Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
 expand section
 expand section
 expand section
  
  
  
 collapse section
ན་ལེནྡྲའི་གཙུག་ལག་ཁང་།
  
  
  
  
  
  
  
 expand section
expand section
 expand section
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousན་ལེནྡྲའི་གཙུག་ལག་ཁང་།next

ན་ལེནྡྲའི་གཙུག་ལག་ཁང་།

གནས་བརྟན་དགྲ་བཅོམ་པ་ནནྡཱ་དང་ཀླུ་སྒྲུབ་སོགས་ཀྱི་སྐབས།

དེ་ལ་ན་ལེནྡྲ་ནི། སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་མཐར་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་ས་སྟེ། བར་སྐབས་སུ་བྲམ་ཟེ་གྲོང་གིས་སྟོངས། ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་ལ་ཞིག་གསོ་དང་གཙུག་ལག་ཁང་ཐོག་མར་མྱ་ངན་མེད་ཀྱིས་བྱས། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། ཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །དེའི་འོག་ཏུ་རྒྱལ་པོ་ཙན་སྐྱོང་ཞེས་བྱ་བས་ཉི་འོག་གི་རྒྱལ་ཁམས་སྐྱོང་བ་བྱུང་སྟེ། རྒྱལ་སྲིད་ལོ་བརྒྱ་ཉི་ཤུ་ཙམ་བསྐྱངས་ལོ་ཕྱེད་དང་ཉིས་བརྒྱ་ཐུབ་པར་གྲགས། ལྷ་ཁང་དང་དགེ་འདུན་མཆོད་པ་ཙམ་ལས་གཏམ་གཞན་མི་སྣང་། དེ་སྐབས་བྲམ་ཟེ་ཨིནྡྲ་བྱུ་བ་ཞེས་བྱ་བས་ལྷའི་དབང་པོ་བསྒྲུབས་ནས་གྲུབ་པ་ན། སྒྲའི་ངེས་གནས་ཞུས་ཏེ་དེས་བཤད་པ་དག་བྲིས་པ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས། དེ་ལ་ཤོ་ལོ་ཀ་ཉི་ཁྲི་ལྔ་སྟོང་ཡོད་དེ། འདི་ལ་ལྷས་བསྟན་པའི་བརྡའ་སྤྲོད་པ་ཞེས་ཟེར་རོ། །རྒྱལ་པོ་དེའི་དུས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ནས་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་མདོ་རྒྱུད་རྣམས་གསན་ཏེ་དབུ་མའི་ཚུལ་ལུགས་དར་བར་མཛད་དོ། །དུས་དེར་བཙུན་པ་པྲ་ཀཱ་པ་དྷརྨ་ཏྲཱ་ཎིར་སྒྲིབ་སེལ་གྱིས་ཞལ་བསྟན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ས་འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འབུམ་ལེའུ་སྟོང་ཡོད་པ་སྤྱན་དྲངས། འདི་ཡན་ཆོད་དུ་ཕྱི་རྒྱུད་སྡེ་གསུམ་དང་གསང་འདུས་མཉམ་སྦྱོར་སྒྱུ་དྲྭ་སོགས་བླ་མེད་ཀྱང་ཅི་རིགས་པར་ཡོད་པར་གྲགས། དུས་དེ་ཙམ་ན་དགེ་སློང་བརྩོན་འགྲུས་ཆེན་པོ་དང་། བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང་། བཙུན་པ་དཔལ་ལེན་རྣམས་བྱུང་སྟེ། ཉན་ཐོས་ཀྱི་ཐེག་པ་དར་བར་བྱས། དེ་ལ་བཙུན་པ་ཆོས་སྐྱོབ་དང་དབྱངས་སྒྲོག་དང་དབྱིག་ཤེས་དང་སངས་རྒྱས་ལྷ་སྟེ་བཞི་པོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་བྱ་སྟེ་རེ་རེ་ལའང་སློབ་མ་འབུམ་ཕྲག་ཡོད་པར་བཤད། འདིའི་ཆོས་སྐྱོབ་ནི་ཆེད་དུ་བརྗོད་པའི་ཚོམ་བསྡུ་བ་པོ་དང་། འདིའི་དབྱིག་ཤེས་ཀྱང་བསྟན་བཅོས་རབ་ཏུ་བྱེད་མཁན་དེའོ། །དེ་༼ནས་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལར་རྒྱལ་པོ་ཧ་རི་ཙནྡྲ་༽ཞེས་བྱ་བ་ཙནྡྲའི་ཐོག་མ་དེ་བྱུང་སྟེ། སྔགས་ལམ་བསྟེན་ནས་དངོས་གྲུབ་ཐོབ་པ། ཕོ་བྲང་རིན་ཆེན་སྣ་ལྔ་ལས་གྲུབ་པ་ལྕགས་རིའི་ངོས་ལ་སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་བ། ལོངས་སྤྱོད་ལྷའི་དཔལ་འབྱོར་དང་མཉམ་པ། འཁོར་སྟོང་དང་བཅས་ཏེ་རིག་པ་འཛིན་པའི་གནས་བགྲོད་པར་བཤད། དཔལ་ས་ར་ཧའམ་མིང་གཞན་བྲམ་ཟེ་སྒྲ་ཅན་འཛིན་ཞེས་བྱ་བ་དེ་ཉིད་ཀྱི་དུས་རྣལ་འབྱོར་སྤྱོད་པ་སློབ་དཔོན་ལྔ་བརྒྱ་པོ་ཡང་བྱུང་། ཤེར་ཕྱིན་འབུམ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་ཡང་ཕལ་ཆེར་བྱུང་བར་གྲགས་སོ། །དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ་དབུ་མའི་ཚུལ་ལུགས་ལྷག་པར་ཡང་དར་བར་མཛད། དགེ་སློང་དང་། དགེ་ཚུལ་བསླབ་པ་འཆལ་བ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་པ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ཏེ། སྡེ་བ་ཀུན་གྱི་བདག་པོ་མཛད། སློབ་དཔོན་དེ་ཉིད་ཀྱིས་དཔལ་ན་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། ལྷ་མོ་ཙནྡྲ་ལི་གྲུབ་པས་ལྷའི་གནས་སུ་ཁྲིད་པར་བརྩམས་པ་ན་རེ་ཞིག་མི་འདོད། བསྟན་པ་ནམ་གནས་ཀྱི་བར་དུ་ཐེག་པ་ཆེན་པོའི་དགེ་འདུན་ལ་འཚོ་བ་སྦྱོར་ཆེད་དུ་ཁྱོད་བསྒྲུབ་བོ་ཞེས་གསུངས་ནས་ལོ་བཅུ་གཉིས་ཀྱི་བར་དུ་འཚོ་བ་སྦྱོར་བར་བྱས་སོ། །རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་ལ་གླང་པོ་ཆེའི་གནོད་པ་བྱུང་བའི་སྐབས་ཤིག་བྱང་ཆུབ་ཤིང་གི་རྒྱབ་ཏུ་རྡོ་རིང་གཉིས་བྱས་པས་ལོ་མང་པོར་མ་བྱུང་། རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོ་སེང་གེ་ལ་ཆིབས་པ་བེ་ཅོན་ཐོགས་པ་རེ་བཞེངས་ནས་བསྟན་པ་བསྲུང་བའི་གཉེར་གཏད། མཐའ་རྡོའི་དྲ་མིག་གིས་བསྐོར། ཕྱི་རོལ་དུ་མཆོད་རྟེན་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བྱས། རྡོ་རྗེ་གདན་གྱི་ཤར་ངོས་སུ་ཆུའི་གནོད་པ་ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་བརྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུ་རགས་ཀྱི་ཚུལ་དུ་བྱས་པས་ཆུའི་གནོད་པ་བཟློགཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན་པས་ཆུ་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་རྣམས་མུན་སྤྲུལ་ལོ། །ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་རྒྱལ་པོ་བདེ་བྱེད་བརྟུལ། ལོ་མང་དུ་བསྟན་པ་བསྐྱངས། སློབ་དཔོན་འདིས་ཉན་བཤད་དང་སྒོམ་པ་དང་ལྷ་ཁང་བཞེངས་པ་དང་དགེ་འདུན་ལ་འཚོ་བ་སྦྱར་བ་དང་། མི་མ་ཡིན་གྱི་དོན་མཛད་པ། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་སོགས་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་པས་སྐུ་དྲིན་ཟླ་མེད་པ་ཡིན། དགུང་ལོ་ཡང་དྲུག་བརྒྱ་ལ་དོན་གཅིག་གིས་མ་ཚང་བ་དང་། ཉེར་དགུ་མ་ཚང་བའི་འདོད་ལུགས་གཉིས་སྣང་། གང་ལྟར་ཡང་ཉིས་བརྒྱ་ཡུལ་དབུས་དང་ཉིས་བརྒྱ་ལྷོ་ཕྱོགས་དང་། བརྒྱ་དང་ཉེར་དགུ་དཔལ་གྱི་རི་ལ་བཞུགས་པར་གྲགས། ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་པཎྜི་ཏ་རྣམས་བཞེད། བཅུད་ལེན་གྲུབ་པས་པགས་པའི་ཁ་དོག་ནོར་བུའི་མདོག་ལྟར་གྱུར་ཅིང་སྐུ་ལ་མཚན་སོ་གཉིས་ཀྱིས་བརྒྱན། སློབ་དཔོན་དེ་ཉིད་ཀྱི་གྲོགས་པོ་བྲམ་ཟེ་མཆོག་སྲེད་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་པ་ཞིག་ཡོད་པ་དེས། ལོ་བཅུ་གཉིས་སུ་སྤྱན་རས་གཟིགས་བསྒྲུབས་ནས་གསེར་སྲང་འབུམ་ཕྲག་བཞིིས་སྦྱིན་བསྲེག་ཕུལ་བས་དེས་ཞལ་བསྟན་ནས་དངོས་གྲུབ་ཏུ་ནག་པོ་ཆེན་པོ་མངགས་ཞུགས་སུ་འཚལ་ཞུས་པར་གནང་ནས། རིག་སྔགས་འགྲུབ་པས་ཇི་ལྟར་འདོད་པའི་དོན་ཐོགས་མེད་དུ་ནུས། རྒྱལ་པོ་བདེ་བྱེད་སྒྲ་སློབ་པར་འདོད་པ་ལ་པཱ་ཎི་པ་ཡོངས་སུ་རྫོགས་པར་ཤེས་པའི་སློབ་དཔོན་མ་རྙེད་ནས། ཀླུའི་ཡུལ་ན་པཱ་ཎི་པ་ཡོངས་རྫོགས་ཤེས་པའི་ཀླུའི་རྒྱལ་པོ་ཤེ་ན་ཞེས་བྱ་བ་ཡོད་པ་རིགས་བླགས་ཀྱིས་བཀུག་ནས་དེ་ལ་ཤོ་ལོ་ཀ་འབུམ་གྱིས་པཱ་ཎི་པའི་དོན་ཐམས་ཅད་རྒྱ་ཆེར་འགྲེལ་ནུས་པ་ཡོད་པ་དེ་སློབ་དཔོན་གྱི་ཡི་གེར་འབྲི་བར་བརྩམས་པ་ན། དེ་གཉིས་ཀྱི་བར་དུ་ཡོལ་བས་ཆོད་པར་བྱས་ནས་ཡི་གེར་བྲིས་པ་ན། ཤླཽ་ཀ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སོང་བ་ན་འདིའི་ལུས་ཅི་འདྲ་ཡོད་སྙམ་སློབ་དཔོན་གྱིས་ཡོལ་བ་བཏེགས་ནས་བལྟས་པས་སྦྲུལ་ཆེན་པོ་བསྒྱིངས་པ་མཐོང་། ཀླུ་ངོ་ཚ་ནས་བྲོས་པས། དེ་མན་ཆད་སློབ་དཔོན་ཉིད་ཀྱིས་འགྲེལ་པ་བྱས་ཏེ། དེ་གཉིས་བསྡོམས་པ་ལ་ཀླུས་བསྟན་པའི་བརྡའ་སྤྲོད་པ་ཞེས་གྲགས། དེར་སྒྲ་ལ་སོགས་པ་རིག་པའི་གནས་མང་དུ་བསྟན་ནས་མཐར་ནག་པོ་ཆེན་པོས་ཕྲག་པར་ཐོགས་ཏེ་རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ། རྒྱལ་པོ་བདེ་བྱེད་བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པའི་འགྲེལ་པ་ལ་ཡིད་མ་ཆེས་ནས། བྲམ་ཟེ་སཔྟ་ཝརྨ་གཞོན་ནུ་གདོང་དྲུག་བསྒྲུབ་ཏུ་བཅུག་གོ། གྲུབ་ནས་ཅི་འདོད་ཅེས་ཟེར་བ་ན། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ལོ་བྱས་པས། སཔྟ་ཝརྨ་ས་མ་སྣཱ་ཡ། ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ཤེས་སོ། །བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱ་པའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང་། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་དོན་ལྟར་ཆ་བསགས་པའོ་ཟེར། འདིར་ནི་དེ་ལྟར་མ་གྲགས་ཏེ། ཀ་ལཱ་པ་ནི་སཔྟ་ཝརྨ་ཉིད་ཀྱིས་བརྩམས་ལ། ཆ་བསགས་ཀྱི་དོན་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པའོ། །དུས་དེ་ཙམ་ན་རྒྱལ་པོ་ཧ་རི་ཙནྟྲ་འཁོར་བཅས་འཇའ་ལུས་སུ་གྱུར་པས་བརྒྱུད་པ་མེད། དེ་ཉིད་ཀྱི་ཚ་བོར་གྱུར་པ་ཨཀྵ་ཙནྡྲ་དང་། དེའི་བུ་ཛ་ཡ་ཙནྡྲ་རྣམས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཡིན། དེ་གཉིས་དམ་པའི་ཆོས་མཆོད་པར་བྱེད་པ་ཙམ་བྱུང་། བསྟན་པ་ལ་བྱ་བ་ཆེར་བྱས་པའི་གཏམ་རྒྱུད་མི་སྣང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་པོ་ཧ་རི་་ཙནྡྲ་འཁོར་སྟོང་དང་བཅས་བྱུང་བ་རི་ལུའི་དངོས་གྲུབ་ཐོབ། དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་བའང་ཡིན་ཏེ། སྡེ་སྣོད་འཛིན་པ་མང་དུ་ཐོས་པ་ཡིན་ཀྱང་དད་པ་མེད་པའི་གཞོན་ནུ་སྡེ་ཞེས་བྱ་བ་ཞིག་བྱུང་། དེ་བསླབ་པ་འཆལ་ནས་དགེ་འདུན་གྱིས་གནས་དབྱུང་བྱས་པས་ཆེར་འཁྲུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་འགྲན་པར་ནུས་པའི་ཆོས་རྩོམ་མོ་སྙམ་ནས་ཡུལ་གཞན་དུ་སོང་རང་གི་མིང་མཱ་མ་ཐར་ཞེས་པར་སྤོས། ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་ཆོས་བརྩམས་ཏེ། ལྷ་མིན་ཕྱི་རིགས་ཀྱིས་གདོན་ཆེན་བིཥླི་མླའི་གནས་སུ་སྦས་ཤིང་གཏད་དོ། །དུས་དེར་བྲམ་ཟེ་རིགས་ཀྱི་བུ་མོ་ཞིག་མེ་ཏོག་མང་པོ་འཐུས་ཏེ་ཕུང་པོར་བྱས་ནས་ལྷ་ལ་ཡང་མཆོད་གཞན་ལ་ཡང་ཚོང་བ་ལས། ལན་གཅིག་མེ་ཏོག་ཕུང་པོའི་དབུས་ནས་བྱི་ལ་ཞིག་བྱུང་བ་ལུས་ལ་ཐིམ་པ་དང་སྦྲུམ་མར་གྱུར། ལོ་དུས་སུ་ཁྱེའུ་སྟོབས་དང་ལྡན་པ་ཞིག་བཙས་ཏེ་ཆེར་སྐྱེས་པ་ན་ཐམས་ཅད་ལ་མཐོ་འཚམ་བྱེད་པ་ཞིག་ཏུ་གྱུར། ནམ་ཞིག་དེའི་རྨི་ལམ་དུ་བདུད་ཀྱིས་ལུང་བསྟན་དེ། སྔར་སྦས་པའི་གླེགས་བམ་རྙེད་ནས་དེ་ལ་མོས་པས། འདི་སུ་ལྟ་བུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་ན་བདུད་ཀྱིས་ལུང་བསྟན་ཏེ་མཱ་མ་ཐར་ཉིད་དང་འཕྲད་དེ་ལུང་ནོས་རིག་སྔགས་ཀྱང་གྲུབ། མཐར་འཁོར་སྟོང་དང་བཅས་པས་བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་བསྟན་པས་དང་པོར་ཀླ་ཀློའི་ཆོས་ལུགས་འཛིན་པ་བྱུང་བར་གྲགས། རྒྱལ་པོ་ཨཀྵ་ཙནྡྲ་དང་ཛ་ཡ་ཙནྡྲ་གཉིས་ཙནྡྲ་བདུན་གྱི་གྲས་དང་། ཛ་ཡ་ཙནྡྲའི་བུ་ནེམ་ཙནྡྲ། དེའི་བུ་ཕ་ཎ་ཙནྡྲ། དེའི་བུ་བྷཾ་ས་ཙནྡྲ། དེའི་བུ་ས་ལ་ཙནྡྲ་རྣམས་བདུན་གྲས་དང་བཅུ་གྲས་གང་ལ་ཡང་མི་བགྲང་ངོ་། དེ་ལ་རྒྱལ་པོ་ནེམ་ཙནྡྲ་ནས་རྒྱལ་སྲིད་སྐྱོང་སྐབས། དེའི་མདུན་ན་འདོན་བྲམ་ཟེ་རྒྱལ་བཤེས་བྱ་བ་གཅིག་གིས་ངོ་ལོག་བརྩམས་ཏེ་དེས་རྒྱལ་སྲིད་སྐྱོང་བའི་ཚེ། བྲམ་ཟེ་དེའི་ཉེ་དུ་ཞིག་གིས་ན་ལེནྡྲར་ཕྱིན་སྐབས། གནྜི་བརྡུངས་པའི་སྒྲ་ལ་ཕཊ་ཊ་ཡ་ཞེས་པའི་སྒྲར་བྱུང་བས། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་པའི་སྒྲར་འདུག་གོ་བྱས་པས་འདི་ལ་སྔར་བོད་དུ་བྱུང་བའི་ལོ་རྒྱུས་ལྟར་ན། ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། །མུ་སྟེགས་འཆལ་པ་རྣམས་ཀྱི་ཀླད་པ་འགེམས། །ཞེས་བྱུང་བར་གྲགས་ལ། གཎྜིའི་སྒྲ་ལ་འགེམས་ཞེས་འབྱུང་ཟེར་བ་ནི་འགེམས་པ་སྟེ། ཚལ་པ་མང་པོར་ཐིགས་པའི་སྐད་དོད་རྒྱ་སྐད་དབྱུང་བར་འདོད་ཀྱི། བོད་སྐད་འགེམས་ཞེས་བྱ་བར་འདོད། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་ཡང་བསད་པར་གྲགས་སོ། །དེ་ནས་ལོ་ལྔ་ན་དེ་ཉིད་ནི་ཤི་བར་གྱུར་ཏོ། །དེ་ལ་སྟོན་པའི་བསྟན་པ་ལོ་༼ལྔ་༽བརྒྱ་དང་པོ་ཡར་འཕེལ་དང་ལྔ་བརྒྱ་གཅིག་འགྲིབ་པའི་དུས་ཞེས་ལུང་བསྟན་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་བསྟན་པ་སྐྱོང་ཙམ་ཡན་ཆད་དང་། ལྷ་ཁང་བཞེངས་པ་ལ་སོགས་པ་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་པ་དང་། དཔལ་གྱི་རི་ལ་བཞུགས་པའི་དུས་བྲམ་ཟེ་རྒྱལ་བཤེས་ཀྱིས་གནོད་པ་བྱས་པ་འདི་ཀུན་བྱུང་བ་རྣམས། འགྲིབ་པའི་ཐོག་མ་བརྩམས་པར་སྣང་ངོ་། །དེ་རྗེས་རྒྱལ་པོ་མ་ཎི་ཙནྡྲ་མ་ག་དྷར་རྒྱལ་སྲིད་བྱེད་དོ། །དེའི་ཚེ་ཤར་ཕྱོགས་བྷང་གའི་བྱེ་བྲག་གོ་སྔ་ཞེས་བྱ་བར་རྒྱལ་པོ་གོ་བླ་འཕེལ་བྱེད་ཅེས་བྱ་བ་ལོངས་སྤྱོད་དང་དབང་ཐང་ཤིན་ཏུ་ཆེ་བ་བྱུང་སྟེ། དེས་སྔར་གྱི་གཙུག་ལག་ཁང་ཉམས་པ་ཐམས་ཅད་གསོས། ཆོས་གཞི་རྒྱས་པར་བྱས་སོ། །གནས་བརྟན་བསམ་རྫོགས་ཞེས་བྱ་བས་ཀྱང་བསྟན་པ་ལ་ཕན་ཆེར་བཏགས། ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས། མ་ག་དྷར་ཆོས་གཞི་དྲུག་ཅུ་བཙུགས་པ་ལ་སོགས་ཏེ་དར་བར་བྱས་སོ། །དེ་དག་ནི་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་སྐབས་དང་དེ་རྗེས་ཡུན་རིང་པོར་མ་ལོན་པའི་སྐབས་བྱུང་བའོ། །དེ་ནས་རྒྱལ་པོ་པཱ་ལ་ཙནྡྲའི་བུ་རྒྱལ་པོ་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང་། དེ་མངའ་ཐང་ཤིན་ཏུ་ཆེ་ཡང་དགེ་སྡིག་འདྲེས་མར་སྤྱོད་ཅིང་སངས་རྒྱས་ལ་སྐྱབས་སུ་མ་སོང་བས་ཙནྡྲ་བདུན་ལ་མི་འདྲེན།

སློབ་དཔོན་ཨཱརྱ་དེ་བ།

༈ འདིའི་དུས་དཔལ་ན་ལེནྡྲར་སློབ་དཔོན་ཨཱརྱ་དེ་བ་བྱུང་། བོད་རྣམས་སིངྒ་ལའི་གླིང་གི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང་རྒྱལ་པོའི་སྲས་ཀྱི་དོད་དུ་བསྐྱངས་ཞེས་ཟེར་ཡང་། བཞི་བརྒྱ་པའི་འགྲེལ་བར་སློབ་དཔོན་ཟླ་གྲགས་ཀྱིས་སིངྒ་ལའི་རྒྱལ་པོའི་སྲས་ཡིན་པར་བཤད་ཅིང་། འཕགས་ཡུལ་གྱི་གཏམ་ཁུང་མ་ལ་ལར་ཡང་དེ་ལྟར་དུ་གྲགས་པས་དེ་ལྟར་བཤད་ན་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་ག་མ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཞིག་བྱུང་། ཆེར་གྱུར་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པས། མཁན་པོ་ཧེ་མ་དེ་ཝཱ་ཞེས་བྱ་བ་ཞིག་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ཀུན་ཆུབ་པར་བྱས། ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་ཞབས་པད་བསྟེན་ཅིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་དོན་གྱི་བསྟན་པའང་གཏད་དོ། །ཀླུ་སྒྲུབ་འདས་པའི་འོག་ཏུ་སེམས་ཅན་གྱི་དོན་མཛད་ཅིང་། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དུས་དེའི་ཚེ་ཤར་ཕྱོགས་ན་ལི་ནའི་གྲོང་ཁྱེར་དུ་བྲམ་ཟེ་ཐུབ་དཀའ་ནག་པོ་བྱུང་ཚུལ་ནི། གྲོང་ཁྱེར་ཁོར་ཏ་ན་ནའི་ཚོང་དཔོན་ཞིག་ལ་བུ་མོ་བཅུ་བྱུང་བ་ཐམས་ཅད་དཀོན་མཆོག་མཆོད་པ་ཡིན་ཞིང་། ཐ་ཆུང་བྲམ་ཟེ་ལོངས་སྤྱོད་ཆེན་པོ་སངྒ་གུ་ཧེ་ཞེས་བྱ་བའི་བག་མར་བྱིན་པས། ནམ་ཞིག་ན་བུ་ཞིག་བཙས་པའི་མིང་ནག་པོར་བཏགས་སོ། །ཕ་མ་ལ་ཤིན་ཏུ་གུས་པས་ཕ་ཁོལ་དང་མ་ཁོལ་ཞེས་གྲགས། དཔའ་བོ་དང་། རྟ་དབྱངས་དང་། ཕ་ཁོལ་དང་། མ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པར་བཤད། དེ་ནི་སྔོན་བཅོམ་ལྡན་འདས་འཁོར་འདུས་པའི་དབུས་སུ་ཆོས་གསུང་བའི་དུས་བྱ་རོག་ཅིག་གིས་དབུ་ལ་བྱ་ཐལ་བཏང་སྟེ་སོང་། འཁོར་རྣམས་ཚམས་ཏེ་ཇི་ལྟར་ལགས་ཞུས་པས། སྟོན་པས་འདི་མ་འོངས་པའི་དུས་སུ་མུ་སྟེགས་ཀྱི་པཎྜི་ཏ་རྟ་དབྱངས་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན། དེའི་ཚེ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་བྱ་བས་མུ་སྟེགས་དེ་བདག་གིས་བརྟུལ་ནས་སངས་རྒྱས་ཀྱི་གདན་ས་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གྲགས། ཁ་ཅིག་དབང་ཕྱུག་སྒྲུབ་པས་གྲུབ་སྟེ་ཞལ་བསྟན་པའི་ཚེ་ཅི་འདོད་གསུངས་པར་ཕྱོགས་ལས་རྣམ་པར་རྒྱལ་བ་འདོད་ཞུས་པས། མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པར་མ་གྱུར་ཅིག་ཅེས་པའི་མཐུ་ཡིན་ཡང་ཟེར་གང་ལྟར་ཡང་སངས་རྒྱས་ཀྱི་བསྟན་པ་རྩོད་པས་ཕམ་པར་བྱས་པ་ན། ན་ལེནྡྲའི་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཨརྱ་དེ་་བ་སྤྱན་འདྲེན་པའི་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་ཕུལ་གསོལ་བ་བཏབ་པས། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་བ་དེའི་མགུལ་དུ་ཡི་གེ་བཏགས་ཏེ་འཕུར་སོང་བ་སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་མཁྱེན་ནས་རྐང་མགྱོགས་ཀྱི་རྫས་ལ་བརྟེན་ནས་བྱོན་ནོ། །ལམ་དུ་མུ་སྟེགས་ཀྱི་བུད་མེད་གཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་མཁས་པའི་མིག་དགོས་པ་བྱུང་བར་སྤྱན་ཡ་གཅིག་སློང་བ་ལ་བྱིན། ཐུན་ཚོད་གཅིག་ཙམ་ལ་ན་ལེནྡྲར་ཕེབས། དེར་མུ་སྟེགས་རྣམས་བཏུལ། ལན་གསུམ་བརྩད་ཀྱང་མ་ཐུབ། རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས། སློབ་དཔོན་གྱིས་དེའི་རིག་སྔགས་བཅིངས་ཏེ་བཟུང་ནས་གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ན་གླེགས་བམ་རྣམས་བཀླགས་པས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སླར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་འགྱོད་ནས་སངས་རྒྱས་ལ་དད་དེ་རབ་ཏུ་བྱུང་། རིང་པོར་མི་ཐོགས་པར་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་པ་ན་མནལ་ལམ་དུ་འཕགས་མ་སྒྲོལ་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་བསྟོད་པ་མང་དུ་གྱིས་ཤིགསྔོན་:ཆོས༼ཆད་༽སྡིག་བསགས་པའི་ལས་སྒྲིབ་བྱང་བར་འགྱུར་རོ་ཞེས་པའི་ལུང་བསྟན་གྱིས་བསྐུལ་ཏེ། བསྔགས་འོས་ལ་བསྔགས་པའི་བསྟོད་པ་བརྒྱ་རྩ་བརྒྱད་དང་། བསྟོད་པ་རྣམས་ཀྱི་ནང་ནས་བསྟོད་པ་བརྒྱ་ལྔ་བཅུ་པ་མཛད་དེ། སློབ་དཔོན་འདིས་མཛད་པའི་བསྟོད་པ་རྣམས་སངས་རྒྱས་ཀྱི་བཀའ་དང་མཉམ་པར་བྱིན་ཆེ་སྟེ་རྒྱལ་བ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་བསྟན་པའི་ཕྱིར་རོ། །སློབ་དཔོན་ཨཱརྱ་དེ་བ་ཡུན་རིང་ན་ལེནྡྲར་བཞུགས་ནས་མཐར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་བསྟན་པ་གཏད་ནས་སྐུ་འདས་སོ། །

ཀླུ་སྒྲུབ་ཀྱི་སློབ་མ་ཀླུ་བོས།

༈ སློབ་དཔོན་དེ་དང་དུས་མཚུངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་བྱུང་། ཀླུའི་ཡུལ་དུ་ལན་བདུན་བྱོན་པར་གྲགས། ཐེག་ཆེན་གྱི་མདོ་རྣམས་ལ་བཤད་པ་མཛད་ཅིང་། ད་ལྟ་བོད་ན་ཡོད་པའི་སྐུ་གསུམ་གྱི་བསྟོད་པ་ཡང་སློབ་དཔོན་འདིས་མཛད་པ་ཡིན་པར་གྲགས། འདིས་དཔལ་ན་ལེནྡྲའི་མཁན་པོ་ཡང་ཡུན་རིང་བྱས་ཤིང་ཀླུ་སྒྲུབ་ཀྱི་སློབ་མའོ། །

ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤིང་ཁཱི་པ།

༈ ཡང་ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤིང་ཁཱི་པ་ཞེས་བྱ་བ་ཞིག་བྱུང་སྟེ། སློབ་དཔོན་འཁོར་བཅས་ཆོས་གསུངས་བ་ན། དེ་བློ་ཤིན་ཏུ་རྟུལ་བས། ཚིགས་བཅད་གཅིག་ཁོ་ན་ཡང་ཉིན་ཞག་མང་པོར་འཛིན་མི་ཐུབ་པ་ལ། ཀྱལ་ཀའི་ཚུལ་གྱིས་མགོ་ལ་རྭ་སྐྱེས་པར་སྒོམས་ཤིག་ཅེས་གསུངས་པས། དེས་ཀྱང་བསྒོམ་པ་ན་དམིགས་པ་ཤིན་ཏུ་རྣོ་བས། དེ་མ་ཐག་ཏུ་རེག་མཐོང་གི་མཚན་མ་གྲུབ་ནས། རང་སྡོད་པའི་ཕུག་པ་ལ་རྭ་ཐོགས་སོ། །སློབ་དཔོན་གྱིས་དབང་པོ་རྣོ་བར་མཁྱེན་ཏེ། ཡང་རྭ་དེ་མེད་པར་སྒོམ་དུ་བཅུག་པས་མེད་པར་སོང་། དེ་ལ་རྫོགས་རིམ་གྱི་ཁྱད་པར་འགའ་ཞིག་བསྟན་ནས་སྒོམ་དུ་བཅུག་པས་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། སློབ་དཔོན་འཁོར་བཅས་ཀྱིས་ཟླ་བ་དྲུག་ཏུ་དངུལ་ཆུའི་བཅུད་ལེན་བསྒྲུབས་སོ། །གྲུབ་ནས་སློབ་མ་སོ་སོ་ལ་རིལ་བུ་རེ་འགྱེད་པ་ན་དེས་མགོ་ལ་གཏུགས་ཏེ་ཅི་བདེ་བར་བོར་སོང་བས། སློབ་དཔོན་གྱིས་བཀའ་བཀྱོན་པར། བདག་ལ་ནི་འདིའི་དགོས་པ་མ་མཆིས། སློབ་དཔོན་ཉིད་འདི་ལྟ་བུ་བཞེད་ན། ཇི་ཙམ་དགོས་པ། སྣོད་ཆུས་གང་བའི་སྟ་གོན་མཛོད་ཅིག་ཅེས་ཟེར་རོ། །དེར་སྣོད་ཆེན་པོ་སྟོང་ཕྲག་གཅིག་ཆུས་གང་བར་བྱས་པ་ལ། དེ་ཉིད་ཀྱིས་དྲི་ཆུས་ཐིགས་པ་རེ་སྣོད་དེ་དག་ཏུ་བླུག་པས་ཐམས་ཅད་གྲུབ་པའི་བཅུད་ལེན་གསེར་འགྱུར་གྱི་རྩིར་གྱུར་ཏོ། །སློབ་དཔོན་གྱིས་དེ་ཐམས་ཅད་བྲག་ཕུག་བགྲོད་དཀའ་བ་ཞིག་ཏུ་གཏེར་དུ་སྦས་ནས་མ་འོངས་པའི་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ་བོ། །བློ་རྟུལ་གྲུབ་པ་ཐོབ་པ་དེ་ལ་ཤིང་ཁཱི་པ་སྟེ་རྭ་ཅན་པ་ཞེས་བྱ་བའོ། །

སློབ་དཔོན་མ་ཁོལ།

༈ དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་བྱུང་། དེའི་བློན་པོ་བྲམ་ཟེ་ཙ་ར་ཀ་ཞེས་བྱ་བས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས་མཐུ་ཤིན་ཏུ་ཆེ་བར་གྱུར། གྲོང་ཁྱེར་བཅུ་དྲུག་ཙམ་གྱི་རྒྱལ་བློན་མང་པོ་མངོན་སྤྱོད་ཀྱི་ལས་ཀྱིས་བསད་ཅིང་། སྨྱོ་བ་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། ངག་ལྐུགས་པ་ལ་སོགས་བྱས་པའི་སྡིག་པས་ལུས་ཚལ་པར་གས་པའི་ནད་ཀྱིས་དམྱལ་བར་སྐྱེས། རྒྱལ་པོ་དེའི་ཚེ་གྲོང་ཁྱེར་མེ་ཏོག་ཅན་དུ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་གཙུག་ལག་ཁང་དུ་སློབ་དཔོན་མ་ཁོལ་བཞུགས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ཤིན་ཏུ་དར་བར་མཛད། སློབ་དཔོན་དེའི་སྐུ་ཚེའི་སྨད་ལ་སྙིང་པོ་ཐིག་ལེའི་ནུ་བོའི་བུ་རྒྱལ་པོ་ཤྲི་ཙནྡྲས་རྒྱལ་སྲིད་བྱས། དེས་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས་ནས་ཐེག་ཆེན་སྨྲ་བའི་དགེ་སློང་ཉིས་སྟོང་ལ་འཚོ་བ་སྦྱར། མཁན་པོ་སྒྲ་གཅན་འཛིན་གྱིས་མཛད་ཏེ། དེར་དྲིའི་གཙང་ཁང་བཅུ་གཉིས་བཞེངས་ནས་ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས། རྒྱལ་པོ་ཤྲི་ཙནྡྲས་རྒྱལ་སྲིད་ལོ་མང་ཙམ་སོང་བ་ན། ནུབ་ཕྱོགས་མ་ལ་ཝེའི་ཡུལ་དུ་རྒྱལ་པོ་ཀ་ཎི་ཀ་ལོ་གཞོན་ནུ་ཞིག་ལ་རྒྱལ་སར་བསྐོས་ཏེ། རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་གསར་དུ་བརྟོལ་བ་ལ་སོགས་པ་དཔལ་འབྱོར་ཆེན་པོ་གནས་པར་བྱེད། ཕྱོགས་བཞིར་གཙུག་ལག་ཁང་ཆེན་པོ་རེ་རེ་ཡང་བཞེངས། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་དོ། །དེ་ནི་རྒྱལ་པོ་ཀ་ཎི་ཀ་གོང་གི་དེ་དང་མི་གཅིག་པར་གྲགས།

སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བར་པ་བྱུང་བ།

༈ དེ་ནས་ཤར་ཕྱོགས་སུ་རྒྱལ་པོ་ཤྲི་ཙནྡྲའི་བུ་དྷརྨ་ཙནྡྲ་བྱ་བ་བྱུང་། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་རྒྱ་ཆེར་བྱས། དེའི་ཚེ་ཡུལ་མོ་མ་ཏཱ་ན་སྟག་གཟིག་གི་རྒྱལ་པོ་གཅིག་ཡོད་ལ། དེ་དང་རྒྱལ་པོ་དྷརྨ་ཙནྡྲ་གཉིས་རེས་འཁྲུག་རེས་བསྡུམ་པ་མང་དུ་བྱས་ནས་ཕན་ཚུན་སྐྱེས་བསྐུར་རེས་བྱས་ཏེ་ལན་གཅིག་ཉི་འོག་རྒྱལ་པོས་དྷརྨ་སྟག་གཟིག་རྒྱལ་པོ་ལ་ཟ་འོག་གི་གོས་སྲུབས་མེད་པ་ཐག་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་བྱུང་བ་ཞིག་བསྐུར་བ་ལ། ངན་སྔགས་བྱེད་དོ་སྙམ་དུ་ཐེ་ཚོམ་སྐྱེས། ཡང་ཀེ་ལེའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་རིག་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་རླུང་གིས་བསྐྱོད་ནས་རང་ཤུགས་སུ་ཚུད་པ་ན། ནམ་ཞིག་ཤིང་ཏོག་གི་སྐྱེས་བསྐུར་བས་ཤིང་ཏོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས། དེར་དམག་དྲངས་ཏེ་མ་ག་དྷའི་ཡུལ་ཀུན་བཅོམ་ནས་གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིགས། དཔལ་ན་ལེནྡྲར་ཡང་གནོད་པ་ཆེར་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བར་པ་བྱུང་ངོ་། །

ཝ་ར་ཎ་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་སླར་བསྟན་པ་སྤེལ་བ།

༈ དེའི་རྗེས་སུ་དྷརྨ་ཙནྡྲའི་ཞང་པོའི་བུ་ཝ་ར་ཎ་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་བྱ་བ་ཞིག་བྱུང་། དེ་རྒྱ་ནག་པོའི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པའི་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུའི་ཁུར་གྱི་ཡོ་བྱད་བཟང་པོ་དག་གི་སྐྱེས་བྱིན་ནོ། །ནོར་དེ་དག་གིས་དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་གཙོ་བོ་རྣམས་མགུ་བར་བྱས་ནས། ཐམས་ཅད་ཀྱིས་དམག་གི་དཔུང་རོགས་དང་བཅས་ཏེ་སྟག་གཟིག་གི་རྒྱལ་པོ་དང་དཔའ་བོ་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་སངས་རྒྱས་ཕྱོགས་ཀྱིས་ལུང་བཏང་ནས་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་གསོས། དཔལ་ན་ལེནྡྲར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས་པ་ལས་རྒྱལ་པོ་ཉིད་ཀྱིས་བདུན་ཅུ་རྩ་གཅིག། གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས། དགེ་འདུན་རྣམས་རྒྱལ་པོའི་ཁང་བཟང་གི་རྩེ་མོར་མཆོད་ཅིང་། མུ་སྟེགས་བྱེད་རྣམས་ལ་སྒོ་ཁང་གི་ཕྱི་རོལ་དུ་ཟས་དག་སྟེར་རོ། །དེ་ནས་ལྷོ་ཕྱོགས་ཀྱི་ཡུལ་ཀྲྀཥྞ་རཱ་ཛར་སློབ་དཔོན་མཱ་ལེ་ཀ་བུ་དྷི་ཞེས་བྱ་བ་བྱུང་། ཆོས་གཞི་ཉི་ཤུ་ཙམ་བཙུགས་ཐེག་ཆེན་དར་བར་བྱས། མཐར་ཏུཥྐཱི་དམག་གིས་བཀྲོངས་ཁྲག་འོ་མར་ཟགས། ཁོང་ནང་ནས་མེ་ཏོག་མང་པོ་ཐོན་ནས་བར་སྣང་ཁེངས་པར་བྱས་སོ། །སློབ་དཔོན་ཀུན་ཏུ་བཟང་པོ་ཞེས་བྱ་བ་གཅིག་ཀྱང་བྱུང་སྟེ་དེས་ཀྱང་བསྟན་པ་ལ་བྱ་བ་ཆེར་བྱས་འགྲོ་ཕན་རྒྱ་ཆེར་བྱུང་བར་གྲགས་སོ། །

༈ དེ་ལྟར་ལོ་བཞི་བཅུ་ཙམ་དུ་ཆོས་ཤིན་ཏུ་དར་བར་ཡོད་པ་ལས། རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སེངྷ་ཞེས་བྱ་བ་ཞིག་གིས་ན་ལེནྡྲར་ལྷ་ཁང་ཞིག་བཞེངས་པའི་ཞལ་བསྲོའི་དུས་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོང་བ་ལ། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱོར་བ་བྱས། གཅིག་གིས་སའི་གཏིང་དོང་རིང་པོར་ཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཉི་མ་སྒྲུབ་པས་གྲུབ་སྟེ། སྦྱིན་སྲེག་བྱས་པའི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ལྷ་ཁང་མང་པོ་མེར་བསྲེགས། ཁྱད་པར་དཔལ་ན་ལེནྡྲའི་དྷརྨ་པཉྫ་སྟེ། གསུང་རབ་ཐམས་ཅད་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱ་ར། རཏྣ་ད་དྷི། རཏྣ་རཎྜ་ཀཞེས་བྱ་བ་གསུམ་བསྲེགས། དེའི་ཚེ་རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཐེག་ཆེན་གྱི་མདོ་སྡེ་བཞུགས་པའི་གླེགས་བམ་ལས་ཆུའི་རྒྱུན་ཆེན་པོ་བྱུང་ནས་མེ་བསད་དེ་གླེགས་བམ་མང་པོ་ཞིག་མ་ཚིག་པར་ལུས་པ་གསང་འདུས་སོགས་སྔགས་ཀྱི་སྐོར་ཡིན་པར་གྲགས་སོ། །མུ་སྟེགས་དེ་གཉིས་ཀྱང་རྒྱལ་པོའི་ཆད་པས་འཇིགས་ཏེ་བྲོས་པར་བརྩམས་པ་ན་ལུས་ལ་མེ་རང་འབར་ནས་ཤིའོ། །དེ་ནས་ཕྱོགས་དང་ཕྱོགས་ཀྱི་དགེ་སློང་མང་དག་འདུས། བློ་ལ་བཞུགས་པ་དང་། གླེགས་བམ་ལ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང་། བྲམ་ཟེ་ཤངྐུ་དང་། བྲམ་ཟེ་ཕུར་བུ་དང་། ཁྱིམ་བདག་དད་པ་ཅན་མང་པོས་ལྷ་ཁང་མེས་ཚིག་པ་རྣམས་གསོས་སོ། །དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་རྣམས་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་ཙམ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱིས་ནུབ། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ། ལྷག་མ་ཆ་དགུ་ཙམ་མེའི་གནོད་པས་ནུབ་པས། ད་ལྟ་ཆ་གཅིག་ཙམ་ཞིག་ལུས། དེ་ལ་དཀོན་བརྩེགས་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། ཕལ་ཆེན་ལེའུ་སྟོང་ལས་སོ་བརྒྱད་ལུས། འདུས་པ་ཆེན་པོའི་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལང་གཤེགས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་ཙམ་པས་མཚོན་ནོ། །

༈ དེ་ལ་བྲམ་ཟེ་ཤངྐུ་ནི་བྲམ་ཟེ་ས་ཏོ་ཞེས་པའི་བུ་སྟེ། དེས་དབང་ཕྱུག་ཆེན་པོའི་རིག་སྔགས་གྲུབ་པས་ཡུལ་གྱི་ཀླུ་འདུལ་བར་བརྩམས་པ་ན་མ་ཐུལ་ཏེ། ཀླུས་གནོད་པས་ཤི་བ་ན། དེའི་ཆུང་མས་ཕུང་པོ་ཁྱེར་ཏེ་སོང་ནས། འདི་གསོ་བར་ནུས་པ་སུ་ཡོད་ཅེས་བསྒྲགས་པས་ལན་ཅིག་བུད་མེད་ཅིག་བྱུང་ནས་ཆུ་ལ་སྔགས་བཟླས་ཏེ། དེའི་ལུས་བཀྲུས་པས་སླར་གསོས་སོ། །དེ་ནས་ཀླུ་འདུལ་བའི་མན་ངག་འཚོལ་དུ་ཕྱིན་པ་ན། བུད་མེད་མཁའ་འགྲོའི་རིགས་ཅན་ཞིག་དང་འཕྲད་ནས་ཞུས་པར། ཁྱོད་རིག་སྔགས་ཀྱི་སྣོད་ཀྱང་མ་ཡིན། དམ་རྫས་ཀྱང་རྙེད་དཀའ་འོ་ཟེར་ནས་མ་གནང་ཡང་ནན་གྱིས་ཞུས་པས། འོ་ན་དམ་རྫས་ཁྱི་མོ་ནག་རྐྱང་གི་འོ་མ་བསྐོལ་བའི་འོ་ཐུག་སྙིམ་པ་བརྒྱད་དགོས་པར་བཙལ་ནས་རིག་སྔགས་ཞུས་པས། དེས་སྔགས་བཏབ་ནས་འཐུང་དུ་བཅུག་གོ། སྙིམ་པ་དྲུག་གིས་ལྟོ་བ་གང་སྟེ། དེ་ལྷག་འཐུང་མ་ནུས་སོ། །དེར་མཁའ་འགྲོ་མ་དེས་འདི་མ་འཐུང་ན་ཁྱོད་སྦྲུལ་གྱིས་གསོད་དོ་བྱས་པས། སླར་ཡང་སྙིམ་པ་གཅིག་འཐུང་། སྙིམ་པ་ལྷག་གཅིག་ཐབས་ཇི་ལྟར་བྱས་ཀྱང་འཐུང་མ་ནུས་སོ། །དེར་མཁའ་འགྲོ་མ་དེས་ངས་དང་པོ་ནས་ཁྱོད་ཉིད་སྣོད་མ་ཡིན་ནོ་ཞེས་མ་སྨྲས་སམ། ད་ཁྱོད་ཀྱིས་ཀླུ་རིགས་བདུན་འཐུལ་གྱིས་ནོར་རྒྱས་གྱི་རིགས་ནི་མ་ཡིན་ཏེ་མཐར་ནོར་རྒྱས་ཀྱི་ཀླུའི་གནོད་པས་འཆི་བར་འགྱུར་རོ་ཞེས་གསུངས། དེ་ནས་དེ་མཐུ་དང་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཀླུ་རྣམས་མངགས་གཞུག་ཏུ་བསྐུལ་ནས་ཕན་གནོད་ཀྱི་ལས་གང་ཡང་ཐོགས་མེད་ཏུ་བྱེད་པ་བྱུང་། དེ་ནས་ཤངྐུ་དེས་ལྷོ་ཕྱོགས་ཀྱི་ཡུལ་ནམ་མཁའ་ལྡིང་གི་མཆོད་སྡོང་རྡོ་རིང་ཞིག་བཙུགས་ཏེ། དེ་ལ་མཆོད་པ་ཙམ་གྱིས་དུག་ནད་ཞི་བ་དང་ཁྲུས་གསོལ་བའི་ཁུ་བས་ཁྲུས་བྱས་པ་ན་ཀླུ་ནད་སེལ་བ་དག་བྱུང་ངོ་། །བྲམ་ཟེ་ཕུར་བུ་ནི་ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པ་སྟེ། སངས་རྒྱས་ཀྱི་ལྷ་ཁང་མང་དུ་བཞེངས་པ་དང་། དགེ་འདུན་མང་པོ་ལ་དུས་སྟོན་ཡང་བཙུགས་སོ། །དུས་དེར་རྒྱལ་པོ་སངས་རྒྱས་ཕྱོགས་དང་། དེའི་རྗེས་སུ་དྷརྨ་ཙནྡྲའི་ཚ་བོ་ཀརྨ་ཙནྡྲ་ཞེས་བྱ་བ་བྱུང་སྟེ། དེ་དག་གི་རིང་ལ་སློབ་དཔོན་དགའ་བྱེད་སྙན་པ་དང་། སློབ་དཔོན་རྟ་དབྱངས་ཆུང་བ་དང་། སྒྲ་གཅན་འཛིན་བཟང་པོའི་སློབ་མ་སྒྲ་གཅན་འཛིན་བཤེས་གཉེན་ཡིན་ལ། དེའི་སློབ་མ་ཀླུའི་བཤེས་གཉེན་རྣམས་བྱུང་། དེ་དག་གིས་ཐེག་ཆེན་དར་བར་མཛད་དོ། རྒྱལ་པོ་ཀརྨ་ཙནྡྲ་རྒྱལ་སྲིད་སྐྱོང་བཞིན་པའི་དུས། རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོའི་ཕྱོགས་ཞེས་བྱ་བས་ལོ་བཞི་བཅུར་ཉེ་བ་རྒྱལ་སྲིད་བྱས་སོ། །དེའི་དུས་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་དང་། སངས་རྒྱས་འབངས་དང་། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །


previousན་ལེནྡྲའི་གཙུག་ལག་ཁང་།next