Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
 
  
  
  


13 occurrences of གཏེར་སྲུང་
[Clear Hits]

 
previousརྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།next

རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།


JKT015_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། འདིར་བླ་མ་རྩ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པར་འདོད་པས། སྐབས་སུ་བབས་པ་ན་སྐོང་རྫས་ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་འོད་གསལ་ལྷན་ཅིག་


JKT015_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཡེ་ཤེས་ཀྱི་རྣམ་རོལ་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ཕྱི་ནང་གསང་བའི་སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་པ་སྔོན་ཏུ་འགྲོ་བས། ཧཱུྃ༔ ཀ་དག་གཞི་དབྱིངས་གཉུག་མའི་གཤིས། །ལྷུན་གྲུབ་གཞི་སྣང་རིག་པའི་རྩལ། །ཟུང་འཇུག་ཀུན་བཟང་པདྨ་འབྱུང་། །ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །བདེ་ཆེན་ཡེ་ཤེས་རྡོ་རྗེ་སེམས། །སྟོང་ཉིད་ཤེས་རབ་སྙེམས་མ་ཡུམ། །དབྱེར་མེད་འོད་གསལ་ཐོད་ཕྲེང་ལྔ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །གང་འདུལ་སྤྲུལ་པའི་མཚན་བརྒྱད་དང་། །ཁྲག་འཐུང་རྡོ་རྗེ་དྲག་པོ་སོགས། །སྣ་ཚོགས་གཟུགས་ཀྱི་རྣམ་རོལ་ཅན། །སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་། །བླ་མ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །འཆི་མེད་རིག་འཛིན༴ །མི་གནས་ཡེ་ཤེས་ཀློང་དགུའི་གར། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ལ་སོགས། །ཡི་དམ་ཞི་ཁྲོའི་བདག་ཉིད་ཆེ། །འཁོར་ལོའི་དབང་ཕྱུག༴ །གནས་གསུམ་དཔའ་བོ་རྣལ་འབྱོར་མའི། །བརྟུལ་ཞུགས་སྤྱོད་པའི་ཚོགས་ཀྱི་རྗེ། །བདེ་སྟོང་ཉེ་རྒྱུའི་མཐར་སོན་པ། །མཚོ་


JKT015_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བླ་མའི༴ །དབྱིངས་རིག་མི་འགྱུར་ཐིག་ལེ་ཆེ། །འབར་བའི་སྐུར་བཞེངས་དམ་ཚིག་ཅན། །རྒྱུད་གསུམ་དྲེགས་པའི་འཁོར་ལོས་སྒྱུར། །རྡོ་རྗེ་སྲིན་པོའི༴ །སྣང་སྲིད་གདོད་ནས་པདྨ་འོད། །སྣོད་བཅུད་ཀུན་ཁྱབ་ཐོད་ཕྲེང་རྩལ། །དག་པ་རབ་འབྱམས་སྐུ་ཡེ་ཤེས། །འདུ་འབྲལ་མེད་པའི་ཐུགས་དམ་བསྐང་། །ཧཱི༔ ཐུགས་དམ་སྐོང་བའི་དམ་རྫས་ནི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །མེ་ཏོག་བདུག་སྤོས་མར་མེ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་བསྐང་། །རླུང་སེམས་དབུ་མར་ཕྱག་བྱས་པའི། །རྣམ་འཕྲུལ་ཕ་མཐའ་ཡས་པའི་དཔྱིད། །རྡོ་རྗེའི་རིག་མ་བཅུ་དྲུག་སོགས། །རང་བྱུང་ནང་གི་མཆོད་པས་བསྐང་། །འཁོར་ལོ་བཞི་ཡི་བྷནྡྷ་རུ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེས། །བདེ་བ་ཆེན་པོར་ཐུགས་དམ་བསྐང་། །འོད་གསལ་དྷ་ཏིའི་ཀ་པཱ་ལར། །གཉིས་སྣང་དབྱིངས་སུ་བསྒྲལ་བ་ཡི། །རྣམ་ཀུན་མཆོག་ལྡན་དམར་ཆེན་པོས། །གཟུང་འཛིན་བྲལ་བར༴ །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །དྭངས་མ་ཡེ་ཤེས་ལྔ་ཡི་དངོས། །ཚོགས་དང་གཏོར་མའི་ལོངས་སྤྱོད་ཀྱིས། །གཉིས་སུ་མེད་པར །བདེ་སྟོང་ཐིག་ལེར་མཉམ་སྦྱོར་བས། །གློ་བུར་རྟོག་ཚོགས་དབུ་མར་བསྒྲལ། །སྲིད་ཞིར་མི་གནས་ཕྱག་རྒྱ་ཆེ། །


JKT015_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་གསང་བའི་མཆོད་པས་བསྐང་། །ཀ་དག་རིག་པ་བུམ་སྐུར་སྨིན། །ལྷུན་གྲུབ་སྣང་བཞིའི་ཕ་མཐར་སོན། །ཟུང་འཇུག་རྡོ་རྗེའི་ཡེ་ཤེས་དབྱིངས། །བླ་མེད་མཆོག་གི་མཆོད་པས་བསྐང་། །ཡོངས་གྲུབ་གཉུག་མའི་གཤིས་ལུགས་ལས། །ཀུན་བརྟགས་འཁྲུལ་པའི་གཞན་དབང་གིས། །བཅས་དང་རང་བཞིན་ཉམས་པའི་སྒྲིབ། །འཁོར་གསུམ་ལས་འདས་ངང་དུ་བཤགས། །ཧཱུྃ༔ དེ་ལྟར་བསྐངས་ཤིང་བཤགས་པའི་མཐུས། །རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་ལྷས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་པ་མཆོག་གིས་རྗེས་བཟུང་ཤོག །ངེས་འབྱུང་སྙིང་རྗེ་མོས་གུས་ཀྱིས། །ཟབ་མོའི་ལམ་གྱི་སྣོད་གྱུར་ནས། །སྨིན་དང་གྲོལ་བའི་བདུད་རྩི་ཡིས། །སྐུ་བཞིའི་ངལ་འཚོ་བསྟེན་གྱུར་ཅིག །བསྐྱེད་རིམ་བསྙེན་སྒྲུབ་མཐར་ཕྱིན་པས། །སེམས་ཉིད་ལྷ་ཡི་སྐུར་བཞེངས་ནས། །དངོས་གྲུབ་རྒྱ་མཚོར་དབང་བསྒྱུར་བའི། །རྣམ་སྨིན་རིག་འཛིན་ཐོབ་པར་ཤོག །རྩ་རླུང་ཐིག་ལེའི་འདུ་བ་དང་། །ཞུ་བདེ་དབུ་མར་སྨིན་པ་ལས། །འཆི་མེད་འཇའ་ལུས་གཟུགས་འཆང་བ། །ཚེ་དབང་རིག་འཛིན་འགྲུབ་གྱུར་ཅིག །འོད་གསལ་རྣམ་ཀུན་མཆོག་ལྡན་དང་། །ཟུང་འཇུག་རིགས་ལྔའི་སྤྲིན་འཕྲོ་བ། །སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ཕྱག་རྒྱའི་རིག་འཛིན་མངོན་


JKT015_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཤོག །མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ལ། །ཕྲིན་ལས་རྒྱལ་བ་ཉིད་ཀྱི་ཚུལ། །ཟག་མེད་ཡོན་ཏན་ཀུན་གྱི་གནས། །ལྷུན་གྲུབ་རིག་འཛིན་ཉིད་གྱུར་ཅིག །མཐར་ཐུག་ཀ་དག་ཆོས་དབྱིངས་ངང་། །ཁ་སྦྱོར་ལོངས་སྤྱོད་རྫོགས་སྐུ་དང་། །གང་འདུལ་སྤྲུལ་པའི་སྐུར་སྣང་བས། །དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །མདོར་ན་བདག་གཞན་འགྲོ་བ་ཀུན། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་དངོས། །འཆི་མེད་པདྨ་འོད་འབར་གྱི། །གོ་འཕང་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་བྱིན་རླབས་ཟླ་ཤེལ་གྱི་བདུད་རྩིས་རིག་པ་ལས་བྱུང་བའི་ཚིག་གི་ཀུ་མུ་དྭ་འདིས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཀྱི་ཟིལ་དངར་ཅིར་ཡང་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཤུདྡྷཾ།། །།


previousརྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།next