Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རང་རྒྱུད་བཀག་པའི་བྱུང་ཚུལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརང་རྒྱུད་བཀག་པའི་བྱུང་ཚུལ།next

རང་རྒྱུད་བཀག་པའི་བྱུང་ཚུལ།

རང་རྒྱུད་བཀག་པའི་བྱུང་ཚུལ་ནི།

གསུང་རབ་ཀྱི་དོན་འདི་ལྟར་འགྲེལ་ན་རང་རྒྱུད་འདོད་དགོས་ལ། འདི་ལྟར་འགྲེལ་ན་དེ་འདོད་དུ་མི་རུང་ངོ་ཞེས་པའི་དོན་ནི་རང་སྡེའི་གཞུང་འགྱུར་བ་རྣམས་ལས་ཐལ་རང་གང་འདོད་བརྟགས་ནས་རང་རྒྱུད་མི་འཐད་ཐལ་འགྱུར་འཐད་ ཅེས་པ་ནི་ཟླ་བའི་གཞུང་རྗེས་འབྲང་དང་བཅས་པ་མིན་པ་ནས་དངོས་སུ་མ་བྱུང་ངོ། །བྱུང་ཚུལ་ནི་སངས་རྒྱས་བསྐྱངས་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་ཚིགས་བཅད་ཀྱི་དོན་བཀྲལ་བ་ལ་ལེགས་ལྡན་གྱིས་སྐྱོན་བཟུང་བ་མི་འཇུག་པར་སྟོན་པའི་སྐབས་སུ་ཚིག་གསལ་ལས། སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང༌། དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་བཟློག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་པའོ། །པཎྜིཏ་ཁ་ཅིག་ན་རེ། བསྒྲུབ་བྱ་སྒྲུབ་པའི་རྟགས་དང་ཁྱབ་པ་ཚད་མས་གྲུབ་པ་ཞིག་ཡོད་ན་རང་རྒྱུད་ཀྱི་རྟགས་འཐད་ནའང་དེ་མེད་པས་རང་རྒྱུད་མི་འཐད་དོ། །རང་ལུགས་ལ་བསྒྲུབ་བྱ་སྒྲུབ་པའི་རྟགས་ཡོད་པ་དང་རང་རྒྱུད་ཀྱི་རྟགས་མེད་ཚུལ་བཞེད་དགོས་པ་འདྲའོ། །འོ་ན་རང་རྒྱུད་ཀྱི་རྟགས་ཀྱི་དོན་གང་ལ་བྱེད་ཅེ་ན། བརྟག་པ་མཐའ་བཟུང་གི་འཇོག་ན་དབུ་མ་བ་དང་དངོས་སྨྲ་བ་རྩོད་ཚེ་རྟགས་ཆོས་དོན་གསུམ་རེ་རེ་ནས་ཁས་ལེན་མཐུན་སྣང་དུ་གྲུབ་པའི་ཚུལ་གསུམ་པའི་རྟགས་ཞིག་ལ་བྱེད་དགོས་པ་འདྲའོ། །འཇུག་འགྲེལ་ལས། ཤཱ་རིའི་བུས་རབ་འབྱོར་ལ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་བམ་སྐྱེས་པའི་ཐོབ་པ་འཐོབ་ཅེས་དཔྱད་ནས་དྲིས་པ་ལ་ལན་དུ་དེ་གཉིས་ཀ་མི་འདོད་དོ་ཞེས་གསུངས་པ་ན། ཅི་ཐོབ་པ་དང་མངོན་པར་རྟོགས་པ་མེད་དམ་ཞེས་དྲིས་པ་ལ་དེ་གཉིས་ཡོད་མོད་ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མིན་ནོ། །ཞེས་གསུངས་སོ། །ལུགས་འདི་བས་དགོངས་འགྲེལ་གྱིས་མཚན་ཉིད་གསུམ་གྱི་སྒོ་ནས་ངོ་བོ་ཉིད་ཡོད་མེད་ཕྱེ་བ་དང་དྲང་ངེས་མདོ་འཇོག་ཚུལ་ཇི་ལྟར་བཞེད་ཅེ་ན། འདི་ལ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་གཞུང་ཁུངས་མ་ནས་གསལ་བར་བཤད་པ་མེད་ལ། སངས་རྒྱས་བསྐྱངས་ཀྱིས་ཀྱང་དེའི་ཁྱད་པར་གསལ་བར་མ་བཤད་ཀྱང་འཇུག་པ་རྩ་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་གཞོམ་པའི་ཕྱིར་ཆགས་པ་ཅན་དག་ལ་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་འཇོམས་པའི་ཀེང་རུས་ལྟར། དེ་ལྟ་བུ་གྱུར་པ་མ་ཡིན་ཡང་དེ་ལྟ་བུ་སེམས་ཙམ་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་བྱ་བ་ཤེས་པར་བྱའོ། །ཡང་ལུང་འདི་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་གང་ལས་ངེས་ཤེ་ན། ལུང་དང་རིགས་པ་ལས་སོ། །དེ་ཉིད་སྟོན་པར་བྱེད་པ་ནི། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །ཅེས་བྱ་བའོ། །མདོ་འདི་དྲང་དོན་དུ་ཡིན་པ་མ་ཟད་ཀྱི་གཞན་ཡང༌། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །རྣམ་པ་དེ་ལྟ་བུའི་མདོ་སྡེ་གང་ཞེ་ན། ཇི་སྐད་དུ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཏགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་རང་བཞིན་གསུམ་བསྟན་པ་ལས། བཏགས་པ་མེད་པ་ཉིད་དང་གཞན་གྱི་དབང་ཡོད་པ་ཉིད་དང་དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་བྱ་བ་ལ་སོགས་པ་སྟེ་འདི། ཇི་ལྟར་ནད་པ་ན་བ་ལ། །སྨན་པ་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་བྱ་བའི་ལུང་འདིས་དྲང་བའི་དོན་ཉིད་དུ་གསལ་བར་བྱེད་དོ། །ཞེས་ངོ་བོ་ཉིད་དང་པོ་གཉིས་ལ་རང་གི་མཚན་ཉིད་ཀྱིས་ཡོད་མེད་དང་ཀུན་གཞི་བཤད་པ་གཉིས་དང༌། སོགས་ཀྱིས་བསྡུས་པ་ཕྱི་རོལ་མེད་པ་དང་མཐར་ཐུག་རིགས་ངེས་པ་བཤད་པ་སྟེ་བཞི་དྲང་དོན་དུ་འཆད་དོ། །ཕྱི་མ་འདི་དྲང་དོན་ཡིན་པ་མདོ་ཀུན་ལས་བཏུས་པ་ལས་ཐེག་པ་གཅིག་ཏུ་བསྒྲུབས་པས་གོ་ནུས་པར་དགོངས་ནས། སྔ་མ་གསུམ་འཇུག་པ་རྩ་འགྲེལ་ལས་ལུང་རིགས་གཉིས་ཀྱིས་དྲང་དོན་དུ་སྒྲུབ་པ་ལ་སྐབས་འདིར་ལུང་གིས་དྲང་དོན་དུ་སྟོན་ནོ། །སེམས་ཙམ་དུ་གསུངས་པ་ལ་ཕྱི་རོལ་འགོག་མི་འགོག་གཉིས་ལས་འགོག་པའི་མདོ། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ཞེས་སོགས་གསུངས་པ་ནི་ནད་པ་སོ་སོ་ལ་སྨན་སྟེར་བ་ནི་སྨན་པའི་རང་དབང་གིས་མ་ཡིན་གྱི།ནད་པའི་ནད་ཀྱི་ཚུལ་དང་བསྟུན་དགོས་པ་བཞིན་དུ། སེམས་ཙམ་དུ་གསུངས་པ་ཡང་སྟོན་པའི་རང་ལུགས་ཀྱི་དབང་གིས་མིན་གྱི། གདུལ་བྱའི་བསམ་པའི་དབང་གིས་ཡིན་པར་ལང་གཤེགས་ལས་གསུངས་པས་དྲང་དོན་དུ་གསལ་ལོ། །དེ་ནས་ཡང་འཇུག་འགྲེལ་ལས། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཞེས་སོགས་ཀྱི་ལུང་དྲངས་པའི་མཐར། དེའི་ཕྱིར་དེ་ལྟ་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་བ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས། རིགས་པས་དྲང་བའི་དོན་ཉིད་དུ་གསལ་བར་བྱ་བའི་ཕྱིར་བཤད་པ། ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོ་ཤེས་བྱ་དགག་པར་མཛད་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་གདུལ་བྱ་རྣམས་རིམ་གྱིས་རང་བཞིན་མེད་པ་ལ་འཛུད་པར་མཛད་དོ། །ཞེས་སོགས་གསུངས་པས་སོ། །


previousརང་རྒྱུད་བཀག་པའི་བྱུང་ཚུལ།next