Nitartha Digital Library
Tibetan
 
previousསྙན་ངག་མེ་ལོང་ལ་དོགས་གཅོད་གཞུང་དོན་སྙིང་པོ། །རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། next

སྙན་ངག་མེ་ལོང་ལ་དོགས་གཅོད་གཞུང་དོན་སྙིང་པོ། །རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།


MLP007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་མེ་ལོང་ལ་དོགས་གཅོད་གཞུང་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། ༀ་སྭ་སྟི་སིདྡྷི། མི་འགྱུར་འགྲོ་ལ་ཕན་བདེ་དཔག་མེད་ཐུགས། །རྡོ་རྗེའི་ཚིག་གི་གོ་འབྱེད་ལེགས་བཤད་སྒྲས། །མ་རིག་གཉིད་སློང་དབྱངས་ཀྱི་ལྷ་མོ་ལ། །བཏུད་ནས་སྙན་ངག་རྒྱན་གྱི་དོགས་སེལ་བཤད། །འདིར་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་མེ་ལོང་དང་རྗེས་འབྲེལ་རྒྱན་ངོས་འཛིན་གྱི་དོགས་སེལ་འགའ་ཞིག་འཆད་པ་ལ། ཐུན་མོང་མ་ཡིན་པའི་རྒྱན་གྱི་སྐབས། རབ་དྭངས་དང་། དོན་གསལ་གྱི་རྒྱན་གྱི་ཁྱད་པར། རབ་དྭངས་ནི། སྙན་ངག་མཁན་གྱི་བརྗོད་འདོད་ཀྱི་ཀུན་ནས་བསླངས་པའི་དོན་དེ་ཉིད་གོ་བདེ་བར་འཇིག་རྟེན་ན་ཡོངས་གྲགས་ཀྱི་བརྡས་བརྗོད་པ་བཻ་དརྦྷའི་ལུགས་དང་། མངོན་བརྗོད་ལ་སོགས་པ་ངེས་ཚིག་ཡོད་ཙམ་གྱིས་བརྡས་བརྗོད་པ་གཽ་ཌ་པའི་ལུགས་ཡིན་ཏེ། དཔེར་ན། ཡིད་འོང་རི་བོང་མཚན་རྟགས་ཀྱི། །རབ་མཛེས་ཟླ་བ་ཀུ་མུད་འབྱེད། །ཅེས་དང་། ཐོན་མཐིང་རྟགས་ཀྱིས་ཉེར་མཚན་པའི། །དཀྱིལ་འཁོར་འདིས་ནི་ས་མོས་བཞད། །ཅེས་པ་ལྟ་བུ། དོན་གསལ་ནི། རང་བཞིན་གོ་བདེ་བར་བརྗོད་པས། དོན་བརྟག་མི་དགོས་པར་ཤར་ལྷོ་འདོད་མཐུན་གྱི་ལུགས་དང་། བརྟགས་དགོས་པ་ཤར་པ་རེས་འགའ་འདོད་པའི་ལུགས་ཏེ། དཔེར་ན། ཀུ་མུད་འདབ་བརྒྱ་གྲོལ་བ་ནི། །ཟླ་བའི་འོད་ཀྱི་འཕོག་ལས་བྱུང་། །ཞེས་དང་། ཀུ་མུད་༴ རྒྱུ་དང་རྟེན་འབྲེལ་ཅི་ལས་བྱུང་། །ཞེས་ལྟ་བུ། ཡང་། ལེའུ་དང་པོའི་རྒྱ་ཆེ་བའི་རྒྱན་དང་། ལེའུ་གཉིས་པའི་རྒྱ་ཆེ་བའི་རྒྱན་གྱི་ཁྱད་པར་ལེའུ་དང་པོའི་སྐབས་ཚིག་སྦྱོར་གང་དུ་བརྗོད་བྱའི་དོན་ཅི་རིས་བརྗོད་ཡུལ་དེའི་ཁྱད་པར་དུ་འཕགས་པའི་


MLP007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཤུགས་ལས་མཚོན་ནུས་པ་སྟེ། འགྲོ་བའི་སྐྱབས་གཅིག་ཁྱོད་ཀྱི་ཞལ། །མཐོང་ཚེ་སྐྱབས་གཞན་རེ་བ་བྲལ། །ཞེས་པ་ལྟ་བུ། ལེའུ་གཉིས་པའི་སྐབས་བརྗོད་ཡུལ་དེའི་བསམ་པའམ་འབྱོར་བའམ་རྨད་དུ་བྱུང་བ་ཡོད་ཚུལ་བརྗོད་པ་སྟེ། ཁྱོད་ནི་འགྲོ་ལ་རྗེས་བརྩེ་བའི། །གཞན་དོན་སྒྲུབ་ལ་སྐྱོ་བ་བྲལ། །ཞེས་པ་ལྟ་བུའོ། །གཽ་ཌ་པའི་ལུགས་ཀྱི་མཛེས་པའི་ཡོན་ཏན་དང་། ཕུལ་བྱུང་གི་རྒྱན་གྱི་ཁྱད་པར་གཉིས། དང་པོ། འཇིག་རྟེན་ན་གྲགས་པའི་བརྗོད་པ་ལས་འདས་པར་འུད་ཆེན་པོས་གཏམ་དང་བསྔགས་པར་བརྗོད་པ་སྟེ། མཛེས་མ་ཁྱོད་ཀྱི་ནུ་མ་ཟུང་། །འཇིག་རྟེན་ཁམས་འདིར་ཤོང་བ་མཚར། །ཞེས་པ་ལྟ་བུ། གཉིས་པ་ནི། ཁྱད་པར་གྱི་ཚིག་བརྗོད་འདོད་ཀྱི་དངོས་པོ་གང་འཇིག་རྟེན་ལས་འདས་ཚུལ་སྒྲོ་བཏགས་ཀྱིས་ཆེད་དུ་བརྗོད་པ་སྟེ། མཛེས་མ་ཁྱོད་ཀྱི་༴ ཐེག་པའི་སྐེད་སྐབས་ལྕགས་ལས་གྲུབ། །ཏིང་ངེ་འཛིན་གྱི་རྒྱན་དང་། ལེའུ་གཉིས་པའི་བསྡུས་བརྗོད་ཀྱི་རྒྱན་གྱི་ཁྱད་པར། དང་པོ་ནི། གཞན་མིག་དང་སྦྲུམ་མ་སོགས་ལ་ཡོད་པའི་ཆོས་འབྱེད་འཛུམ་དང་། འཁུན་པ་སོགས་པདྨ་དང་སྤྲིན་ལ་སོགས་པའི་དངོས་པོ་གཞན་གྱི་སྟེང་དུ་བཀོད་པ་ཉིད་འཇིག་རྟེན་གྱི་ལུགས་ཀྱི་རྗེས་སུ་འབྲངས་ནས་རྗོད་བྱེད་ཀྱི་སྒྲས་དངོས་སུ་ཟིན་པར་བརྗོད་པ་སྟེ། སྐྱེས་བུ་འདོད་ལྡན་བུད་མེད་ལ་བརྩེ་དགར་རོལ་ཞེས་བརྗོད་པ་ལ། བུང་བ་གཞོན་ནུའི་སྐྱེས་བུ་ཞིག །པདྨའི་ན་ཆུང་དག་ལ་སྤྱོད། །ཅེས་པ་ལྟ་བུ། གཉིས་པ་ནི། བརྗོད་འདོད་ཀྱི་ཀུན་ནས་བསླངས་པའི་དོན་དེ་པདྨ་ལྟ་བུ་དངོས་པོ་གཞན་ཞིག་ཡིན་པ་ལྟར་བྱས་ནས་བརྗོད་པ་སྟེ། དོན་སྔ་མ་ཉིད་ལ་མཚོན་ན། རྐང་དྲུག་བུང་བ་གཞོན་ནུ་ཞིག །འདབ་ལྡན་པདྨར་འཕུར་ཞིང་རྩེན། །ཞེས་པ་ལྟ་བུ། དོན་གཉེར་ཀ་ལ་པིང་ཀའི་སྙན་འགྱུར་བློས། །བསྐུལ་ལས་ཤན་འབྱེད་རི་དྭགས་མང་ཚོགས་ཚེ། །སྐྱེད་ཚལ་བདག་པོས་དབྱེ་བ་མ་འདྲེས་འབྱེད། །ལེའུ་དང་པོ་དང་རྗེས་འབྲེལ་གྱི་དོགས་སེལ་འགའ་ཞིག་བཤད་ཟིན་ཏོ། ༈ །ལེའུ་གཉིས་པའི་སྐབས་སུ་སྦྱར་བའི་དཔེ་དང་། མཉམ་ཉིད་ཀྱི་དཔེའི་ཁྱད་པར། དང་པོ་སྦྱར་རྒྱན་དང་དཔེ་རྒྱན་ལྷན་ཅིག་ཏུ་བཀོད་པ་ཙམ་སྟེ། དཔེར་ན། དཀར་མཛེས་ཡིད་འོང་


MLP007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་ཅན། །སྙིང་གི་ཚ་གདུང་ཕ་མཐར་བསྐྲོད། །མཚོ་ལྡན་ཞལ་གྱི་དཀྱིལ་འཁོར་ནི། །རི་བོང་འཛིན་པའི་དཔལ་ལ་འགྲན། །ཞེས་པ་ལྟ་བུ། གཉིས་པ་ནི། ཚིག་གི་སྒྲ་མཚུངས་ཙམ་ལ་དཔེ་དང་དཔེ་ཅན་བཞག་པ་སྟེ། ཀུན་གསལ་ལྷ་ཡི་ལམ་རྒྱུ་བའི། །ཉིན་མོར་བྱེད་པའི་འོད་ཟེར་དང་། །ས་ལ་ལེགས་གནས་བ་ལང་གཉིས། །མཚུངས་ཏེ་གོ་ཞེས་སྒྲ་ཡིས་སོ། །ཞེས་པ་ལྟ་བུ། དེས་ན་སྦྱར་དཔེ་དང་མཉམ་ཉིད་གཉིས་ཁྱབ་ཆེ་ཆུང་གི་ལྡོག་ཆས་ཕྱེ་བ་ཡིན་ནོ། །ཟླ་བོ་དངོས་པོ་དང་། དོན་གཞན་བཀོད་པའི་ཁྱད་པར། དང་པོ་ནི། དོན་ལེ་ཚན་གཉིས་ལ་སོགས་པར་བཀོད་པ་ལས། དེ་དག་དཔེ་དཔེ་ཅན་དུ་འགྲོ་བ་ཞིག་དགོས་ལ། བསྒྲུབ་བྱ་སྒྲུབ་བྱེད་དུ་འབྲེལ་དགོས་པའི་ངེས་པ་མེད་དེ། ཡིད་འོང་ལང་ཚོ་ལྡན་པའི་བུ། །མང་ཡང་རྒྱལ་སྲས་ཁྱོད་འདྲ་སུ། །ལྗོན་ཤིང་བགྲང་ཡས་མཆིས་གྱུར་ཀྱང་། །དཔག་བསམ་འཁྲི་ཤིང་གཉིས་པ་མེད། །གཉིས་པ་ནི། དོན་ལེ་ཚན་གཉིས་ལ་སོགས་པར་བཀོད་པ་བསྒྲུབ་བྱ་སྒྲུབ་བྱེད་དུ་འབྲེལ་དགོས་ལ། དཔེ་དཔེ་ཅན་དུ་འགྲོ་དགོས་པའི་ངེས་པ་མེད་དེ། དམ་ཆོས་རྩེ་གཅིག་བརྩོན་ལྡན་འགྲོ། །སྡུག་བསྔལ་ཅན་ལ་ལྷག་པར་བརྩེ། །གཞན་དོན་བྱང་ཆུབ་སྤྱོད་པ་ལ། །གཞོལ་བ་དམ་པའི་ཆོས་ཉིད་ཡིན། །ཡང་དཔེའི་སྐྱོན་སེལ་སྐབས་སྦྱོར་མ་ཤེས་ན་སྐྱོན་དུ་འགྱུར་ཚུལ་ལས། དཔེ་ལྷག་པས་དཔེ་ཅན་དམན་པ་གཞལ་བ། ཉི་མ་བཞིན་དུ་མེ་ཁྱེར་གསལ། །ཞེས་གསུངས་པས་ཧ་ཅང་མི་འཚམས་པའི་དབང་དུ་བྱས་ན། བུད་མེད་ཀྱི་གདོང་ལ་ཟླ་བས་འགྲན་དུ་མེད་པ་སོགས་ཀྱང་གནད་གཅིག་འདྲ་བ་མཁས་པ་དག་གིས་དཔྱད་པར་བྱའོ། །གཟུགས་ཅན་གྱི་རྒྱན་གྱི་སྐབས་ཆ་ཤས་གཟུགས་ཅན་དང་། ཡན་ལག་གྱི་ཁྱད་པར། ཁྱབ་ཆེ་ཆུང་གི་ཁྱད་པར་ཏེ། ཆ་ཤས་ཀྱིས་ཡན་ལག་ལ་ཁྱབ་ཀྱང་ཡན་ལག་གིས་ཆ་ཤས་ལ་མ་ཁྱབ་པའི་ཕྱིར། དཔེར་ན་རྔུལ་ཆུ་དང་སྐྲའི་ཉག་མ་རེ་སོགས་ལུས་ཀྱི་ཆ་ཤས་ཡིན་ཡང་། ཡན་ལག་མ་ཡིན་པ་བཞིན་ནོ། །ཇི་ལྟར་ཆ་ཤས་ནི། བུ་མོ་ཁྱོད་ཀྱི་བཞིན་རས་ལ། །མིག་གི་བུང་བ་འཕུར་ལྡིང་གཡོ། །རྔུལ་ཆུའི་མུ་ཏིག་དོག་པ་འབབ། །མཆུ་སྒྲོས་པདྨའི་འཛུམ་མདངས་ལ། །ཞེས་དང་། བུ་མོ་ཁྱོད་ཀྱི་༴ མིག་༴ སོ་འཕྲེང་མུ་ཏིག་ཚར་


MLP007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དངར། །མཆུ་སྒྲོས་༴ ཞེས་པ་ལྟ་བུ། འགོག་རྒྱན་གྱི་སྐབས་སུ་རྒྱུ་འགོག་པ་དང་རྒྱུས་འགོག་པའི་ཁྱད་པར། དང་པོ་ནི་འབྲས་བུ་གང་དུ་འབྱུང་བྱེད་ཀྱི་རྒྱུ་འགོག་པ་སྟེ། གཤིན་རྗེའི་རྒྱལ་པོ་འཇིགས་རུང་གཟུགས། །ཆེར་སྟོན་རྒྱོབ་གསོད་སྒྲས་འགེངས་ཡང་། །མི་དགེའི་ལས་ལམ་རིང་དོར་ཕྱིར། །མི་འཇིགས་བ་སྤུ་གཡོ་མ་ལགས། །གཉིས་པ་ནི། འབྲས་བུ་གང་རུང་འགྲུབ་བྱེད་ཀྱི་རྒྱུ་མཚན་གྱི་བྱ་བ་ལྟ་བུ། གཞན་འགོག་པ་སྟེ། གཤིན་རྗེའི་རྒྱལ་པོ་འཇིགས་རུང་གཟུགས། །ཆེར་ཁྲོས་རྒྱོབ་གསོད་སྒྲས་འགེངས་ཕྱིར། །སྡིག་ཅན་ཁྱོད་ནི་མིའི་འགྲོ་བ། །མ་ཡིན་དམྱལ་བ་པར་བརྗོད་དོ། །དོན་གཞན་བཀོད་པའི་རྒྱན་གྱི་སྐབས་མི་འོས་པའི་ཚེ། སྦྲང་རྩི་འཐུང་བའི་མགྲིན་སྙན་ལས། །ཞེས་སོགས་ཀྱི་སྒྲ་སྙན་ཐོས་པས་རྣ་བར་རྩུབ་པ་མི་འོས་པ་དང་། འོས་པའི་སྐབས། ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །ཞེས་སོགས་ཀྱི། འཇམ་པས་འདོད་པ་སྐྱེས་ཏེ་གདུང་བར་འོས་པར་གསུང་བ་འདོད་ལྡན་ལ་ལྟོས་ནས་གཉིས་ཀ་མཚུངས་པ་ལྟ་བུ་ཞིག་གནང་མོད་དགོངས་དོན་གྱི་ཁྱད་པར་ཕྱི་མའི་སྐབས། ཁ་དོག་དམར་བ་སྲེག་ཟ་མེ་དང་འདྲ་བའི་ཁྱད་པར་ཡིན་ནམ་སྙམ་མོ། །འོན་ཀྱང་དཔེར་བརྗོད་རྣམ་པ་གསལ་བའི་དབང་དུ་བྱས་ན། མི་འོས་པ་ནི། ཟླ་གཞུན་འཇམ་པོས་ལུས་རེག་ཚེ། །འདོད་ལྡན་སེམས་ལ་སྡུག་བསྔལ་གྱི། །གདུང་བ་དྲག་པོས་ཆེས་ཆེར་མནར། །སྡིག་ཅན་མྱོང་འགྱུར་སུ་ཡིས་འགོག །ཅེས་དང་། འོས་པ་ནི། ཉི་མའི་འོད་ཟེར་རབ་འཕྲོ་བས། །དབྱར་དུས་སྐྱེས་བུའི་ལུས་རེག་ཚེ། །ཚ་གདུང་དྲག་པོས་མནར་གྱུར་ཏེ། །ཚ་གྲང་བྱེད་ལས་ཐ་དད་ཕྱིར། །ཅེས་པ་ལྟ་བུ། ༈ ལྡོག་པ་ཅན་གྱི་རྒྱན་ལས། གཉིས་ལྡོག་དང་། མཚུངས་ཆོས་འབྱེད་ཆོས་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན་གཉིས་གཙོ་ཆེ་ཆུང་གི་སོ་སོར་གསུངས་པ་ལས་དོན་གྱི་གནད་གཅིག །འོན་ཀྱང་གཉིས་ལྡོག་ལ་དཔེ་དཔེ་ཅན་སོ་སོའི་ལྡོག་ཆ་གཉིས་ཀ་དངོས་སུ་བསྟན་ཕྱིར་མཚུངས་ཆོས་དངོས་སུ་མ་གསལ་ཡང་ཆོག །ཕྱི་མར་མཚུངས་ཆོས་དང་ལྡོག་ཆ་གཉིས་ཀ་དངོས་བརྗོད་དགོས་སོ། །དཔེར་ན། གཉིས་ལྡོག་ནི། བསིལ་ཟེར་ཅན་གྱི་དཀྱིལ་འཁོར་


MLP007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ན་ཆུང་བཞིན་རས་མཛེས་ལྡན་མཚུངས། །ཟླ་བ་ནམ་མཁར་རྒྱུ་བ་དང་། །བུ་མོ་སྐྱེད་ཚལ་གནས་འདིར་དབྱེ། །གཉིས་ཀ་སྒྲས་ཟིན་ནི། བསིལ་ཟེར་ཅན་དང་མཛེས་ལྡན་མ། །དཀར་ཞིང་ཡིད་དུ་འོང་ཕྱིར་མཚུངས། །ཟླ་བ་༴ བུ་མོ་སྐྱེད་༴ ཞར་བྱུང་མཚུངས་ཆོས་ཤུགས་དང་འབྱེད་ཆོས་སྒྲས་ཟིན་ནི། བསིལ་ཟེར་རི་བོང་འཛིན་པ་ནི། །མཁར་འགྲོ་ཀུནྡ་བཞད་པའི་གྲོགས། །བུ་མོ་མཚར་སྡུག་ཡིད་འོང་མས། །འདོད་ལྡན་འགྲོ་ལ་ཆགས་བདེ་སྐྱེད། །ཅེས་པ་ལྟ་བུ། སྲིད་པ་ཅན་གྱི་རྒྱན་གྱི་སྐབས་ཕྱིའི་རྒྱུ་དང་ནང་གི་རྒྱུ། ཕྱི་དུས་རྟོགས་པ་དང་ནང་ལང་ཚོ་དར་བ་སོགས་ལས་མཚོན་དགོས་ལ། རང་གི་ངོ་བོ་ཙམ་སྟོན་པ་ནི། ཡོངས་གྲགས་ཀྱི་རྒྱུ་ཐམས་ཅད་བཀག་ནས་བརྗོད་པ་ཙམ་མོ། །དཔེར་ན། མིག་སྨན་མ་བྱུགས་མགོ་སྐྱེས་གནག །ཆེད་དུ་མ་བསྒྲིགས་སོ་ཚགས་དམ། །མ་བསྡུས་ན་ཆུང་ངང་གིས་འདུ། །སྐྱེས་གཞོན་ལང་ཚོའི་གནས་སྐབས་མཚར། །ཞེས་ནང་ལང་ཚོ་ལ་སྦྱར་བ་དང་། ངོ་བོ་ཙམ་ནི། མ་བསྒྲུབས་ཡན་ལག་ཐམས་ཅད་ཚང་། །མ་བསྒྲིགས་མིག་གི་རི་མོ་བཀྲ། །མ་བརྒྱུས་སོ་ཕྲེང་ཚར་དུ་དངར། །སྐྱེས་བུའི་ལུས་ཀྱི་རོལ་པ་ལགས། །ཞེས་ལུས་ཀྱི་རྫས་རྒྱུ་བཟློག་ནས། རང་བཞིན་དུ་བརྗོད་པ་ལྟ་བུའོ། །ཕུལ་བྱུང་གི་རྒྱན་ལ། ཁྱད་འཕགས་ཕུལ་བྱུང་དང་། གྲགས་པ་ཕུལ་བྱུང་གི་ཁྱད་པར་ནི། ལུས་ཀྱི་ཁ་དོག་དཀར་བའམ་རེག་བྱ་འཇམ་པ་ལྟ་བུའི་ཁྱད་པར་གྱི་ཆོས་ཤིག་བྱེ་བྲག་ཏུ་བཀར་ཏེ་འུད་དང་བཅས་པར་བརྗོད་པ་ཡིན་ལ། གཉིས་པ་ནི། སྙན་གྲགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བར་བརྗོད་པའོ། །དཔེར་ན། དང་པོ་ནི། རྒྱལ་ཡུམ་དབྱངས་ཀྱི་ལྷ་མོའི་གདོང་། །ཤིན་ཏུ་དཀར་བའི་ཁྱད་པར་འདིར། །ཟླ་གཞུན་ལན་བརྒྱར་བྱུག་པས་ཀྱང་། །མཚོན་མིན་ལྟ་ན་སྡུག་པ་ལགས། །གཉིས་པ་ནི། དབྱངས་ཅན་ངག་གི་དབང་ཕྱུག་ཏུ། །རབ་གྲུབ་གྲགས་དཀར་སྲིད་པའི་རྩེར། །འཕྱུར་པའི་ངོ་མཚར་གདེངས་གཅོད་ཀྱིས། །ནོར་འཛིན་བུ་མོའི་སྟོབས་རྨད་བྱུང་། །ཞེས་སོ། །རབ་རྟོག་གི་སྐབས་སྙམ་དང་དོགས་དང་ཞེས་གསུངས་པའི་འདྲ་དང་བཞིན་ལ་སོགས་པ་དཔེ་རྒྱན་གྱི་གསལ་བྱེད་དུའང་འབྱུང་བས། དེའི་ཁྱད་པར་མདོར་བསྡུ་ན། སྔར་དཔེའི་སྐབས་སུ་ནི། དཔེ་དཔེ་ཅན་


MLP007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཆོས་སྦྱར་བའི་ཚིག་ཡིན་ཏེ། བྲམ་ཟེའི་ཕྲུ་གུ་ཁ་ཆེ་སྣ་ཉག་ལ་ཁྱོད་སེང་གེ་དང་འདྲ། ཁྱོད་ནི་སེང་གེ་བཞིན་ཁ་ཆེ་སྣ་ཉག་གོ །ཞེས་བརྗོད་པ་ལྟ་བུའོ། །རབ་རྟོག་གི་སྐབས་འདིར། དེ་དང་ཆེད་དུ་སྒྲོ་བཏགས་གསལ་བའི་ཚིག་ཡིན་ཏེ། ཁྱོད་མཁས་པའི་ཚོགས་ལ་འགྲན་ཞིང་རྩོད་པ་འདི་དེའི་བློ་གྲོས་བརྐུ་བའི་ཆེད་དུ་བྱས་པ་ཡིན་འདྲ། ཞེས་དང་། ནམ་མཁའ་ནས་ཆར་ཤིན་ཏུ་ཆེ་བ་བབས་པ་འདིས་ད་ནི་ལུང་པ་ཐམས་ཅད་ཆུས་འགེངས་པ་བཞིན་བྱེད་དོ། །ཞེས་པ་ལྟ་བུའོ། །རྒྱུ་རྒྱན་གྱི་སྐབས་སྐྱེད་བྱེད་དང་ཉམས་བྱེད་ནི་སྤྱི་མིང་བྱེ་བྲག་ལ་བཏགས་ཏེ། རྒྱུ་གང་རུང་གིས་དགའ་བ་བསྐྱེད་པའི་ཕྱོགས་ལ་སྐྱེད་བྱེད་དང་། རྒྱུ་གང་རུང་གིས་སྡུག་བསྔལ་བསྐྱེད་པའི་ཕྱོགས་ལ་ཉམས་བྱེད་དུ་བཞག །རྣམ་འགྱུར་འཐོབ་བྱེད་ནི། རྒྱུ་གང་རུང་གིས་ཡིད་དགའ་བ་བསྐྱེད་པ་ལྟ་བུ་རྣམ་འགྱུར་དང་། རྒྱུ་གང་རུང་གིས་སྔར་མེད་ཀྱི་འདོད་དོན་གསར་དུ་ཐོབ་པ་ལྟ་བུ་འཐོབ་བྱེད་དོ། །དཔེར་ན། ན་ཆུང་གཞོན་ནུ་གླུ་དབྱངས་བཅས། །སྐྱེད་ཚལ་སོང་ལས་ཟླ་འོད་ཀྱིས། །འཕོག་དང་ལྷན་ཅིག་བུང་བའི་སྒྲ། །ཐོས་ཚེ་འདོད་གདུང་དྲག་པོས་མནར། །འཐོབ་བྱེད་ནི། ལང་ཚོ་ལྡན་པའི་སྐྱེས་བུ་འདི། །ཁྱོད་ཀྱི་གྲོགས་སུ་ཉེར་འོས་ཞེས། །ཕོ་ཉ་གྲོགས་མོར་རྗེས་གདམས་པས། །ན་ཆུང་སྐྱེས་བུའི་རྩེ་དགའ་ཐོབ། །ཅེས་པ་ལྟ་བུ། ཡང་རྒྱུ་འབྲས་ལྷན་ཅིག་པ་དང་། རྒྱུ་ལས་འབྲས་བུ་སྔ་བའི་སྦྱར་ཚུལ་གནད་ནི། སྤྱིར་འབྲས་བུ་གང་རུང་འབྱུང་བ་ལ་རྒྱུ་སྔོན་དུ་སོང་བ་ཞིག་དགོས་མོད། འོན་ཀྱང་སྐབས་འདིའི་སྦྱར་ཚུལ། རྒྱུ་ས་བོན་ལས་འབྲས་བུ་སྟོན་ཐོག་སྐྱེས་ཀྱང་། འདི་ལོའི་སྟོན་གྱི་འབྲས་བུ་ལོ་དེའི་ས་བོན་བྱེད་པ་མི་སྲིད་ལ། སྤྱིར་སྟོན་གྱི་འབྲས་བུ་སླར་མྱུ་གུའི་རྒྱུ་བྱེད་དེ། དེས་ཕྱིའི་རྒྱུ་འབྲས་ཕྲུགས་གཅིག་པ་ལ་རྒྱུ་འབྲས་ལྷན་ཅིག་པ་དང་། རྒྱུ་ལས་འབྲས་བུ་སྔ་བ་མི་འབྱུང་ཡང་། རིགས་འདྲའི་སྒོ་ནས་སྐྱོན་མེད་དུ་སྦྱར་བ་ཡིན་ནོ། །ཕྲ་མོ་དང་ཆ་རྒྱན་གྱི་ཁྱད་པར། ཕྲ་མོ་ནི། བློ་སྔོན་དུ་བཏང་ནས་དོན་གང་རུང་འགྲུབ་པ་ལ་སོ་སོའི་བརྡའ་ལ་སོགས་པར་གོ་བར་བྱེད་པ་ཟུར་གྱི་ཕྲ་མོ་དང་བློ་སྔོན་དུ་མ་བཏང་ཡང་ནང་དུ་སེམས་ལ་ཆགས་པ་སྐྱེས་པས་ཕྱི་རྟགས་སུ་བཞིན་མདངས་དམར་བ་ལྟ་བུ་རྣམ་པའི་ཕྲ་མོ་སླར་དེ་སྒྲིབ་པའི་ཆེད་


MLP007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁོ་བོའི་བཞིན་ཉི་མའི་འོད་ཀྱིས་གདུང་པས་དམར་བར་གྱུར་ཏོ། །ཞེས་པ་ལྟ་བུ། བསྟོད་སྨད་ཀྱི་ཆ་རྒྱན་ལ་གཉིས་དང་། ཟོལ་བསྟོད་ཀྱི་རྒྱན་གྱི་ཁྱད་པར་དང་པོ་ནི། སྨད་སྨད་འདྲ་ལ་བསྟོད་པར་མཚོན་ན། ཉམས་ཆུང་བ་དང་དཀའ་ཐུབ་ཀྱིས་གདུང་བ་སོགས་གང་ལ་སྨད་བྱའི་ཡོན་ཏན་དེ་ཉིད་སྐྱོན་ལྟར་བརྗོད་པས་ཤུགས་ཀྱིས་ཡོན་ཏན་མཚོན་ནུས་པ་ཙམ་དང་། གཉིས་པ་ནི། གནས་སྐབས་སུ་གང་ལ་བསྔགས་བྱའི་བྱ་བ་གང་རུང་མི་རིགས་པར་སྒྲུབ་པ་ལྟ་བུས་སྨད་བཞིན་དུ་བྱས་ལ་ཤུགས་ལ་དེའི་ཡོན་ཏན་ཕུལ་བྱུང་དུ་ཆེད་དུ་སྒྲུབ་པའོ། །དཔེར་ན། ཆ་རྒྱན་ནི། ཟ་འོག་གོས་སྤངས་དུག་ཧྲུལ་བསྟེན། །ངན་ངོན་བཅུད་མེད་ཟས་ཀྱིས་འཚོ། །བསམ་གཏན་དཀའ་ཐུབ་དྲག་པོས་མནར། །འདི་འདྲའི་སྒོམ་ཆེན་སྙིང་རྗེའི་ཡུལ། །ཟོལ་བསྟོད་ནི། ཁྱོད་ཀྱིས་དུག་ཧྲུལ་གོས་གྱོན་ཞིང་། །ངན་ངོན་ཟས་བཅས་སྒོམ་བྱེད་ཀྱང་། །ངོ་མཚར་ཅི་མཆིས་ཟས་གཙང་སྲས། །ལོ་དྲུག་བཟའ་བཏུང་སྤངས་ཞེས་ཐོས། །ཞེས་པ་ལྟ་བུའོ། །དགའ་རྒྱན་དང་སྒེག་པའི་ཉམས་ཀྱི་ཁྱད་པར། དང་པོ་ནི། ཡིད་རབ་ཏུ་དགའ་བའི་གཏམ་གྱིས་སྦྱོར་བ་དངོས་ཐོབ་དང་གཟུགས་བརྙན་གང་རུང་དུ་འགོད་པ་དང་། སྒེག་པ་ནི། ནང་དུ་དགའ་བ་སྐྱེས་པའི་ཉམས་སྒེག་པའི་རོལ་མོར་ཤར་བའོ། །དཔེར་ན། དགའ་རྒྱན་ནི། གང་ཞིག་བསམ་གཏན་ཁང་བུ་རུ། །དབྱངས་ཅན་ཁྱེད་སྐུ་གསལ་བསྒོམ་པས། །མཚོ་བྱུང་བཞིན་རས་མངོན་སུམ་དུ། །མཐོང་བའི་དགའ་བདེ་གཞན་གྱིས་མིན། །སྒེག་ཉམས་ནི། དབྱངས་ཅན་ཡེ་ཤེས་སྒྱུ་མའི་སྐུ། །ཆུ་བུར་མིག་གི་ལམ་གྱུར་པ། །ཀུན་གྱི་སྤྱོད་ཡུལ་མ་ལགས་ན། །སྔོན་གོམས་བཟང་པོའི་རིགས་སད་ངེས། །ཞེས་པ་ལྟ་བུ། སྦྱར་རྒྱན་གྱི་སྐབས་འགལ་མིན་གྱི་སྦྱར་བ་དང་འགལ་མེད་ཀྱི་སྦྱར་བའི་ཁྱད་པར། དང་པོ་ནི། འཐོབ་བྱ་དང་འཁྱུད་བྱ་ལྟ་བུ་བྱ་བ་གཉིས་ལ་སོགས་པར་ཕན་ཚུན་གྱི་འགལ་བ་སྦྱར་བ་ཡིན་ལ། གཉིས་པ་ནི། སྦྱར་ཆོས་གཉིས་གཉིས་ཕན་ཚུན་མི་འགལ་བར་བྱ་བ་ལ་སོགས་པ་ཆོས་མཚུངས་སུ་སྦྱར་བའོ། །དཔེར་ན། འགལ་མིན་ནི། དཀར་མཛེས་ཡིད་འོང་ལྟ་ན་སྡུག །ཤིན་ཏུ་བསིལ་བའི་རེག་བྱ་ཅན། །ཟླ་དཀྱིལ་ཤར་བ་མཐོང་གྱུར་ཏེ། །ཆགས་པས་ན་ཆུང་ལུས་ལ་འཁྱུད། །


MLP007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་མེད་ནི། མཐོན་མཐིང་མཚན་མས་རབ་ཏུ་བཀྲ། །ཤེས་ལྡན་མིག་གི་གཟིགས་མོར་མཚར། །རབ་དཀར་ཡིད་འོང་བཞིན་རས་ངོམས། །ན་ཆུང་མ་དང་བསིལ་ཟེར་ཅན། །ཞེས་པ་ལྟ་བུ། འགལ་བའི་ལས་ཅན་འགལ་བ་ཅན་གྱི་ཁྱད་པར། དང་པོ་ནི། ཆོས་མཚུངས་གང་རུང་གི་སྦྱར་གཞི་ཇི་སྙེད་ཅིག་སྦྱར་བ་ལས་དེ་དག་བྱ་བ་འགལ་བར་བསྒྲུབ་པར་བྱ་བ་ཡིན་ལ། གཉིས་པ་ནི། སྦྱར་གཞི་གཉིས་ལ་སོགས་པ་དེ་དག་སྦྱར་ཆོས་འགའ་ཞིག་མཚུངས་ཀྱང་འགའ་ཞིག་འགལ་བའི་སྒོ་ནས་སྤུ་རིས་སུ་འབྱེད་པའོ། །དཔེར་ན། འགལ་བའི་ལས་ཅན་ནི། ཡིད་འོང་མཚར་སྡུག་ལང་ཚོས་སྤྲས། །འཛུམ་པའི་མདངས་ཀྱིས་གཞན་ཡིད་འགུགས། །གནག་སྣུམ་སྐྲ་ཅན་མཚོ་ལྡན་མས། །འདོད་འཇོམས་མི་མོས་ཆགས་པ་སྤེལ། །འགལ་བ་ཅན་ནི། ཤིན་ཏུ་དཀར་ཡང་བེམ་པོ་མིན། །ཡིད་དུ་འོང་ཡང་འདོད་ཆགས་འཇོམས། །འོད་དཀར་སྤྲོ་ཡང་ཀུ་མུད་ད། །ཟུམ་པར་མི་བྱེད་མཚོ་བྱུང་ལྷ། །ཞེས་པ་ལྟ་བུ། འགལ་རྒྱན་གྱི་སྐབས་གཞི་གཅིག་གི་བྱ་བ་འགལ་བ་དང་། གཞི་གཅིག་གི་ལས་འགལ་བའི་ཁྱད་པར། དང་པོ་ནི། གཞི་སྤྲིན་པ་ལྟ་བུ་ཞིག་གི་བྱ་བ་ཡུལ་ངན་པར་སྤྱོད་པས་ཆགས་པ་ཞིག་པ་ལྟ་བུ་དང་། འདོད་ལྡན་ལ་ཆགས་པ་ལྷན་ཅིག་སྤེལ་བ་ལྟ་བུ་བྱ་བ་འགལ་བར་སྒྲུབ་པ་ཡིན་ལ། གཉིས་པ་ནི། གཞི་འདོད་ལྡན་ལ་བསམ་སྟེ་ཆགས་པ་རྒྱས་པ་ལས་རྒྱུ་ལུས་ལ་བསིར་བུ་ལྟ་བུས་མ་བཏབ་ཀྱང་། འབྲས་བུ་སྤུ་ལོང་ལྡང་བ་སྒྲུབ་པ་ལྟ་བུ་གནས་སྐབས་འགའ་ཞིག་ལ་ལྟོས་ནས་ལས་འགལ་བར་སྒྲུབ་པའོ། །དཔེར་ན། གཞི་གཅིག་གི་བྱ་བ་འགལ་བ། དེ་བཞིན་གཤེགས་མཆོག་རྡོ་རྗེའི་གསུང་། །ཐོས་པས་གཏི་མུག་བཅོམ་པ་དང་། །བློ་གྲོས་རྒྱས་པའི་བྱ་བ་གཉིས། །ལྷན་ཅིག་འགྲུབ་འདི་ཡིད་ཁར་གཤིམ། །གཞི་གཅིག་ལས་འགལ་བ་ནི། ཧྲཱི་ཡིག་དབྱངས་སུ་ལ་བཟླས་ཤིང་། །དེ་ནར་བསམ་གཏན་གཞོལ་མིན་ཡང་། །མཚོ་ལྡན་ཞལ་དཀྱིལ་མངོན་སུམ་དུ། །མཐོང་ཞིང་གསུང་གི་གསང་བ་ཐོབ། །ཅེས་པ་ལྟ་བུ། ༈ རབ་སྤེལ་གྱི་རྒྱན་ནི། སྤྱིར་རྒྱན་གསུམ་ལ་སོགས་པ་བསྲེས་ཏེ་བརྗོད་པ་ཡིན་ལ། བྱེ་བྲག་སྒྲུབ་བྱེད་འགྲེལ་མཚུངས་ནི། དཔེ་རྒྱན་ལྟ་བུ་དང་འབྲེལ་བའི་ཚིག་བསྒྲུབ་བྱར་བཀོད་


MLP007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། གཟུགས་ཅན་དང་འབྲེལ་བའི་ཚིག་གི་སྒྲུབ་པར་བྱེད་པའོ། །སྟོབས་མཚུངས་ནི། རྒྱན་གསུམ་ལ་སོགས་པར་བསྲེས་ཏེ། དེ་དག་ཕན་ཚུན་སྟོབས་མཚུངས་པར་བཀོད་པའོ། །གཞན་དུ་རྒྱན་གཉིས་སོགས་འདྲེས་ཙམ་གྱིས་རབ་སྤེལ་དུ་འགྲོ་བ་ངེས་པ་མེད་དེ། མཁས་པའི་གསུང་ངག་ལས་བྱུང་བའི་དཔེར་བརྗོད་དག་ཏུ། དཔེ་རྒྱན་ལ་སོགས་པའི་སྐབས་གཟུགས་ཅན་སོགས་འདྲེས་པར་ཡོད་པས་མཚོན་ནུས་སོ། །དཔེར་ན་སྒྲུབ་བྱེད་འབྲེལ་མཚུངས་ནི། དབྱངས་ཅན་ཞལ་གྱི་ཟླ་བ་ནི། །མཐོང་བས་ཤེས་ལྡན་དགའ་བསྐྱེད་དེ། །ཡིད་འོང་ལང་ཚོས་སེམས་འགུགས་པ། །པདྨར་བུང་བ་འདུ་བས་མཚོན། །སྟོབས་མཚུངས་ནི། འཇམ་མགོན་ཞལ་དཀྱིལ་ཉི་མའི་དབུས། །བུང་བ་ལྟར་ནག་སྤྱན་ཟུང་བཀྲ། །གང་ཞིག་མཐོང་བའི་མོད་ཉིད་ལ། །ཤེས་བྱའི་གནས་ཀུན་ཅིག་ཅར་རྟོགས། །ཞེས་པ་ལྟ་བུའོ། །ཀ་ཡེ་སྙན་ངག་རྒྱ་མཚོ་ཐོས་བརྩོན་གྱིས། །བསྲུབས་སྐྱེས་གནད་དོན་རིན་ཆེན་མཆོག་གི་ནོར། །དོག་པ་སྲེས་ཀྱང་སྨྲ་བའི་སྒོ་འབྱེད་ཕྱིར། །དེད་དཔོན་བཟང་པོའི་སྙིང་སྟོབས་དེང་འདིར་བཟུང་། །ལེའུ་གཉིས་པ་དང་རྗེས་འབྲེལ་དོགས་སེལ་འགའ་ཞིག་བཤད་ཟིན་ཏོ། ༈ །ལེའུ་གསུམ་པའི་སྐབས་བར་མ་ཆོད་ཀྱི་ཟུང་ལྡན་ནི། ཤོ་ལོ་ཀ་རེ་ལ་རྐང་པ་བཞི་རེ་ཡོད་པའི་བཞི་ཀའམ་གཉིས་གསུམ་སོགས་གང་ལ་ཡོད་ཀྱང་རུང་སྟེ། བར་མ་ཆོད་ཀྱིས་གཉིས་གཉིས་བཟླས་པ་དེ་ཉིད་མ་གཏོགས་གཟུགས་མི་གཅིག་པ་ཞིག་ངེས་པར་དགོས་ཏེ། གཞན་དུ་ཆོད་དང་མ་ཆོད་དང་མ་ཆོད་པའི་ཟུང་ལྡན་དུ་འགྱུར་རོ། །དཔེར་ན། དཀར་དཀར་སྐུ་ཡི་ཁྱོན་ཡངས་པོར། །མཛེས་མཛེས་རིན་ཆེན་རྒྱན་ཕྲེང་དང་། །ལྷུབ་ལྷུབ་ན་བཟའ་གཡོ་ལྡན་པས། །ལེགས་ལེགས་མཁས་པའི་དངོས་གྲུབ་སྟེར། །ཞེས་དང་། ཨེ་མ་ཨེ་མ་སྐལ་ལྡན་ཤེས་ལྡན་འགྲོར། །དུང་ཞིང་དུང་ཞིང་ཐོས་འཛིན་ལེགས་གཏོད་དང་། །སྨྲ་མཆོག་སྨྲ་མཆོག་དབྱངས་ཀྱི་ང་རོ་དང་། །ཐོས་ཤིང་ཐོས་ཤིང་ཤེས་བྱ་གོང་དུ་སྤེལ། །ཞེས་པ་ལྟ་བུའོ། །དེས་མཚོན་བར་མ་ཆོད་ཀྱི་ཟུང་ལྡན་སྦྱར་ཚུལ། གཞན་ཡང་། དཀར་དཀར་ན་ཆུང་བཞིན་ལ་གནག་ནག་མིག །འཁྲུལ་བའི་སྣང་བ་ཡང་ཡང་མཐོང་གྱུར་མོད། །ཆགས་ཆགས་འདོད་


MLP007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུམ་དེར་རྗེས་དུངས་པས། །ངེས་ངེས་ལན་ཙར་མ་ཡིན་རྟག་སེམས་བརྟག །ཅེས་པ་ལྟ་བུ། ཡང་རྐང་བཞིའི་ཐོག་མཐའི་ཆོད་དང་མ་ཆོད་པའི་ཟུང་ལྡན་གང་རུང་དང་། མཐའ་ཐོག་སྦྱར་བའི་ཁྱད་པར། ཤོ་ལོ་ཀ་རེ་ལ་རྐང་པ་བཞིར་ཡོད་པའི་ཟུང་ལྡན་གང་ལ་སྦྱར་བའི་རྐང་པའི་མགོ་མཇུག་མཚུངས་པ་ཁོ་ན་དགོས་ཀྱི། རྐང་པ་དང་པོའི་མཇུག་དང་གཉིས་པའི་མགོ་མཚུངས་མི་དགོས། དཔེར་ན་ཆོད་པའི་ཟུང་ལྡན་ལ་མཚོན་ན། དཀར་མཛེས་ཡིད་འོང་ཞལ་རས་དཀར། །གནག་སྣུམ་སྤྱན་གཡོ་དབུ་སྐྱེས་གནག །ལེགས་བྱས་མཚན་དཔེའི་དགེ་མཚན་ལེགས། །ལྷ་མོ་དབྱངས་ཅན་བདག་གི་ལྷ། །ཞེས་པ་ལྟ་བུ། གཉིས་པ་ནི། རྐང་པ་དང་པོའི་མཇུག་དང་གཉིས་པའི་མགོ་ལྟ་བུ་རྐང་པ་སྔ་མའི་མཇུག་དང་ཕྱི་མའི་མགོ་ངེས་པར་མཚུངས་པ་ཞིག་དགོས་ཀྱི་རྐང་པ་སོ་སོའི་མཐའ་ཐོག་མཚུངས་མི་དགོས། དཔེར་ན། དབྱངས་ཀྱི་རྒྱལ་མོའི་བཞིན་གྱི་དཔལ། །དཔལ་འབར་ཟླ་བའི་གཟུགས་བཞིན་མཛེས། །མཛེས་ལྡན་སྤྱན་དཀྱུས་གཟིགས་པ་མཆོག །མཆོག་ཏུ་མ་གཡེལ་དགོངས་པར་མཛོད། །ཅེས་པ་ལྟ་བུ། འོན་ཀྱང་རྐང་བཞིའི་ཐོག་མཐའི་ཟུང་ལྡན་དང་། མཐའ་ཐོག་སྦྱར་བ་མི་འགལ་ཏེ། དཔེར་ན། ཕུལ་བྱུང་འཇིག་རྟེན་དབང་ཕྱུག་དཀར། །དཀར་མཛེས་ཟླ་དཀྱིལ་ཉིད་ལས་དཀར། །དཀར་བ་ཕུན་ཚོགས་ཞལ་རས་དཀར། །དཀར་བའི་ཚེམས་ཕྲེང་གིས་ཀྱང་མཛེས། །ཞེས་པ་ལྟ་བུ། ཡང་དབྱངས་དང་སྐྱེ་གནས་དང་གསལ་བྱེད་ངེས་པའི་སྐབས་དེ་དག་བཞིར་ངེས་པ། གསུམ་དུ་ངེས་པ་སོགས་གང་ཡིན་ཡང་། དེ་རྣམས་གང་ཡིན་དེ་ཉིད་དུ་ངེས་ཕྱིན་ཚིག་ལ་ཆ་བགོས་པ་དང་། དཀྲུགས་ཏེ་བརྗོད་པ་ལ་ཁྱད་པར་མེད་དོ། །དཔེར་ན་ཆ་དགོས་པའི་དཔེར་བརྗོད་གོང་མ་ལ་མཚོན་ན། ཟླ་བ་ལྟར་དཀར་ཞལ་རས་དཀར། །སྙིང་གི་དཔྱིད་གཉིས་མིག་གཉིས་ཀྱིས། །ཡུལ་དུ་དུས་གསུམ་ཀུན་གྱུར་དུས། །བློ་གྲོས་མཆོག་མཐོང་ཁྱོད་བསྟོད་དོ། །ལྷ་མོ་དབྱངས་ཅན་མའི་ཞལ་རས། །ཡིད་འོང་ཟླ་བ་ལྟ་བུར་དཀར། །བ་ལ་སྤྱན་གཉིས་པོ་གཡོ་བ། །མཐོང་བའི་ཚེ་ནི་བློ་གྲོས་འཕེལ་ལོ། །ཞེས་གཅོད་མཚམས་ཉམས་པའི་སྐྱོན་དང་གནད་གཅིག་གོ །དཀྲུགས་ཏེ་བརྗོད་པའི་དཔེར་བརྗོད་གོང་


MLP007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་མཚོན་ན། ཡང་དག་བཞིན་རས་དཔལ་མོ་ལ། །སྤྱན་ཟུང་བུང་བ་གཡོ་གྱུར་ཀྱང་། །མཐོང་བའི་མོད་ལ་བློ་གྲོས་མཐུ། །མཆོག་ཐོབ་མཁས་པའི་གོ་འཕང་བཀོད། །ཡང་དབྱངས་ཨ་ཨི་ཨུ་ཨོ་བཞིར་ངེས་པ་ལྟ་བུ། ཡང་སྐྱོན་ཡོན་སེལ་སྐབས་སྡེབ་སྦྱོར་ཉམས་པའི་སྐྱོན་ལ་ཆད་ལྷག་གི་སྐྱོན་གོ་སླ། ལྕི་ཡང་གི་དཔེར་བརྗོད་ཀྱང་ལེགས་སྦྱར་ལ་སྦྱོར་ཚེ་རྟོགས་པར་སླ་ཡང་བོད་སྐད་རུང་མཐུན་དུ་བྱེད་ན། ཚིགས་བཅད་ཀྱི་ཁྲིགས་སྡེབ་ཚུལ་ཉམས་པས་གྲོང་ཚིག་རྐང་པར་བཅད་པ་ཙམ་ལས་ཚིག་ངལ་གསོའི་གཅོད་མཚམས་མ་བྱུང་བ་སྟེ། དཔེར་ན། ཨ་གཉིས་འདུས་པ་ལ་འདྲ་འདུས་ཨ་རིང་པོ་བྱེད་པ་ལྟ་བུའི་མཚམས་སྦྱོར་གྱི་བྱ་བ་ཉམས་པ་དང་། མ་ཉམས་པར་འཇོག་མོད་ཀྱི། འོན་ཀྱང་བོད་སྐད་ལ་སྦྱོར་ཚེ། དག་ཡིག་ལས་བཤད་པའི་ཚིག་འཕྲད་ལ་སྦྱར་ཡང་མི་འགལ་ལམ་སྙམ་པ་ལྟར། དག་ཡིག་ཏུ། ག་ད་བ་ཅེས་ང་འ་དང་། །ན་མ་ར་ལ་ས་དང་ནི། །རྐྱང་པ་འདོགས་ཅན་ས་སྟེ་དཔེར། །ཞེས་པ་ལྟར་དཔེར་བརྗོད་ན། མཚམས་སྦྱོར་ཉམས་པའི་སྐྱོན་ཅན་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་དག །ཞེས་པ་དང་། རྒྱལ་བའི་གསུང་ལས་ངེས་འབྱུང་སྟེ། །ཞེས་ག་མཐར་ཅེས་ཐོབ་ལ་ཞེས་སྦྱར་བའི་སྐྱོན་དང་། དམིགས་བསལ་སྐྱོན་མེད་ནི། ཆོས་ཀུན་རང་བཞིན་རྣམ་པར་དག །ཞེས་པ་རྒྱལ་གསུང་དབྱངས་ཀྱིས་འདོམས། །ཞེས་སོ། །གཞན་ཡང་། བློ་ལྡན་ཁྱོད་ཀྱི་བཞིན་གྱི་དཔལ། །མཐོང་བས་དགའ་བ་མཆོག་ཏུ་བསྐྱེད། །ཅེས་ད་མཐར་ཀྱི་དང་ན་མཐར་གྱི་ཐོབ་པ་ལ་གཉིས་གར་གི་སྦྱར་སྐྱོན་དང་། མཆོག་ཏུ་ཞེས་པ་ལ་མཆོག་དུ་ཞེས་ཏ་སྡེའི་དུས་མཚོན་པར་སྦྱར་བའི་སྐྱོན་དང་། སྙན་ཚིག་རྒྱ་མཚོར་ཐོག་སྟེ་འཇུག་འདོད་ན། །བརྒྱད་ལྡན་རྫིང་བུ་འདི་ལ་རྩེ་བར་རིགས། །དེ་ལས་མ་དྲོས་ཀླུ་དབང་བརྟུལ་ཞུགས་མཐུ། །ཐོག་པར་གྱུར་གང་མི་བསླུའི་ཆོས་ཉིད་ཡིན། །ལེའུ་གསུམ་པ་དང་རྗེས་འབྲེལ་དོགས་སེལ་འགའ་ཞིག་བཤད་ཟིན་ཏོ། །ཚིག་རྒྱན་བང་མཛོད་སྒོ་བརྒྱ་དབྱེ་བ་ལ། །དེ་སྲོལ་མན་ངག་ལྡེ་མིག་འདི་ཤེས་ཏེ། །དཔེར་བརྗོད་ཉམས་བརྒྱ་རྫོགས་པའི་མགྲིན་གླུའི་དབྱངས། །ཤེས་ལྡན་མཁས་པའི་ཐོས་སིམ་དཔྱིད་དུ་གྲུབ། །དགེ་འདིས་འགྲོ་བློའི་གཏི་མུག་རྨོངས་པའི་མུན། །


MLP007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱས་ངག་གི་དབང་ཕྱུག་ཉིད་བྱས་ནས། །རང་གཞན་ཕན་བདེའི་འདོད་རྒུའི་ཆུ་སྐྱེས་འདབ། །གྲོལ་བའི་ངོ་མཚར་སྣང་བ་འབར་གྱུར་ཅིག །ཅེས་སྙན་ངག་གི་བསྟན་བཅོས་མེ་ལོང་དང་རྗེས་འབྲེལ་ཤན་འབྱེད་ཀྱི་དོགས་སེལ་འགའ་ཞིག་ཁྲིགས་སུ་སྡེབས་པ་གཞུང་དོན་སྙིང་པོ་ཞེས་བྱ་བ་འདི་ཡང་ཟབ་གཏེར་བསྟན་པའི་བདག་པོ་པདྨ་གླིང་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་རྣམ་རོལ་བསྟན་པའི་གསལ་བྱེད་མཆོག་སྤྲུལ་དམ་པའི་བཀའ་སྩལ་དང་། ཁྱད་པར་མི་འཕྲོགས་པའི་ཐུགས་ཀྱི་བློ་གྲོས་མངའ་བ་མི་དབང་བཀའི་སྲས་ནོར་འཛིན་དབང་པོ་དང་། ཀླུ་ཆུ་མིག་གི་སྡེ་པ་ཟུང་གིས་ནན་གཏན་ཆེན་པོའི་གསུང་གིས་བསྐུལ་བ་ལས་གངས་ཅན་ལྗོངས་ཀྱི་སྙན་ངག་མཁན་པདྨ་འགྱུར་མེད་རྒྱ་མཚོས་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་ལ་ཟིན་ཐུན་དུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།


previousསྙན་ངག་མེ་ལོང་ལ་དོགས་གཅོད་གཞུང་དོན་སྙིང་པོ། །རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། next