Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མཇུག་གི་དོན་བཤད་པ།
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousམཇུག་གི་དོན་བཤད་པ།next

མཇུག་གི་དོན་བཤད་པ།


GLG012_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་དོན་བཤད་པ།བཞི་པ་མཇུག་གི་དོན་ལ། སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བ་གཉིས། དང་པོ་ནི། དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་པོའི་སློབ་དཔོན་ཡོད་དེ། ཡུལ་ས་མན་ཏར་སྐུ་འཁྲུངས་པའི་དཔལ་ལྡན་ཟླ་བ་གྲགས་པ་ཞེས་ཐེག་པ་བླ་ན་མེད་པ་མཆོག་


GLG012_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་རབ་ཏུ་གཞོལ་ཞིང་། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་བྲུས་མ་ལས་འོ་མ་བཞོས་པས་གཞན་གྱི་བདེན་ཞེན་བཟློག་པར་མཛད་པ་དེས་སྦྱར་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདིའི་སྒྱུར་བྱེད་ལོ་པཎ་ཡོད་དེ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ། པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་དཔེ་དང་མཐུན་པར། ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ་བསྒྱུར་བའི་ཕྱིར། གཞན་ཡང་ཡོད་དེ། ཕྱིས་ར་མོ་ཆེའི་གཙུག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་དཔེ་ལ་གཏུགས་ནས་གཏན་ལ་ཕབ་པའི་ཕྱིར། འགྱུར་དེ་དག་རྣམས་ལ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ལེགས་པར་གཟིགས་ཏེ་དཔྱད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཐལ་འགྱུར་ལུགས་བཟང་འདི་ལ་ལོག་རྟོག་གི་དྲི་མ་མཐའ་དག་བསལ་ནས། རྣམ་བཤད་དགོངས་པ་རབ་གསལ་མཛད་པའི་ཕྱིར། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་ཚིག་དོན། སྤྱི་དོན། མཐའ་དཔྱོད་རྣམས་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ། རྣམ་བཤད་དགོངས་པ་རབ་གསལ་གྱི་དོན་ལྟར་བཤད་ཟིན་ཏོ།། །།སྨྲས་པ། གྲངས་མེད་སྐུ་ཡི་སྒྱུ་འཕྲུལ་དྲ་བའི་རོལ་གར་མ་ནི་མཐོང་ན་མི་མཐུན་མེད་པའི་དཔལ། །སྣ་


GLG012_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གསུང་གི་འགྱུར་ཁུག་གདངས་སྙན་གྲགས་སྟོང་སྒྲ་ནི་རིས་བྲལ་གདུལ་བྱའི་ཐོས་འཛིན་དཔྱིད། །འགྱུར་མེད་ཐུགས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་ནི་ལུས་ཅན་ཀུན་ལ་བརྩེ་བ་ཅན། །གསང་བ་གསུམ་གྱི་ཕན་བདེ་སྩོལ་བའི་བྱེད་པོ་དེ་ནི་སྟོན་པ་བླ་མེད་ཤཱཀྱའི་གཙོ། །གང་གི་གསུང་རབ་རབ་འབྱམས་ཤེས་བྱའི་དོན། །ཇི་བཞིན་འགྲེལ་མཁས་མཁས་མཆོག་ཀླུ་སྒྲུབ་གྱི། །བསྟན་བཅོས་དཀའ་གནད་གནད་ཀུན་སྟོན་མཛད་པའི། །དཔལ་ལྡན་ཟླ་གྲགས་གྲགས་པ་དབྱར་རྔ་བཞིན། །རང་བཞིན་གྲུབ་པས་སྟོངས་པའི་ཀུན་གསལ་མར། །ཐ་སྙད་རླུང་གི་རྒྱལ་མཚན་རབ་བཀྲ་བའི། །སྣང་སྟོང་ཟུང་དུ་འཇུག་པ་དབུ་མའི་ལམ། །མཐའ་བྲལ་ཚུལ་འདི་གསུང་རབ་ཀུན་གྱི་བཅུད། །འཁྲུལ་པའི་རང་བཞིན་རྙོག་བྲལ་རྫིང་བུའི་ནང་། །བཏགས་ཙམ་བསིལ་སྦྱིན་མཁན་པོའི་སྣང་བརྙན་ལ། །རྨོངས་པའི་བྱིས་པ་བདེན་པར་བཟུང་བའི་བློས། །མཐའ་མེད་འཁོར་བའི་རྦ་ཀློང་ནང་དེར་ལྷུང་། །བརྣག་དཀའི་འཁོར་བའི་ཀློང་དུ་མི་འཕྱན་པར། །སྐུ་གསུམ་གླིང་དུ་བགྲོད་པའི་ཐབས་ཀྱི་མཆོག །ཐལ་འགྱུར་འཁྲུལ་པ་བྲལ་བའི་གྲུ་རྫིངས་ལ། །ཡོངས་བརྟེན་འཇམ་དཔལ་སྙིང་པོའི་རིང་ལུགས་ཙམ། །བློ་གྲོས་རིན་ཆེན་དབང་གིས་རྒྱལ་པོའི་ཏོག །མཁས་བཙུན་བཟང་པོའི་དར་གྱི་ཤམ་བུ་ཅན། །རྣམ་དཔྱོད་ནོར་བུའི་ཡུ་བ་ཕྲ་ལྡེམ་གྱིས། །གྲགས་པ་སྲིད་རྩེའི་བར་དུ་ཅི་ཡང་འཁོར། །བློ་བཟང་རྒྱལ་བའི་རིང་ལུགས་གསེར་སྦྱངས་ཀྱིས། །ཐུབ་བསྟན་གླིང་བཞི་ཀུན་ལ་དབང་བསྒྱུར་བའི། །འཇམ་མགོན་དཀོན་མཆོག་ཆོས་འཕེལ་རྣམ་ཐར་ལ། །བསམས་ཀྱིན་མཁས་པའི་ངེས་


GLG012_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷག་པར་སྐྱེས། །ཆོས་བརྒྱད་བྱ་བའི་ཆང་གིས་ཆེར་མྱོས་པས། །ངན་འགྲོའི་གཡང་ལ་གོམ་པ་འཕྱན་བྱེད་ཀྱང་། །ཚུལ་བསྟན་སྙན་པའི་གཏམ་གྱིས་མདུན་བསུས་པའི། །དམ་པའི་སྤྲུལ་པར་ཁས་འཆེ་གད་མོའི་ཡུལ། །ཀླ་ཀློའི་སྐྱེ་བོ་འབྱོར་པའི་ནོར་ལ་སྤྱོད། །མཐོན་པོའི་ཁྲི་ལ་ཐ་ག་པ་ཀུན་འདུག །འཁོར་གཡོག་འདུ་འགོད་འདབ་ཆགས་བྱས་ཀྱང་བྱེད། །དོན་མེད་མཚར་སྡུག་དབང་པོའི་གཞུ་ཉིད་བཀྲ། །ཉི་མའི་གཉེན་དང་འཕགས་ཡུལ་པཎ་གྲུབ་ཚོགས། །ཇོ་འབྲོམ་ས་རྔོག་ཤོང་པང་བུ་སྟོན་རྗེ། །ཀུན་མཁྱེན་ཙོང་ཁ་པ་སོགས་དམ་པ་རྣམས། །བདེ་ཆེན་ཞི་བའི་དབྱིངས་སུ་ཆེར་མནལ་ཞིང་། །ཐོས་ཉུང་སྐྱེས་བུ་སྟོབས་འབྱོར་བྲན་འཁོར་གྱིས། །མཛེས་པར་བཏེག་ལ་འགྲོ་བའི་འདྲེན་པ་ཞེས། །ཕ་ཝང་མཁའ་ལྡིང་དབང་པོར་དྲིལ་སྒྲོགས་པའི། །མཁས་བླུན་དབྱེ་བ་མེད་པའི་བོད་ཡུལ་འདིར། །སྔོན་བྱོན་འཁྲུལ་མེད་གསུང་རབ་ཙན་དན་ལས། །ཉེས་བཤད་སྡོང་དུམ་ཕལ་ལ་རིན་ཐང་དུ། །ཆེ་བར་བརྩི་ན་བདག་འདྲས་བསྟན་བཅོས་ཀྱི། །གླེགས་བམ་བསྐྲུན་པ་ངལ་བའི་རྒྱུ་རུ་འཁུམས། །ཕུལ་བྱུང་ཤེས་རབ་འོད་ཀྱིས་མ་བསྐྱངས་ཤིང་། །བརྩོན་པའི་སྡོང་བུ་ཆེས་ཆེར་དམན་པ་ཡི། །བློ་གྲོས་པད་དཀར་གཞོན་ནུའི་ལེགས་བཤད་ཀྱི། །སྦྲང་རྩིས་མཁས་མང་བུང་བའི་དགའ་སྟོན་དཀའ། །འོན་ཀྱང་ཤེས་ལྡན་གཞན་གྱི་བསྟན་བཅོས་ལ། །སྦྱར་བྱང་སྤོས་ཏེ་རང་གིར་བཟུང་བ་ཞྭ་དམར་བས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འདུལ་ཊཱིཀ་ཆེན་མོའི་མཛད་བྱང་སྤོས་པ་ལྟ་བུ་དང་། །ལོག་དཀྲུགས་བཤད་པས་རྒྱལ་བསྟན་རྨ་ཕྱུང་བའི། །


GLG012_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལོག་མཁན་པོའི་མནོང་ཡང་འཁུར་མ་དགོས། །སྦྱངས་པས་ཤེས་པ་མིན་ཞེས་ངན་པའི་གཏམ། །མཆོག་དམན་ཀུན་གྱིས་གླེང་བ་བདག་མིན་པས། །ཅུང་ཟད་བསླབས་པའི་འབྲས་རྟགས་ཡང་དག་ཏུ། །སྙིང་པོར་བསྒྲིལ་བའི་གླེགས་བམ་འདི་ན་བསྐྲུན། །དགེ་དེས་ཐམས་ཅད་མཁྱེན་པ་ཙོང་ཁ་པའི། །དྲི་མེད་སྙིང་པོའི་བསྟན་པ་དཔག་བསམ་ལྗོན། །སྐལ་བཟང་འཆི་བ་མེད་པའི་དགའ་སྟོན་དུ། །གཡོ་མེད་རྡོ་རྗེའི་དཔལ་ལྟར་བརྟན་གྱུར་ཅིག ། ཅེས་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་གསལ་བར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་འདི་ཡང་། ལེགས་བཤད་ཆོས་འཁོར་གླིང་གི་སློབ་དཔོན་པ་ལེགས་བཤད་སྨྲ་བ་བསྟན་འཛིན་ཕྲིན་ལས་ཀྱིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཊཱིཀྐ་དང་ཐལ་འཕྲེང་ཟུང་འབྲེལ་ཙམ་ཞིག་བྱེད་རྩིས་ཡིན་ནའང་། རོང་བྱམས་ཆེན་གྱི་འཆད་ཉན་པ་རབ་འབྱམས་སྨྲ་བ་བློ་བཟང་ཆོས་གྲགས་ཀྱིས། སྤྱི་དོན་ཞིག་ཀྱང་བྱེད་དགོས་ཚུལ་ནན་ཆགས་པར་བརྟེན། དང་པོར་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་དྲུང་དུ་ཆོས་འདི་ལན་ཁ་ཡར་ཐོས་པ་དང་། ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་བཤད་གཉིས་དགོངས་པ་བསྟུན། མཁས་པ་དུ་མའི་ལེགས་བཤད་ལ་ཞིབ་ཏུ་དཔྱད་དེ། གཞུང་དོན་རྣམས་རྫོགས་པར་བཀྲལ། སྤྱི་དོན་མཐའ་དཔྱོད་ཀྱིས་རྣམ་པར་བརྒྱན་ཏེ། དགེ་བཅུའི་ཡོན་ཏན་མཐའ་དག་ཚང་བའི་ཡར་ཀླུངས་ཀྱི་སའི་ཆར། ཟ་ཧོར་གྱི་རིགས་


GLG012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་ཐེག་ཆེན་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོ། ཆུ་ཤེལ་གྱི་དབང་པོ་ས་གས་ཉ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པ། དབྱངས་ཨཱ་འཆར་བའི་ཏཏྐཱ་ལ་སེང་གེའི་དུས་སྦྱོར་ལ་བབ་པའི་ཚེ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི། རྒྱ་བོད་ཀྱི་ཡིག་རིགས་སོགས་གཙུག་ལག་དུ་མ་ལ་བློའི་སྣང་བ་ཅན་ངག་དབང་དགེ་ལེགས་ཀྱིས་བྲིས་པ་འདིས་ཀྱང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་སརྦ་དཱདི གཡུདཡཛཡནྟུ། །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་སྒྲུབ་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱཧཱ། །བཀྲ་ཤིས། །


GLG012_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousམཇུག་གི་དོན་བཤད་པ།next