ང་ཕྱི་ནང་གསང་བའི་དབ༵ང་རྣམ༵ས་རྒྱུད་ལ་ཐོ༵བ་པ༵ར་མ༵་བྱས༵་པ༵ར་གསང་སྔགས་ཉན༵་པ༵་དང་། སྒྲུབ་པ་དང་གཞན་ལ་འཆད་པ་ལ༵་སོག༵ས་པ་རྩོ༵མ་པར་བྱེད་པ༵་རྣམ༵ས་ལ། ཚེ་འདིར་བསྒྲུབས་པའི་འབྲ༵ས་བུ༵་དངོས་གྲུབ་མེ༵ད་ཅིང༵་ཕྱི་མ་ངན་སོང་དུ་སྡུག་བསྔལ་མྱོང་བས་བརླ༵ག་པ༵ར་འགྱུར༵་ཏེ། ཆོས་ཟབ་མོ་ལ་དབང་ཟོས་པའི་ཕྱིར་རོ། །ལས་རྒྱ་མཚོའི་རྒྱུད་ལས། དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་བསྒྲུབ་པ་ལོག་པར་འགྱུར། །ཞེས་སོ། །

གཉིས་པ་ཕན་པའི་དབང་ནི་སློབ་མ་ལྷའི་བདག་ཉིད་དུ་གསལ་བ་ལ། རིན་པོ་ཆེའི་དབུ༵་རྒྱན༵་བཅིངས་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར་ཏེ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གསལ་ཞིང་ཕྱིར་མི་ལྡོག་པར་མཚོན་པའོ། །ཅོད༵་པན༵་ཏེ་དར་དཔྱངས་ཀྱིས་སྒྲིབ་པ་གཉིས་དག་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་མཚོན་པའོ། །མེ་ཏོག་གི་འཕྲེང༵་བས༵་ནི་ལས་དང་བག་ཆགས་དག་ཅིང་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཐོབ་པའི་མཚོན་བྱེད་དོ། །དེ་གསུམ༵་ག་དབུ་རྒྱན་གྱི་དབང་སྟེ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བའོ། །གོ༵་ཆ༵་ནི་ཉོན་མོངས་པའི་མཚོན་གྱིས་མི་ཚུགས་ཤིང་བདུད་ཀྱི་(༢༠༠)སྒྱུ་འདུལ་བར་མཚོན་པའོ། །རྒྱལ༵་མཚན༵་ནི་འཁོར་བའི་རྒྱུ་ཀུན་ནས་ལྡང་བའི་ཆ་དང་བཅས་པ་དག་ཅིང་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པའོ། །རྡོ་རྗེ་ལ་སོགས་པའི་རིགས་ལྔའི་ཕྱག༵་རྒྱ༵་ནི་ཉོན་མོངས་པ་ལྔ་གནས་སུ་དག་ཅིང་ཡེ་ཤེས་ལྔ་ཐུགས་སུ་ཆུད་པར་མཚོན་པ་དང༵་། གདུག༵ས་ནི་ཉོན་མོངས་པའི་གདུང་བ་སྐྱོབ་ཅིང་ཐུགས་རྗེས་འགྲོ་བ་སྐྱོབ་པར་མཚོན་པ་དང༵་། འདི་བཞི་ནི་གཞན་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །བུམ༵་པ༵་ནི་ཉོན་མོངས་པའི་དྲི་མ་འཁྲུད་ཅིང་རིགས་ལྔའི་ནུས་པ་འཇོག་པ་སྟེ་ཟག་པ་མེད་པའི་ཆུ་རྒྱུན་མཚོན་པའོ། །བཟ༵འ་བ་དང་བཏུང༵་བ་ནི་འཁོར་འདས་ཀྱི་རྒུད་པ་དང་བྲལ་ནས་བསམ་གཏན་གྱི་རོས་རྒྱས་པར་མཚོན་པའོ། །འདི་གཉིས་ནི་རང་དོན་ཕུན་སུམ་ཚོགས་པའི་དབང་ངོ༵་། །ཉི་མ་ཟླ་བ་ཆུ་ས་ཤ་ཆེན་གྱི་དྭངས་མ་སྟེ་སྙིང༵་པོ༵་ལྔ༵་ཡི༵་དབ༵ང་བསྐུར༵་བ༵་ནི། ཕུང་པོ་ལྔ་ཡབ་ལྔ་འབྱུང་བ་ལྔ་ཡུམ་ལྔ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་ཅིང་དབྱེར་མེད་པར་མཚོན་པའོ། །འདི་ནི་འཁོར་འདས་གཉིས་སུ་མེད་པར་སྟོན་པའི་དབང་ངོ་། །

གསུམ་པ་དབང་ཐོབ་པའི་ཕན་ཡོན་ནི་དེ་ལྟར་ནུས་པ་དང་ཕན་པའི་དབང་རྣམས་རྫོགས་པར་ཐོབ་པའི་དུས༵་འདི༵་ཕྱིན༵་ཆ༵ད་རིགས་ཀྱི་བུ་ཁྱོད་རྒྱལ༵་བ༵་ཀུན་ཏུ་བཟང་པོ༵འི་སྲ༵ས་སུ་གྱུར་པ་ཡིན་ཏེ། གསང་རྒྱུད་ལས། གསང་བའི་དབང་ནི་ཐོབ་མ་ཐག །ཀུན་བཟང་དོན་གྱི་སྲས་སུ་འགྱུར། །ཞེས་སོ། །དེའང་ཕྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་སེམས་བསྐྱེད་ཐོབ་མ་ཐག་ཏུ་རྒྱལ་བའི་སྲས་སུ་བརྗོད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་པ་དང་མཐུན་ནོ། །དབང་ཐོབ་ནས་སྐྱེ་བ་ཕྱི་མ་ང༵ན་སོང༵་དུ་ལྷུང་བའི་ལས་དང་བག་ཆགས་ཀྱིས་མཚམས་སྦྱོར་བ་མངོན་གྱུར་བསྲབས་ཤིང་ཟད་པས་ངན་སོང་གསུམ་དང་དེའི་སྡུག་བསྔལ་ཐ༵མས་ཅ༵ད་མེ༵ད་པ༵་དང༵་། ཚེ༵་དབང་གི་རྒྱུ་མཐུན་ཡོད་པས་འདིར་ཡང་ཚེ་རི༵ང་ཞིང་ནོར་དང་འབྱོར་པ་དང་དབང་ཕྱུག་དམ་པའི་བདེ༵་བ༵་ཕུན༵་སུམ༵་ཚོ༵གས་པ་ཐམས་ཅད་དང་ལྡན་ཞིང་སྡུག་བསྔལ་མེད་པ་དང་། ཕྱི་མ་ལ་ཡང་གནས་སྐབས་མཐོ༵་རི༵ས་ཀྱི་འཇིག་རྟེན་ལྷ་དང་མིའི་ནང་དུ་སྐྱེ་ཞིང་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་པ་དང་མཐར་ཐུག་ཐར༵་པའི༵་བདག༵་པོ༵་ཆོས་སྐུ་དང་གཟུགས་སྐུ་ཕུན་སུམ་ཚོགས་པས་འགྲོ་བའི་དོན་གཉིས་ཕུན་སུམ་ཚོགས་པ་བྱེད་པར་འགྱུར༵་རོ། །ཞེས༵་བརྗོ༵ད་དོ༵། །དེ་སྐད་དུའང་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་ཐོབ་བདེ་བ་ཕུན་སུམ་ཚོགས། །འདིར་ཡང་ལེགས་(༢༠༡)པ་ཀུན་འགྲུབ་ཅིང་། །ངན་སོང་ཐམས་ཅད་མེད་པ་དང་། །ཕྱི་མར་དོན་གཉིས་ལྷུན་གྲུབ་འགྱུར། །ཞེས་སོ། །ཐུགས་ཀྱི་ཡེ་ཤེས་མཆོག་ཏུ་གསང༵་བའི༵་སྙིང༵་པོ༵་ཕུན་སུམ་ཚོགས་པ་ཟབ་མོ་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབ༵ང་བསྐུར་བའི་ཡེ་ཤེས་སྦྱིན༵་པ༵འི་ལེ༵འུ་སྟེ༵་བཅུ༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བཅུ་པའི་རྣམ་པར་བཤད་པ།next