Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཨོཾ་ཨཱབྷཊྛར་ཀ་ཏ་ས་བཛྲ་སརྦ་སིདྡྷི་ཧཱུྃ། རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ
[Clear Hits]


  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་བསྟོད་པ་ནང་གི་དེ་ཉིད་བརྗོད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
expand section
  
  
  


1 occurrence of ཨོཾ་ཨཱབྷཊྛར་ཀ་ཏ་ས་བཛྲ་སརྦ་སིདྡྷི་ཧཱུྃ། རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ
[Clear Hits]

 
previousདཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་བསྟོད་པ་ནང་གི་དེ་ཉིད་བརྗོད་པ།next

དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་བསྟོད་པ་ནང་གི་དེ་ཉིད་བརྗོད་པ།


JKT001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་བསྟོད་པ་ནང་གི་དེ་ཉིད་བརྗོད་པ་ཞེས་བྱ་བ། ན་མཤཱི་མཱི་བཛྲ་པྲ་ཏིཥྛ ཤྲཱི་དེ་བྱེ། གང་ཞིག་སྲིད་པ་རྣམ་གསུམ་གྱི། །སྤྲུལ་པའི་འཁོར་ལོར་སོན་གྱུར་པ། །མཚུངས་པ་མེད་པའི་གཟི་འོད་ཀྱིས། །ནང་གི་མུན་པ་སེལ་ལ་འདུད། ༡ །གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །


JKT001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བདེ་ཆེན་ལྷན་ཅིག་སྐྱེས། །ཤིན་ཏུ་རྣམ་པར་དག་པ་ཡི། །ཆོས་ཀྱི་སྐུ་ཅན་ཁྱོད་ལ་འདུད། ༢ །ཨེ་ཝཾ་རོ་མཉམ་མཁའ་དབྱིངས་ལས། །བདེ་ཆེན་རྟག་པའི་གཟུགས་གཞན་ལ། །ཁྲོ་ཆགས་སྒེག་ལྡན་ལྷ་མོའི་ཚུལ། །ལོངས་སྤྱོད་རྫོགས་སྐུ་ཁྱོད་ལ་འདུད། ༣ །རྡོ་རྗེའི་ལུས་ནི་གཅིག་པུ་པ། །སྣ་ཚོགས་མཚན་དང་ཁ་དོག་གིས། །སྲིད་ཞིའི་འཇིགས་པ་མཐར་མཛད་པ། །སྤྲུལ་པའི་སྐུ་ཅན་ཁྱོད་ལ་འདུད། ༤ ། ཕྱི་དང་ནང་གི་ཁམས་གསུམ་པོ། །སྐུ་གསུམ་གྲོང་ཁྱེར་མཆོག་ཏུ་ཐིམ། །གཉིས་སུ་མེད་པར་རབ་བརྟན་མ། །ངོ་བོ་ཉིད་སྐུ་ཁྱོད་ལ་འདུད། ༥ །བདུད་སྡེའི་བུད་ཤིང་བསྲེགས་པ་ཡི། །དུད་པའི་སོལ་བས་བྱུགས་པ་ན། །འཕོ་བའི་མཚན་མ་ཟིལ་གནོན་པ། །འཆི་མེད་གཉུག་མ་ཁྱོད་ལ་འདུད། ༦ །བདག་མེད་རྟོགས་པའི་རལ་གྲི་ཡིས། །སྒྲིབ་གསུམ་ཆ་བཅས་སྲོག་འཕྲོག་ནས། །བདེ་མཆོག་རྟག་ཏུ་སྐྱོང་བའི་སྣོད། སྙིང་གར་བཞག་པ་ཁྱོད་པ་འདུད། ༧ །ཞི་བ་ཁྱོད་ལ་འཁྲུགས་པ་ཡི། །ཀུན་དཀྲིས་སྨོས་ཀྱང་ཅི་ཞིག་འཚལ། །ཚུ་རོལ་བརླང་པོར་སྤྱོད་པའི་ཆེད། །རབ་གཏུམ་མིག་འཕྲུལ་འཆང་ལ་འདུད། ༨ །དེ་ཚེ་དེ་དང་རྗེས་མཐུན་པའི། །རྣམ་འགྱུར་ཆ་ལུགས་རབ་འབར་ཞིང་། །མཐའ་གཉིས་ཕ་རོལ་སོན་པ་ཡི། །ཆིབས་ཀྱིས་བཏེགས་པ་ཁྱོད་ལ་འདུད། ༩ །གང་ཞིག་བསམ་པའི་དཔག་བསམ་གྱིས། །འཇིག་རྟེན་


JKT001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྒུད་པ་འཕྲོག །མཆོག་གི་འབྱོར་པ་ལ་སྦྱོར་བའི། །ཕུན་ཚོགས་འབྱུང་གནས་ཁྱོད་ལ་འདུད། ༡༠ །ཨེ་མ་མང་དུ་སྨོས་ཅི་སྟེ། །ཆོས་ཀྱི་དབྱིངས་འདི་ཆོས་རྣམས་ལ། །སྙོམས་ཞུགས་དེ་དང་ཁྱོད་ཀྱི་ཐུགས། །དབྱེར་མེད་བརྟན་གཡོ་ཀུན་ལ་ཁྱབ། ༡༡ །དེ་ལས་སློབ་དང་མི་སློབ་དང་། །སྲིད་པ་སྐྱོང་བ་ཇི་སྙེད་པ། །རྨི་ལམ་སྒྱུ་མ་མིག་འཕྲུལ་བཞིན། །རྟེན་འབྱུང་རོལ་མོ་ཅིར་ཡང་འཆར། ༡༢ །ཡུན་རིང་དུས་ནས་དུབ་པ་ཡི། །ཡིད་ཅན་ངལ་འཚོར་བགྱིད་པ་ལ། །དཔེ་ཟླ་མེད་པ་མ་འཚལ་བས། །ཁྱོད་ནི་ཁྱོད་དང་མཚུངས་པར་རྟོགས། ༡༣ །ཚུལ་དེར་ཡིད་རབ་གཏོད་པ་ཡིས། །གདུང་བའི་ངག་གི་ཏམྦུ་རས། །ཡེ་ཤེས་གཟིགས་པ་དང་འགལ་བའི། །ནོངས་པ་ཅི་མཆིས་མཐོལ་བཤགས་ཤིང་། ༡༤ །ཏིང་འཛིན་བྱེད་པོས་རབ་བཟུང་བའི། །མཆོད་པའི་སྤྲིན་དང་དེ་ལས་གཞན། །བསྟན་ལ་གུས་པས་ཁྱོད་མཆོད་ན། །དོན་གཉིས་གྲུབ་པའི་བཀྲ་ཤིས་སྩོལ། ༡༥ །ཁྱད་པར་ཐམས་ཅད་གཟིགས་པའི་ཁྲིར། །མཁས་ཚུལ་རིན་ཆེན་རྣམ་བདུན་གྱིས། །མདུན་བདར་གྲུབ་པའི་འཁོར་ལོས་སྒྱུར། །གང་གི་གསུང་གསང་བདུད་རྩི་ནི། ༡༦ །རྫོགས་པར་འཐུང་བའི་སྐལ་བཟང་གི། །པདྨོ་ཡིད་འོང་རྒྱས་པ་ལས། །བཤད་སྒྲུབ་བསྟན་པའི་ངལ་འཚོ་ནི། །བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༡༧ །


JKT001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་སྤྲོས་པའི་མཐའ་དང་མི་མཛའ་བ། །དཔལ་ལྡན་ཆོས་དབྱིངས་ལྷན་ཅིག་སྐྱེས་མ་རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ཡི། །ཐུགས་ཀྱི་ཐིག་ལེར་རབ་ཏུ་བརྟན་པས་རབ་མཆོག་ལྷ་དང་མི་རྣམས་ཀྱི། །འཇིགས་པ་མཐའ་དག་འཕྲོག་པའི་ཐ་མས་རྟག་ཏུ་དགེ་ལེགས་སྦྱིན་མཛོད་ཀྱེ། ༡༨ །ཞེས་གཉིས་སུ་མེད་པའི་ཡེ་ཤེས་འབར་གཡོ་བརྟན་པའི་ཐ་མར་རྡོ་རྗེའི་བརྟུལ་ཞུགས་ཀྱི་མཐུ་གྲུབ་པས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་མིག་འཕྲུལ་བསྟན་པ་སྐྱོང་བའི་གཙོ་མོར་ཤར་བ་གང་དེའི་གནས་ལུགས་དང་། སྣང་ཚུལ་གྱི་དེ་ཁོ་ན་ཉིད་ལ་བརྩམས་ཏེ་བསྔགས་པའི་མེ་ཏོག་འཐོར་བས་གསར་ལམ་མཛེས་པར་བྱས་ཏེ་འདོད་པའི་དོན་ལ་དབུགས་འབྱིན་པར་གསོལ་བའི་ཚིགས་སུ་བཅད་པ་འདིའང་། ཡེ་ཤེས་ཀྱི་སྐུ་ཐ་མལ་པའི་གཟུགས་ཀྱི་ཟ་མ་ཏོག་ཏུ་རྒྱས་བཏབ་སྟེ། རྡོ་རྗེ་ནཱ་ད་མི་ཤིགས་པའི་སྒྲ་དབྱངས་ཚུ་རོལ་མཐོང་བ་རྣམས་ཀྱི་རྣ་བའི་སྤྱོད་ཡུལ་དུ་ལེན་པ། རིན་ཆེན་གྲུབ་པའི་རྒྱལ་ཚབ། བློ་གསལ་གྱི་གདུལ་བྱ་དང་བཤད་སྒྲུབ་ཀྱི་བསྟན་པ་ཆབ་གཅིག་སྐྱོང་བ་གང་གི་ཞབས་པད་སྲིད་ཞིའི་འཇིགས་འཕྲོག་ཚངས་གནས་སུ་རེག་པ། སའི་ཆ་གཉིས་འཐུང་དྲེགས་པས་བསྒྱིངས་པའི་སྤྱི་གཙུག་ལྟར་མཐོ་བ་ཤར་མདོ་ཁམས་ཀྱི་ཡུལ་དུ་སྐྱེས་པའི་ད་རི་དྭ་མཉྫགྷོ་ཥས་དཔལ་ཞྭ་ལུ་རི་ཕྲུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་གང་ཤར་བྲིས་པ་སིདྡྷི་རསྟུ། །


previousདཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་བསྟོད་པ་ནང་གི་དེ་ཉིད་བརྗོད་པ།next