གསར་རྙིང་སྤྱིར་འགྲོ་བའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ།
གསར་རྙིང་སྤྱིར་འགྲོ་བའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི་སིདྡྷི་རསྟུ། རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དང་། །ཐ་དད་མ་དམིགས་རྗེ་བཙུན་གཏེར་བདག་གླིང་། །གང་གི་ཞབས་པད་སྤྱི་བོར་རྟག་མཆོད་ནས། །འཆད་འདོད་གསར་བུའི་དགའ་སྟོན་དེ་རིང་སྤེལ། །འདིར་དབང་བཤད་སྤྱི་འགྲོའི་ཁོག །བྱེ་བྲག་ཉེར་མཁོ་ཁ་བསྒྱུར་ཚུལ་གྱི་དཔེར་བརྗོད་དང་བཅས་པ་ཅུང་ཟད་ཅིག་གླེང་བར་བྱ་སྟེ། དེ་ཡང་སློབ་མ་ཁྲུས་དང་ཕྱག་སོགས་སྔོན་དུ་འགྲོ་བས། གྲལ་ལ་འཁོད་དེ། གླེང་བ་སྐབས་སུ་བབ་པ་དང་གསལ་དག་སྙན་པའི་ངག་གིས་འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྗེས་གནང་ངམ། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། གཞན་ཡང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརླབ། །ཅེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ལ་གུས་པ་དང་ལྡན་པས་སྒོ་གསུམ་ལེགས་པར་བསྡམ་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་པར་ཞུ་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན། ཐེག་པ་གསུམ་དུ་འདུས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས། ཉན་ཐོས་དང་། རང་རྒྱལ། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་དུ་རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་འདུས་པས་ཐེག་པ་བཞི་པ་མེད་མོད་ཀྱང་། གསུམ་པོའི་ནང་སེམས་ཀྱི་དབྱེ་བ་ལ་བརྟེན་པའི་ཐེག་པའི་རྣམ་གྲངས་ནི་མང་དུ་འབྱུང་བས་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལེགས་པའི་ཐེག་པ་གསུམ་དང་ལྔར་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་མཐའ་དག་པ་བཤད་དོ། །ཞེས་དང་། ཡང་། མངོན་མཐོའི་ཐེག་པ་གཉིས་གཅིག་ཏུ་བསྡུས། ངེས་ལེགས་ཀྱི་དེ་བཞིན་གཤེགས་པའི་ཐེག་པ་ལ་བྱང་སེམས་དང་སྔགས་གཉིས་སུ་ཕྱེས་ནས་ལྔར་བཤད་པའང་ཡོད་དེ། གསང་སྙིང་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས། དེ་ལ་མངོན་མཐོའི་ཐེག་པ་ནི། ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་དགེ་མི་དགེ་བླང་དོར་མ་ནོར་བར་སྤྱད་པས་མི་དང་འདོད་ལྷའི་གོ་འཕང་ཐོབ་ནུས་པ་དེའི་ཕྱིར། གཙོ་བོའི་སྒྲས་སྨོས་ཏེ། ལྷའི་ཐེག་པ་ཞེས་གསུངས་པ་དང་། དེའི་སྟེང་དུ་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། འདོད་ཉོན་གྱིས་གཙང་བས་ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས་འཁོར་བ་ལས་ཁྱད་པར་དུ་འདྲེན་མི་ནུས་པའི་ཕྱིར། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟླ། །ཞེས་པ་ལས་གཞན་དུ་གྱུར་པས་ན། ཐེག་པ་དངོས་མ་ཡིན་མོད་ཀྱི། དེ་ལྟ་ནའང་ཡང་དག་པའི་ལྟ་བ་དང་ལྡན་པས་དགེ་བཅུའི་ལས་ལམ་ལ་སྤྱོད་པ་ནི། རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་ཀྱི་གཞིའམ་སྔོན་དུ་འགྲོ་བ་ཡིན་པས། ལམ་སྟེགས་སུ་གྱུར་ཏེ། དགྱེས་རྡོར་ལས། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་ལམ་རིམ་དུ། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་མངོན་མཐའི་ཐེམ་སྐས་ལ་འཛེག་ནས་བགྲོད་བྱའི་གནས་ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་དེལའང་། སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ན། སྤྱི་མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུམ་དུ་སྣང་བ་ལས། རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཐེག་པ་དགུར་འགྱུར་ཏེ་ཀུན་འབྱུང་འདྲེན་པའི་ཐེག་པ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི་ཀྲི་ཡ། ཨུ་པ་ཡ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེར་ཡོད་ཅིང་། གསུམ་མམ་དགུར་ཕྱེ་བ་དེ་ཡང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་པས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་གཉིས་ཁྱད་པར་ནི། སྔགས་དང་སྦྱོར་བའི་བྱ་བ་གཙོ་བོར་སྟོན་པ་དང་མི་སྟོན་པའི་ཁྱད་པར་ཏེ། རབ་དབྱེ་ལས་ཀྱང་། མདོ་དང་སྔགས་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའང་དོན་འདི་ལ་དགོངས་པར་སྣང་ངོ་། །འོ་ན་ཕ་རོལ་དུ་ཕྱིན་པའི་ཚུལ་ལས་སྔགས་ཀྱི་ཚུལ་གང་གིས་ཁྱད་པར་དུ་འཕགས་སྙམ་ན། དོན་གསུམ་གྱི་མདོ་ལས། སྔགས་མཆོག་ཏུ་གྱུར་པ་སྟེ། གསུམ་གང་ཞེ་ན། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་རོ། །དེ་ལ་མྱུར་བ་ནི། ཕར་ཕྱིིན་ཐེག་པས་རང་ལམ་གྱི་བྱང་ཆུབ་ཐོབ་པ་ལ་བསྐལ་པ་གྲངས་མེད་ཐོགས་མོད། སྔགས་ལས་ནི། ཀྲི་ཡས་མི་ཚེ་བདུན་ནམ་བསྐལ་པ་བརྒྱད། ཨུ་པ་ཡས་མི་ཚེ་ལྔའམ་བསྐལ་པ་གཅིག་གམ་གསུམ། ཡོ་གས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ་བཅུ་དྲུག །བླ་མེད་ཀྱིས་སྐྱེ་བ་འདིའམ་བར་དོར་བྱང་ཆུབ་ཐོབ་པར་གསུངས་ཤིང་། དེ་ལྟར་མྱུར་བའི་རྒྱུ་ཡང་། སྔགས་སུ་ནི། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མའི་སྐུ་ལ་ཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་པ་སོགས་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་དང་ཕྱག་རྒྱའི་མཐུས། ཆུ་ཐིག་རེ་ཡང་གངྒཱའི་རྡུལ་སྙེད་དུ་འཕེལ་བས། དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་ལས་དང་པོ་པའི་དུས་ནས་ཀྱང་མངོན་དུ་བྱེད་ནུས་པས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་མཐའ་ཡས་པ་སྨིན་པའི་རྒྱུ་ཁྱད་པར་ཅན་བྱེད་ནུས་པ་དེ་དག་སྔགས་ཀྱི་ཐེག་པ་ལ་ཞུགས་ཙམ་ཉིད་ནས་ཡོད་པའི་རྒྱུས་མྱུར་བ་ཡིན་ནོ། །གཉིས་པ་བདེ་བ་ནི། ལུས་སེམས་ལ་ཚོར་བ་རྩུབ་པོ་མེད་པ་སྟེ། དེའི་རྒྱུ་ཡང་འདི་ལས་སྐལ་པ་དྲུག་གི་ལུས་ཀྱང་ཚེགས་མེད་པ་གྲུབ་པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང་། སྔགས་ཀྱི་མཐུས་དེ་བཞིན་གཤེགས་པ་རྣམས་མངོན་དུ་བཞུགས་ཤིང་འགྲོ་བའི་བསམ་པ་ཐམས་ཅད་སྒྲུབ་ནུས་པའི་རྒྱུས་བདེ་བ་ཡིན་ནོ། །གསུམ་པ་ཐབས་ལ་མཁས་པ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས་ལྷ་དགྱེས་པ་དང་། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་རྨད་དུ་བྱུང་བས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབས་པ་དང་། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ལ་འཇུག་ནུས་པས་ན་ཐབས་ལ་མཁས་པ་ཡིན་ནོ། །དེར་མ་ཟད་ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱིས་གྲངས་མེད་གསུམ་གྱི་ཚོགས་བསགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབས་ཆེན་པོའི་གོ་འཕང་ལས་ལྷག་པ་ཐོབ་མི་ནུས་ཀྱང་། སྐབས་དེར་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཐོབ་དགོས་པས་ན་སྔགས་ཀྱི་ཐེག་པ་ནི་བགྲོད་པ་གཅིག་པའི་ལམ་དུ་འགྱུར་བའི་ཕྱིར། མཐར་ཐུག་གི་ཐེག་པ་གཅིག་ཉིད་དུ་ངེས་པས་ཀྱང་འཕགས་ཏེ། སྤྱི་མདོ་དགོངས་འདུས་ལས། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པས། །ཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས་ཀྱང་། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་ཡིན་ནོ། །འོ་ན་གསང་སྔགས་རྡོ་རྗེ་ཐེག་པ་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། དགོངས་པ་མི་མཐུན་པ་ཡང་མང་སྟེ། གང་དག་མངོན་པའི་སྡེ་སྣོད་ལས་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པའོ། །ཞེས་བཞེད་པ་དང་། ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེའོ་ཞེས་བཞེད་པའང་ཡོད་མོད། རང་ལུགས་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས། སྡེ་སྣོད་གསུམ་ལས་ལེགས་པར་རྐང་ཐུབ་པ་གཅིག་ཏུ་བྱས་ཏེ། སྡེ་སྣོད་བཞི་པར་བཞག་ན་ལེགས་པར་མངོན་ནོ། །དེ་ལྟར་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་ཀྱི་གཟུངས་འགྲེལ་ལས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་ཐེག་པའི་སྡེ་སྣོད་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། སྔགས་ཀྱི་སྡེ་སྣོད་དང་། སྡེ་སྣོད་བཞི་པ་དང་། ཆོས་འདི་པ་རྣམས་ཀྱི་རྒྱུད་ཅེས་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལ་སྔགས་ཀྱི་མཚན་གཞི་ནི། སྦྱང་གཞི་དབྱིངས་རང་བཞིན་གྱིས་རྣམ་པ་དག་པ་དང་། དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་ཡིན་ཞིང་། དེ་ཡང་སྦྱང་གཞི་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས། དབང་གིས་རྒྱུད་སྨིན་པར་བྱས་ནས། དེ་དང་རྗེས་སུ་འབྲེལ་བའི་སྒོ་ནས་ལམ་བསྒོམ་པ་དང་། དེས་བྲལ་ཐོབ་ཀྱི་ཡོན་ཏན་གྱི་ཆར་གཏོགས་པ་རྣམས་སྦྱོང་བྱེད་ཡིན་ནོ། །དེ་ལྟར་སྦྱངས་པས་དབྱིངས་ལ་སྒྲིབ་བྱེད་ཀྱི་དྲི་མ་ཕྲ་རགས་ཐམས་ཅད་དག་ནས། གཞིའི་ཡོན་ཏན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། དེ་སྐད་དུའང་གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དེ། །ཞེས་སོ། །སྔགས་ཀྱི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་། རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པ། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །སྔགས་ཀྱི་ངེས་ཚིག་ནི། མནྟྲ་ཞེས་པའི་སྒྲ་ལས་དྲངས་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ན་སྔགས་ཏེ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། མ་ན་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱ་བའི་དོན། །ཞེས་སོ། །གསང་སྔགས་ཀྱི་དབྱེ་བ་ནི། གསར་རྙིང་ཐུན་མོང་གི་བཞེད་པའི་དབང་དུ་བྱས་ན་བཞིར་བཟུང་སྟེ། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། དེ་ཡང་བཞིར་འབྱེད་པའི་རྒྱུ་མཚན་ནི་ལྔ་ལས། དང་པོ་མི་རིགས་བཞིའི་སྤྱོད་པ་ལ་དགོངས་ནས། དེ་འདུལ་བའི་ཕྱིར་བཞིར་གསུངས་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །རྨངས་རིགས་གདོལ་པ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། གཉིས་པ་གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བསམ་གཏན་ཕྱི་མ་ལས། སེམས་ཅན་དམན་ལ་བྱ་བའི་རྒྱུད། །དེ་ལྷག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །དེ་ལྷག་རྣམས་ལ་བླ་མེད་རྒྱུད། །ཅེས་གསུངས། གསུམ་པ་རྫོགས་ལྡན་ལ་སོགས་པའི་དུས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དཔལ་ཕྲེང་དམ་པའི་རྒྱུད་ལས། གསང་སྔགས་བྱུང་ཚུལ་རྣམ་བཞི་སྟེ། །བསྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། །རྩོད་དུས་རྒྱུད་ཀྱང་དེ་བཞིན་དུ། །གདུལ་བྱའི་ངོ་ལ་སྣང་བ་ཡིན། །ཞེས་གསུངས། བཞི་པ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བརྟག་གཉིས་ལས། བལྟས་དང་དགོད་དང་ལག་བཅང་དང་། །འཁྱུད་དང་གཉིས་སྤྲོད་ལ་སོགས་པའི། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་སོ། །ཞེས་གསུངས། ལྔ་པ་ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་དྲངས་པ་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་བྱ་བའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་སྤྱོད་རྒྱུད། ང་རྒྱལ་ཅན་བརྒྱ་བྱིན་འབྱོར་པ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་རྒྱུད། འདོད་ཆགས་ཅན་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པ་ཡིན་ལ། དེ་རྣམས་བརྗོད་བྱ་རྗོད་བྱེད་སོགས་རེ་རེ་ནས་གཏན་ལ་ཕབ་ན་མཐའ་ཡས་པར་འགྱུར་པའི་ཕྱིར་རེ་ཞིག་དེ་ཙམ་བྱས་ནས། འདིར་སྐབས་སུ་བབ་པ་ནི། ཞེས་འགྲེས་སྦྱར་ནས། བྱ་རྒྱུད་ཀྱི་དབང་རྗེས་གནང་ལྟ་བུ་ཡིན་ན་འདི་སྐད་ཅེས། ཀྲི་ཡ་ཞེས་པའི་སྒྲ་ལས་དྲངས་ན་བྱ་བའི་རྒྱུད་དེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། དོན་དམ་པ་མཐའ་བཞི་དང་བྲལ་བའི་རྟོགས་པས། ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་དུ། གཉིས་མེད་མཉམ་པ་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱིས། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པས་ཆུ་དང་ཅོད་པན་གྱི་དབང་ཙམ་བསྐུར་བས་རྒྱུད་སྣོད་རུང་དུ་བསྒྲུབས་ནས། དཀའ་ཐུབ་དང་གཙང་སྦྲའི་སྤྱོད་པ་ལ་གནས་པས། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་པ་ལ་མཆོད་ཅིང་། དམ་ཚིག་གི་ཕྱག་རྒྱས་བཏབ། བཟླས་པས་ཐུགས་བརྒྱུད་བསྐུལ་བའི་བསྙེན་པ་རྣམས་ལྷ་དང་མི་དང་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་ལེན་པ་སྟེ། རིག་པ་ཐམས་ཅད་ཀྱི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུར་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་སྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་གསུངས། འདིའི་རང་ལམ་གྱིས་དབང་པོ་རྣོ་བ་ནི་མི་ཚེ་བདུན་ནམ། ཇི་ལྟར་འགྱང་ནའང་བསྐལ་པ་ཆེན་པོ་བརྒྱད་ནས་བྱང་ཆུབ་ཐོབ་པར་བཞེད་པ་ཡིན་ནོ། །དེ་ཡང་བྱ་བའི་རྒྱུད་ལ་དབྱེ་ན་རིགས་དྲུག །དེ་ལ་གཙོ་བོའི་རིགས་གསུམ་ནི། དེ་བཞིན་གཤེགས་པའི་རིགས་དང་། །པདྨའི་རིགས། རྡོ་རྗེའི་རིགས་སོ། །ཕལ་པའི་རིགས་གསུམ་ནི། ནོར་ཅན་གྱི་རིགས། ལྔས་ཙན་ནམ་རྒྱས་པའི་རིགས། འཇིག་རྟེན་པའི་རིགས་རྣམས་ཏེ་དྲུག་ལས། དེ་བཞིན་རིགས་ཀྱི་སྐབས་ཡིན་ལ། འདིར་དེ་བཞིན་གཤེགས་པའི་རིགས་ལ་བརྒྱད་དེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་གཙུག་ཏོར་དང་། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་། རིགས་ཀྱི་ཕོ་ཉ་མོ་དང་། རིགས་ཀྱི་སེམས་དཔའ་དང་། རིགས་ཀྱི་འཇིག་རྟེན་དང་བརྒྱད་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་ཐུབ་པ་དམ་ཚིག་གསུམ་བཀོད་དང་། རིགས་ཀྱི་བདག་པོའི་རྒྱུད་འཇམ་དཔལ་དབྱངས་འདི་ཞེས་བྱ་བའི་རིག་གཏད་དམ། རྗེས་གནང་ངམ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བསྒྲུབ་པར་བྱེད་པ་སྐབས་སུ་བབ་པ་ཡིན། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་རྣམས་ཆད་ལྷག་མེད་པ་སྔོན་དུ་སོང་གྲུབ་པས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པའི་དྲུང་དུ་རིག་གཏད་དམ། རྗེས་གནང་ངམ། དཀྱིལ་འཁོར་དུ་འཇུག་པའམ། དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་པའི་སྒྱུར་ཚུལ་རྣམས་འོག་མ་རྣམས་ལ་འགྲེ་ཤེས་པར་བྱའོ། ༈ །ཡང་བྱ་རྒྱུད་པད་རིགས་ལ་མཚོན་ན། འདིར་པདྨའི་རིགས་ལ་ལྔ་སྟེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང་། རིགས་ཀྱི་བཀའ་ཉན་ཕོ་མོ་དང་ལྔ་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའམ། རིགས་ཀྱི་བདག་པོའི་རྒྱུད་འཕགས་པ་སྤྱན་རས་གཟིགས་འདི་ཞེས་བྱ་བའི་རྒྱུད་རིག་གཏད་དམ། རྗེས་གནང་། སོགས་སྔར་བཞིན་ནོ། ༈ །ཡང་རྡོ་རྗེའི་རིགས་ལ་མཚོན་ན། འདིར་རྡོ་རྗེའི་རིགས་ལ་ལྔ་སྟེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང་། རིགས་ཀྱི་བཀའ་ཉན་ཕོ་ཉ་ཕྱག་བརྙན་དང་ལྔ་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་མི་འཁྲུགས་པའམ། རིགས་ཀྱི་བདག་པོའི་རྒྱུད་ཕྱག་ན་རྡོ་རྗེའམ། རྡོ་རྗེ་རྣམ་པར་འཇོམས་པ་འདི་ཞེས་བྱ་བའི་རིག་གཏད་དམ། སོགས་སྔར་ལྟར་རོ། །དེ་ཙམ་གྱིས་མཚོན་པར་བྱས་ནས་བྱ་རྒྱུད་ཀྱི་རིགས་ལྷག་མ་རྣམས་ལའང་སྦྱོར་ཤེས་པར་བྱའོ། ༈ །ཡང་གཉིས་ཀའི་རྒྱུད་དམ་སྤྱོད་རྒྱུད་ཀྱི་དབང་རྗེས་གནང་ལྟ་བུ་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་མཇུག་ཏུ། ཨུ་པ་ཡ་ཞེས་པའི་སྒྲ་ལས་དྲངས་ན་གཉིས་ཀའམ་སྤྱོད་པའི་རྒྱུད་དེ། རང་ཤར་ལས། ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། རྣམ་སྣང་མངོན་བྱང་གི་དོན་བསྡུས་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་དང་། ཏིང་ངེ་འཛིན་གཉིས་ཀ་སྤྱོད་པས་སྤྱོད་པའི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། ལྟ་སྒོམ་ཡོ་ག་དང་སྤྱོད་པ་བྱ་བ་དང་ཆ་འདྲར་སྤྱོད་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་སྟེ། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པ་ལས་གྲུབ་པའོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་ཆུ་ཅོད་པན་གྱི་སྟེང་དུ། ཕྱག་མཚན་རྡོར་དྲིལ་དང་། མིང་དབང་རྣམས་བསྐུར་བས་སྣོད་རུང་དུ་བྱས་ནས་སྤྱོད་པ་ཕལ་ཆེར་བྱ་བ་དང་འདྲ་བ་ལས། ལྟ་སྒོམ་ཡོ་ག་དང་མཐུན་པས་ཉམས་ལེན་གྱི་ཚེ་ཡང་། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ། མཆོད་བསྟོད་བཟླས་པ་ལ་སོགས་པའི་སྒོ་ནས་དངོས་གྲུབ་ལེན་པ་ཡིན་ནོ། །དེ་ལྟར་ཡང་ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་གསུངས་ཤིང་། དེ་ཡང་སྒོམ་པ་ཡོ་ག་དང་རྗེས་སུ་མཐུན་རྒྱུ་ནི། ཡོ་ག་དམ་ཡེ་གཉིས་ཕན་ཚུན་གྲོགས་པོ་ལྟ་སྤྱོད་རྒྱུད་དང་ཐུན་མོང་བ་དང་། ཐུན་མིན་དམ་ཡེ་གཉིས་མེད་དུ་བྱེད་པ་གཉིས་ལས། འདིར་དང་པོ་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་ཡོ་གའི་འདོད་གཞུང་འཆད་པའི་ཚེ་གསུངས་པ་ལྟར་རོ། །དེ་ལྟར་འབད་པས་དབང་པོ་ཡང་རབ་མི་ཚེ་ལྔའམ། འགྱང་ནའང་བསྐལ་པ་གཅིག་གམ་གསུམ་གྱིས་རང་འབྲས་ཐོབ་པར་བཞེད་པ་ཡིན། དེ་ཡང་སྤྱོད་པའི་རྒྱུད་ལ་དབྱེ་ན། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལས། འདིར་སྐུའི་རིགས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། འཕགས་པ་མི་གཡོ་བ་འདི་ཞེས་བྱ་བའི་རྗེས་གནང་ངམ། ཞེས་སོགས་དང་། ཐུགས་ཀྱི་རིགས་ཕྱག་ན་རྡོ་རྗེ་འདི་ཞེས་བྱ་བའི། སོགས་འགྲེའོ། ༈ །ཡང་རྣལ་འབྱོར་གྱི་རྒྱུད་ཀྱི་དབང་ལྟ་བུ་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་རྗེས་སུ། ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའི་སྒོ་ནས་སྟོན་པས་ན་རྣལ་འབྱོར་རྒྱུད་ཅེས་བྱ་སྟེ། དེ་ཁོ་ན་ཉིད་སྣང་བའི་དོན་བསྡུས་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱིི་བྱིན་རླབས་ཀུན་རྫོབ་ལྷར་བཏགས་ཏེ། རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་བསྒྲུབ་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱིས། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་ཕྱེད་པ་རྣལ་འབྱོར་རོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། །ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་ཆུ་ཅོད་པན། རྡོར་དྲིལ། མིང་དབང་། བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང་། རྗེས་གནང་སོགས་མཐའ་བརྟེན་དང་བཅས་པ་བསྐུར་བས་སྣོད་རུང་དུ་བྱས་ནས། བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིའི་རྒྱས་བཏབ་ནས་བསྒོམ་ཞིང་། ཐུན་མཐར་ཕྱག་རྒྱ་བཀྲོལ་ནས་གཤེགས་སུ་གསོལ། དེ་ཡང་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཞིང་། ཡོ་ག་ཁྱད་པར་བ་ལ་སྤྱོད་རྒྱུད་དང་ཐུན་མོང་མ་ཡིན་པའི་དམ་ཡེ་གཉིས་མེད་དུ་བྱས་ནས་དངོས་གྲུབ་ལེན་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་ཉིད་ངང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་གསུངས། དེ་ལྟར་འབད་པས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ། ཐ་ནའང་བཅུ་དྲུག་གི་ཡུན་ཚད་ཙམ་ལ་དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་ཅིང་། དེའི་ཡུན་ཚད་ཉིས་འགྱུར་གྱིས་ས་བཅུ་པ་ལ་སྦྱོར་བ་ཡིན་གསུངས། དེ་ཡང་ཡོ་གའི་རྒྱུད་ལ་དབྱེ་ན། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྩེ་མོ་དང་དཔལ་མཆོག །ཆ་མཐུན་གྱི་རྒྱུད་ངན་སོང་སྦྱོང་བ་སོགས་དང་། ཐབས་ཤེས་ཀྱི་སྒོ་ནས་ཕྱེ་ན། ཕ་རྒྱུད་དེ་ཉིད་འདུས་པ་དང་རྩེ་མོ་སོགས། མ་རྒྱུད་དཔལ་མཆོག་དང་པོ་དང་རྡོ་རྗེ་སྙིང་རྒྱན་སོགས་ཡོད་པ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་སོགས། ཞེས་སམ། ཆ་མཐུན་གྱི་རྒྱུད་ངན་སོང་ཐམས་ཅད་ཡོངས་སུ་སྤྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ། ཞེས་སམ། ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་ཕྱོགས་གཅིག་པ་ལས་བྱུང་བ་གཙུག་དགུའི་དཀྱིལ་འཁོར་དུ། ཞེས་སོགས་འགྲེའོ། ༈ །ཡང་རྣལ་འབྱོར་བླ་མེད་ཀྱི་སྐབས་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་རྗེས་སུ། མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་པས། ཡོ་ག་ཕྱི་མ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ངོ་བོ་ནི། བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་འཁོར་འདས་མཉམ་ཉིད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །འདི་ནི་ཐེག་པ་འོག་མ་རྣམས་ཀུན་རྫོབ་རྫས་ཡོད་དང་བཏགས་ཡོད་དུ་བཟུང་ནས་བཟང་ངན་བླང་དོར་དུ་བལྟ་བ་ལས་འཕགས་ཏེ། འདིར་ཆོས་རྣམས་ལ་མི་གཉིས་ཀྱི་བསམ་སྤྱོད་དང་ལྡན་པས། འབྲས་བུའི་ངོ་བོར་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་ཏེ། སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་པའི་ཁྱད་པར་ཡང་། ཡེ་ཤེས་ཐིག་ལེ་ལས། རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་བུམ་དབང་གི་སྟེང་དུ། ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་བསྣན་ནས་བཞི་བསྐུར་བས་སྣོད་རུང་དུ་བྱས་ནས། ལམ་བསྐྱེད་རིམ་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཞིང་། དབང་དང་བསྐྱེད་རིམ་གཉིས་ཀ་ལ་ཡང་འབྲས་བུའི་བཞུགས་ཚུལ་དང་། རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་དང་། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་མ་སྦྱོང་ཚུལ་ཏེ། སྦྱོང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་ཞིབ་མོར་སྦྱོར། ཐུན་མཚམས་སུ་ཡང་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས། སེམས་དང་། ཡིད་དང་། རླུང་རྣམས་དབུ་མར་ཐིིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ཟུང་འཇུག་འགྲུབ། སྤྱོད་པ་རྣམ་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ལ་སྦྱོར་བར་བཞེད། དེ་ཡང་བསམ་པའི་སྟོབས་ཆེ་བ་གཅིག་གིས་འབད་པས་བསྒོམ་ན། ཚེ་ལོ་བརྒྱ་བའི་ཚེ་གང་གཅིག་གི་ཡུན་ལ་ལོ་གཞན་ལ་མ་ལྟོས་པར་འཚང་རྒྱ་ནུས་པར་གསུངས། དེ་ལྟ་བུའི་རྣལ་འབྱོར་བླ་ན་མེད་པ་ལ་དབྱེ་ན། གངས་ཅན་ལྗོངས་འདིར་གསང་སྔགས་གསར་རྙིང་ལུགས་སྲོལ་གཉིས་བྱུང་། དེ་གཉིས་ཀྱི་ཁྱད་པར་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བའི་མདོ་རྒྱུད་རྣམས་སྔ་འགྱུར་དང་། དེ་ཕྱིན་འགྱུར་བ་རྣམས་གསར་མ་ཡིན་ཞེས་བཞེད་དེ། གཙོ་ཆེའི་དབང་དུ་བྱས་ནས་གསུངས་པ་ཡིན། ཞེས་འགྲེས་བསླངས་ནས། གསར་མའི་སྐབས་ཡིན་ན། དེ་ལྟར་གསར་རྙིང་གཉིས་ལས། འདི་གསར་མ། དེའང་རྡོ་རྗེ་གུར་ལས། སྐྱེས་པ་རྣམས་ནི་གདུལ་བྱའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བསྟན་ཅིང་། །བཙུན་མོ་རྣམས་ནི་དགའ་བྱའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་གསུངས། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པས་གསུམ་སྟེ། ཐབས་ཕ་ཡི་རྒྱུད། ཤེས་རབ་མའི་རྒྱུད། གཉིས་སུ་མེད་པའི་སྙིང་པོ་དོན་གྱི་རྒྱུད་དང་གསུམ། དེ་རྣམས་ཀྱི་ཁྱད་པར་ནི། དཀྱིལ་འཁོར་གང་དུ་ལྷ་ཕོའི་རྣམ་པ་མང་ཞིང་དར་རས་རིན་པོ་ཆེའི་རྒྱན་ཅན་སོགས་ཡབ་ཀྱི་ལྷ་སྔགས་ཆོ་ག་ཉིད་རྩལ་འདོན་དུ་བྱུང་ན་ཕ་རྒྱུད། གང་དུ་ལྷ་མོའི་རྣམ་པ་མང་ཞིང་གཅེར་བུར་རུས་པའི་རྒྱན་ཅན་སོགས་དང་ཡུམ་གྱི་ལྷ་སྔགས་ཆོ་ག་སོགས་རྩལ་འདོན་དུ་བྱུང་ན་མ་རྒྱུད། ཡང་ཐབས་ཀྱི་དེ་ཁོ་ན་ཉིད་རྒྱ་ཆེ་བར་སྟོན་པ་ཕ་རྒྱུད། ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཟབ་པར་སྟོན་པ་མ་རྒྱུད། དེ་དག་ཆ་མཉམ་པར་སྟོན་ན་གཉིས་མེད་དོ། །ཞེས་གསུངས་ཀྱང་གཙོ་བོར་ནི་བླ་མེད་ཀྱི་ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་གྱི་ཉམས་ལེན་གང་རྩལ་དུ་བཏོན་ནས་ཉམས་སུ་ལེན་པས་བཞག་པ་ཉིད་ལེགས་པར་སྣང་སྟེ། དེས་ན་གང་དུ་གསང་དབང་གི་ལམ་སྟེང་སྒོ་རླུང་གི་རྣལ་འབྱོར་གཙོ་བོར་སྟོན་པ་ཕ་རྒྱུད། གང་དུ་ཤེས་རབ་ཡེ་ཤེས་ཀྱི་ལམ་འོག་སྒོ་ལས་རྒྱའི་རྣལ་འབྱོར་གཙོ་བོར་སྟོན་པ་མ་རྒྱུད། གང་དུ་དབང་བཞི་པའི་ལམ་ཕྱག་རྫོགས་ཀྱི་རྣལ་འབྱོར་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དོ། །དེ་གསུམ་གྱི་མཚན་གཞི་ཡང་། ཕ་རྒྱུད་གསང་འདུས་དང་དམར་ནག་འཇིགས་གསུམ་སོགས། མ་རྒྱུད་མཉམ་སྦྱོར། བདེ་མཆོག །མ་ཧཱ་མཱ་ཡ་སོགས། གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོ་ལ་སོགས་པའོ། །བདག་ཉིད་ཆེན་པོ་ས་སྐྱ་པ་ནི་ཀྱེ་རྡོར་གྱི་རྒྱུད་ཀྱང་གཉིས་མེད་ཀྱི་རྒྱུད་དུ་འཛིན་ཅིང་། བཅོམ་ལྡན་རལ་གྲིས་ནི། གུར་ནས་མ་རྒྱུད་བཅུ་བཞིའི་ནང་དུ་དྲངས་པ་དང་། རྣལ་འབྱོར་མ་རྒྱུད་ཀྱེ་རྡོ་རྗེ། །ཞེས་སོགས་ཀྱིས་གནོད་པས་མ་རྒྱུད་དུ་འཐད་ཅེས་གསུངས་པའང་སྣང་། ཕ་རྒྱུད་འདུས་པ་ལྟ་བུ་ལ་དཔེར་མཚོན་ན། དེ་ལས་འདིར་སྒྲོན་མ་གསལ་བར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གང་གསུངས་པ། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་འདི་ནི་རྒྱུད་ཀུན་རྩེ། །ཞེས་མདོ་སྡེ་དང་རྒྱུད་ཐམས་ཅད་ཀྱི་སྣོད་དང་རྩ་བར་གསུངས་པ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ། ཞེས་པ་ལྟ་བུའི་སོ་སོའི་ཆེ་བ་རེ་བརྗོད་ནས། འདི་དང་འདི་ཞེས་བྱ་བའི་དཀྱིལ་འཁོར་དུ་ཞེས། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་ཐམས་ཅད་ལ་རིགས་འགྲེ་ཤེས་པར་བྱ་ཞིང་། དེ་དག་ལ་ལྷག་གནས་དང་། འཇུག་པ་སོགས་སྐབས་ཐོབ་ཕྱེད་པར་བྱ། ཡང་དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཅིང་། ཆོ་གའི་རིམ་པ་ཤིན་ཏུ་ཟོར་ཡང་བ་རྣམས་བྱིན་རླབས་ཞེས་གྲགས་པ་ལྟར། བྱིན་རླབས་དང་། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སོགས་སྐབས་བབ་ཀྱིས་བསྒྱུར་བའི་འཕྲུལ་ཞེས་པར་བྱའོ། ༈ །ཡང་གསང་སྔགས་རྙིང་མའི་སྐབས་ཡིན་ན། གཙོ་ཆེའི་དབང་དུ་བྱས་ནས་གསུངས་པ་ཡིན། ཞེས་པའི་རྗེས་སུ། དེ་ལྟར་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ་ཡིན། དེ་ཡང་གང་གིས་ཁྱད་པར་དུ་གྱུར་ཅེ་ན། ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། གསང་སྔགས་རྙིང་མ་བ་རྣམས་ལ་གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད། ཅེས་གསུངས་པ་ལྟར། དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་བ་རྣམས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་བསྒྱུར་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་བླུད་བུ་བཀང་བ་དང་། བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲྭ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། ཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཀྱང་སྔོན་གྱི་ལོ་ཙཱ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབ་པས་གོ་སླ་དབྱིངས་མཇལ་བ་ལ་རླབས་ཆེ། ཕྱིས་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པ་རྒྱ་དཔེའི་གོ་རིམ་ལྟར་སྒྲ་འགྱུར་བྱས་པས་ཚིག་སྒྲིམས་པ་ལ་གོ་དཀའ། དབྱིངས་མཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཁྱད་པར་དེ་ལྡན་གྱི་གསང་སྔགས་རྙིང་མ་དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་ཤིང་། དེ་ཐམས་ཅད་ཀྱི་བརྗོད་བྱ་རྗོད་བྱེད་སྤྱིའི་ལུས་ཀྱིས་ཕྱེ་ན། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་འདུས་པ་ལས། དེའི་དང་པོ་རྒྱུད་སྡེ་ལའང་གསུམ་སྟེ་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ། ལྷ་རྗེ་ཟུར་ཆུང་བའི་ཞལ་ནས། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་ཨ་ཏིའོ། །ཞེས་གསུངས་པའི་དགོངས་པ་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས། ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་ལ་གཙོ་བོར་བརྟེན་པ་རྒྱུད་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྩལ་དུ་རྟོགས་པས། ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་ལ་གཙོ་བོར་བརྟེན་པ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བ་རྟོགས་པས། ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བ་སྟེ། ལྟ་བ་ལ་གཙོ་བོར་བསྟེན་པའི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །སྒྱུ་འཕྲུལ་ཞི་ཁྲོ་ལ་མཚོན་ན། དེ་ལས་འདིར་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་། རྫོགས་རིམ་རླུང་གཙོ་བོར་བྱེད་པའི་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བའམ་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རིགས་དྲུག་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འོག་མིན་ཆེན་པོའི་གནས་སུ། འཆད་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལྔ་ཡང་རྣམ་པར་སྣང་བར་མཛད་ནས། རྡོ་རྗེ་གསང་བ་ལ་སོགས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཉིད་དགོངས་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པ་ནི་རྒྱལ་བ་དགོངས་བརྒྱུད་དོ། །རྒྱལ་སྲས་སེམས་དཔའི་འཁོར་གྱི་ནང་ནས་རིགས་གསུམ་མགོན་པོས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སུ་བཤད་ནས་དར་བ་དང་། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལངྐའི་ཡུལ་ཏེ་སིང་ག་ལའི་གླིང་གི་རི་བོ་མ་ལ་ཡའམ་དེང་སང་སུ་མ་ན་ཀུ་ཊའི་རི་ཞེས་གྲགས་པའི་རྩེ་མོར་གསང་བདག་གིས། དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་བཤད་པ་རྣམས་ནི་རིག་འཛིན་བརྡ་བརྒྱུད་དོ། །དེ་ནས་གང་ཟག་སྙན་བརྒྱུད་ནི། གསང་བདག་གིས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཤིང་དེའི་རྗེས་ཐོག་ཏུ་ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་རྒྱལ་པོ་ཉིད་ཀྱི་ཕོ་བྲང་གི་ཁང་ཐོག་ཏུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ཤིང་། རྒྱལ་པོ་ཛཿནས་ཀུ་ཀུ་རཱ་ཛཿ ཨིནྡྲ་བྷཱུ་ཏི། སིཾ་ཧ་རཱ་ཛཿ ཨུ་པ་རཱ་ཛཿ སྲས་མོ་གོ་མ་དེ་བཱི་རྣམས་ལས་བརྒྱུད་དེ། ཐམས་ཅད་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་རང་རང་གི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་ཆེན་པོའི་ས་ལ་མངོན་དུ་གཤེགས་པ་ཤ་སྟག་གོ། །སྲས་མོས་སྒེག་པ་རྡོ་རྗེ་དང་སློབ་དཔོན་སངས་རྒྱས་གསང་བ། དེ་གཉིས་ཀས་པཎ་ཆེན་བི་མ་ལ་མི་ཏྲ། དེས་བོད་དུ་ལོ་ཙཱ་བ་རྨ་གཉགས་གཉིས། རྨ་རིན་ཆེན་མཆོག་ནས་མཁས་པ་གཙུག་གྱེར་རྣམ་གཉིས་ལས་ཞང་དང་། གཉགས་ལོ་ཡེ་ཤེས་གཞོན་ནུས་སོག་པོ་དཔལ་ཡེ་ལ་བརྒྱུད་དེ། ཞང་དང་སོག་པོས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བསྐུར། དེ་ནས་གནུབས་ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། ཆོས་ལུང་གི་ཉང་ཁུ་དབོན་ནས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། དེའི་སློབ་མ་རྩེ་མོ་བཞི་ལས་ལྟ་སྒོམ་གྱི་རྩེ་མོར་ཟུང་ཆུང་ཤེས་རབས་གྲགས། དེའི་སློབ་མ་ཀ་བཞི་དང་གླན་ཤཱཀ་བྱང་ལས་གསང་བདག་ཆེན་པོ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནས་རིམ་པར་བརྒྱུད་དེ། ཁོ་བོ་ཅག་གི་བླ་མ་དམ་པ་བཀའ་དྲིན་མཉམ་མེད་འདི་ཞེས་བྱ་བས་བདག་རྒྱུད་དབང་གི་ཆུ་བོས་སྨིན་པར་མཛད་པ་ཡིན། བརྒྱུད་པ་དེ་ལས་བྱུང་བའི་ཆོས་དེ་ལའང་ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། དེའི་ཉམས་ལེན་གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པས་འདིར་དབང་བསྐུར་བའི་རིམ་པ་དེ་སྐབས་སུ་བབ་པ་ཡིན། དེ་ནས་སྟ་གོན་གྱི་ཚེ། དེ་ལའང་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དབང་བསྐུར་བ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས། །དཀྱིལ་འཁོར་ལ་ཡང་དབྱེ་ན། རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དུ་གསུངས་ཀྱང་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི་གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་བཤད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི། གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞི་ལས། འདིར་ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན། ནུབ་གཉིས་པ་སྟ་གོན། ཞེས་སམ། རས་བྲིས་ཡིན་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་སྟེ། དེ་ཡང་ལྷ་བུམ་སྟ་གོན་གྲུབ་ནས། ད་སློབ་མ་སྟ་གོན་གྱི་བྱ་བ་བསྒྲུབ་པ་སྐབས་སུ་བབ་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད། དབང་དངོས་གཞིའི་ཚེ། འདིར་དབང་བསྐུར་བའི་རིམ་པ་སྐབས་སུ་བབ་པ་ཡིན། ཞེས་པའི་རྗེས་སུ། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་ཐར་བའི་མྱུ་གུ་མྱུར་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་དད་པ་ཅན་རྗེས་སུ་འཛིན་པ་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ལ་ཟབ་མོའི་དབང་གསུམ་གསུངས་ཏེ། རྩ་རྒྱུད་ཐར་ལོའི་འགྱུར་ལས། དད་དང་བརྩོན་འགྲུས་བརྟུལ་ཞུགས་ལ། །ཕན་དང་ནུས་པའི་དབང་བསྐུར་བྱ། །ཤེས་རབ་དབང་བསྐུར་རིམ་པ་བཅས། བརྩེ་བས་ཆུད་མི་ཟ་བར་སྦྱིན། །ཞེས་གསུངས། དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པར་འཛིན་པ་མི་མཛད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱེད། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་ཞིང་། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས་དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས་ད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མཛོད། ཅེས་བརྗོད། དེས་མཚོན་ནས་མདོ་དབང་ལྟ་བུ་ལ། ལྟ་བ་ལ་གཙོ་བོར་བརྟེན་པ་རྫོགས་པ་ཆེན་པོ་ཨ་ཏི་གའོ། །ཞེས་པའི་བར་སྔར་ལྟར་ལས། དེ་ལས་འདིར་ལུང་ཨ་ནུ་ཡོ་ག །དེ་ལའང་ལུང་གི་མ་ཧཱའི་རྒྱུ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྟ་བུ། ལུང་གི་ལུང་རྩ་བའི་རྒྱུད་ཀུན་འདུས་རིག་པ་ལྟ་བུ། ལུང་གི་ཨ་ཏི་སེམས་ལུང་ཆེན་པོའི་མདོ་ལྟ་བུ་སྟེ། ཨ་ནུའི་ནང་གསེས་ཀྱི་བསྐྱེད་རྫོགས་གསུམ་དང་། དེ་ཐམས་ཅད་ཀྱི་སྤྱི་དེམས་དགོངས་པ་འདུས་པའི་མདོ་རྣམས་ལས། འདིར་རྩ་བཤད་ཀྱི་རྒྱུད་དེ་ཐམས་ཅད་དང་། ཆ་མཐུན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་དང་། དབང་བསྐུར་རྒྱལ་པོ་སོགས་རྒྱུད་དང་། བདེ་བ་གསལ་མཛད་ཀྱི་མན་ངག་གིས་ཇི་ལྟར་བཀྲལ་བའི་དགོངས་དོན་གཅིག་ཏུ་དྲིལ་བ་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ཡང་དབང་དོན་བསྡུས་པ་ལས། སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག །ཅེས་པས་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་སྐྱེད་པའི་དབང་དང་། རྗེས་འཇུག་གང་ཟག་གི་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུར་ཐབས་གཉིས་ལས། འདིར་ཕྱི་མ་རྗེས་འཇུག་གི་དབང་ཡིན། དེ་ལའང་། རྗེས་འཇུག་ལམ་པའི་དང་། རྗེས་འཇུག་ལས་དང་པོ་པའི་དབང་གཉིས་ལས། སྔ་མ་ལམ་པའི་དབང་ནི། དབང་དོན་རྣམ་པར་འབྱེད་པ་ལས། རྗེས་འཇུག་ལམ་པའི་དབང་སྐབས་ན། །སྐུ་ནི་རྣལ་འབྱོར་རྣམ་པ་ལྔ། །ཞེས་གསུངས་པ་ལྟར། ཚོགས་སྦྱོར་གཉིས་གཅིག་ཏུ་བསྡུས་པ་མོས་སྤྱོད་ཀྱི་ལམ་པས་དང་། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་སྟེ། ལམ་བཞི་ལ་གནས་པའི་སློབ་མ་ལ། རིམ་པར་ཆུ་བོ་བཞིའི་དབང་བསྐུར་བས། ལམ་འོག་མ་གོང་མ་ལ་སྦྱོར་བར་གསུངས་པའི་ཕྱིར། དང་པོ་གསུམ་ལམ་དབང་དང་། ཕྱི་མ་གཅིག་པོ་འབྲས་དུས་ཀྱི་དབང་དུ་འགྱུར་ཞིང་། དེ་ལས་འདི་ནི་སྨིན་བྱེད་གཙོ་ཆེ་བ་རྗེས་འཇུག་ལས་དང་པོའི་དབང་ཞེས་གྲགས་པ་དེ་ཡིན། དེ་ལའང་སྦྱངས་པས་སྣོད་དུ་གྱུར་པའི་སློབ་མ་ལ་མདོ་ཡོངས་རྫོགས་ཀྱི་ལུགས་སུ་བསྐུར་བ་དང་། རང་བཞིན་གྱི་སྣོད་དུ་གྱུར་པའི་སློབ་མ་ལ་མདོ་ཁྱད་པར་བའི་ལུགས་སུ་བསྐུར་བ་གཉིས་ལས། འདིར་དེ་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བའི་ལུགས་ཡིན། དེའང་དབང་གི་ངོ་བོ་ནི། ཞེས་པ་ནས། གཏོར་དང་བླུག་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། ཞེས་པའི་བར་སྔར་ལྟར་གྱི་རྗེས་སུ། དབྱེ་ན་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བས། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་ཤིང་། དེའང་ལྷ་མིའི་ཐེག་པ་ནས་ཡོ་གའི་བར་བྱ་སྤྱོད་སོ་སོར་བགྲངས་པའི་ཐེག་པ་བདུན་གྱི་དབང་ནོད་པས། ས་དང་པོ་འགྱུར་བ་མ་ངེས་པ་ནས། བདུན་པ་དམིགས་པ་འབྲས་བུ་སྐྱེ་བའི་བར་གྱི་ས་བདུན་ནོན་པས་ཡོ་ག་སྟེ་རྣལ་འབྱོར་དུ་འགྱུར་ལ། ནང་དབང་འབྱུང་བའི་ཆུ་བོ་ནོད་པས་ས་བརྒྱད་པ་གནས་པ་མི་གཡོ་བའི་ས་ནོན་ནས་རྣལ་འབྱོར་ཆེན་པོར་འགྱུར། སྒྲུབ་དབང་གྲགས་པའི་ཆུ་བོ་ནོད་པས་ས་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་ནས་རྗེས་སུ་རྣལ་འབྱོར་དུ་འགྱུར། གསང་དབང་རྫོགས་པའི་ཆུ་བོ་ནོད་པས་ས་བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ནོན་ནས་ཤིན་ཏུ་རྣལ་འབྱོར་དུ་འགྱུར་བར་གསུངས། ཞེས་འགྲེས་སྦྱར་ནས། དེ་ལའང་ཐོག་མར་སྤྱི་དབང་ཆེན་པོའི་གླེང་གཞི་དང་འབྲེལ་བར་སྔོན་འགྲོ་སྒོ་འབྱེད་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ཞེས་དང་། དེ་ལ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལས། ཐོག་མར་ལྷ་མིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། །ཞེས་སོགས་སྐབས་བབ་གང་ཡིན་བརྗོད་ནས། སྟ་གོན་ཡོད་མེད་དང་འཇུག་པའི་ཁྱད་པར་སོགས་སྔར་གྱི་རིགས་འགྲེས་ཁོག་ཕུབ་ནས་མ་འདྲེས་པར་འདོར་ལེན་བྱའོ། ༈ །ཡང་ཨ་ཏིའི་རྩ་དབང་ལྟ་བུ་ལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །ཞེས་པའི་བར་སྔར་ལྟར་ལས། དེ་ལྟར་བསྐྱེད་རྫོགས་རྣམ་པ་གསུམ་ལས་འདིར་མན་ངག་རྫོགས་པ་ཆེན་པོ། དེ་ཡང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་ཏེ། ཀུན་བྱེད་རྒྱལ་པོ་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །གཅིག་རྫོགས་སེམས་ཀྱི་བྱས་པ་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པ་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས། དེས་ན་མ་ཧཱ་དང་ཨ་ནུ་མན་ཆད་ཐམས་ཅད་རྩོལ་སྒྲུབ་བླང་དོར་བྱས་པས་རེ་དོགས་དྲི་མས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར། རྫོགས་ཆེན་གྱི་གོལ་སར་བཤད་དེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདོད་པས་མ་ཧཱ་སྒྲིབ། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་ག་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་པ་ཨ་ནུའི་སྒྲིབ། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་ག་གོལ་བར་བཤད། །ཅེས་གསུངས། རྒྱུ་མཚན་དེའི་ཕྱིར་ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་བ་སྟེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་བསྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ནམ་མཁའ་ཆེ་ལས་ཀྱང་། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པ་ཡིན་ནོ། །རྫོགས་པ་ཆེན་པོ་དེ་ལའང་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་པས་སེམས་སྡེ། ཀློང་སྡེ། མན་ངག་སྡེ་དང་གསུམ་ལས། འདིར་སེམས་སྡེ་སྔ་འགྱུར་ལྔ། ཕྱིི་འགྱུར་བཅུ་གསུམ་སྟེ་མ་བུ་བཅོ་བརྒྱད་ཀྱི་རྒྱུད་ཀྱི་དགོངས་པ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཐུགས་ཀྱི་ཉིང་ཁུ། སེམས་སྡེ་ཉང་ལུགས་ཨ་དོན་བཅོ་བརྒྱད་ཀྱི་རྩལ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལ་འདིར་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཀྱིས། སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ། ཞེས་སོགས་དབང་ཆོག་གི་དཀྱུས་བཞིན་ཤེས་པར་བྱའོ། ༈ །ཡང་ན་རཀ་དོང་སྤྲུགས་ལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །ཞེས་པའི་བར་སྔར་ལྟར་ལ། དེ་ལས་འདིར་བསྐྱེད་རྫོགས་རྣམ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་སྦྱོང་ལ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ། རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་རྒྱུད་དང་མན་ངག་སོ་སོའི་དགོངས་པས། གླང་པོ་ཆེ་རབ་འབོགས་ཀྱི་རྟོག་པ་གཅིག་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དྲི་མ་མེད་པ་བཤགས་པའི་རྒྱུད་ཀྱི་ལེའུ་གསུམ་པ་སློབ་དཔོན་ཆེན་པོ་པདྨའི་གདམས་ངག་གིས་བཀྲལ་བ་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པ་དང་། པདྨས་མཛད་པའི་སྒྲུབ་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་རྗེས་སུ་འབྲངས་པས་བཤགས་རྒྱུད་ཀྱི་ལེའུའི་གོ་རིམ་ལྟར་ཞི་ཁྲོ་གནས་བསྒྱུར་དང་། ཡི་གེ་བརྒྱ་པ་ཕྲིན་ལས་ཀྱི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་བསྡུས་དང་། ཞི་ཁྲོ་རང་གཞུང་ལ་དོང་སྤྲུག་གིས་ཁ་བསྐངས་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་རྣམས་ལས། འདིར་ཞི་ཁྲོ་རིགས་བསྡུས་པདྨ་བརྒྱ་ལྡན་གྱི་དཀྱིལ་འཁོར་རམ། ཞི་ཁྲོ་ཁྲོམ་དཀྲུག་གི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན། དེ་ཡང་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཇི་ལྟར་བྱུང་བའི་ཁུངས་ཀྱི་གླེང་གཞི་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པས་དེས་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་གོང་དུ་མི་བཏང་ངོ་སྙམ་དུ་བསམ་ནས་སློབ་དཔོན་ལ་ཐོ་འཚམས་ཤིང་། སློབ་དཔོན་གྱིས་ཀྱང་ཞེ་སྡང་གིས་དམོད་བོར་བའི་ལས་ཀྱིས་གཉིས་ཀ་ངན་འགྲོར་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ལས་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས། དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་ཡིག་བརྒྱའི་གསང་སྔགས་བསྟན་པས་སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་བསྐུར་བས་དགེ་བའི་གསོས་ཐེབས་ཏེ། བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པའི་རིམ་གྱིས་རིག་འཛིན་གྱི་ས་ལ་གནས་པར་གྱུར་ཏོ། །ཉམས་ཆགས་སྦྱོང་བའི་ཐབས་ཕུལ་དུ་བྱུང་བ་དེ་ཉིད་ཕྱིས་མི་ཡི་ཡུལ་དུ་ཇི་ལྟར་དར་བ་ནི། གསང་བདག་གི་མཐུས་རྒྱལ་པོ་ཛཿལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབ་པའི་ནང་ཚན། གླང་པོ་ཆེ་རབ་འབོགས་ཀྱི་ལེའུ་གསུམ་པ་ཁོལ་དུ་ཕྱུང་བ་དུམ་བུའི་རྒྱུད་ལ་སོགས་པ་རྒྱལ་པོ་ཛཿནས་ཚོམ་བུའི་རིག་འཛིན་རྣམས་ལ་བརྒྱུད་དེ། སངས་རྒྱས་གསང་བའི་མན་ངག་བི་མ་ལ། སློབ་དཔོན་ཆེན་པོ་པདྨ་ནས་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབས་ཤིང་། དེ་ནས་སོག་པོ་ལྷ་དཔལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྲུ་ལེགས་སྒྲོན། ཞུ་སྟོན་གཞོན་ནུ་སྙིང་པོ། སྲས་བསོད་ནམས་ཤཱཀྱ། ཟུར་ཆེ་ཆུང་ནས་རིམ་པར་བརྒྱུད་དེ། །དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བ་ལས། ཁོ་བོས་ལེགས་པར་ཐོབ་པ་ནི་གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་ཡིན་ལ། དེ་ལས་བྱུང་བའི་གདམས་པ་དེ་ལ། ཕྱི་ནང་གསང་བའི་བཤགས་པའི་སྒོ་ནས་ཉམས་ཆག་སྐོང་བའི་ཆོ་ག་དང་། དབང་བསྐུར་བའི་རིམ་པ་གཉིས་ལས། འདིར་དབང་བསྐུར་བའི་སྐབས་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱིས་བགྱི་འོས་དང་། ཞེས་སོགས་སྔར་ལྟར་རོ། །ཡང་གཏེར་མ་ལ་མཚོན་ན། ཁྱད་པར་དེ་ལྡན་གྱི་གསང་སྔགས་རྙིང་མ་དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ། ཞེས་པས་བར་སྔར་ལྟར་ལས། དེ་ལྟར་བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་པ་ལས། འདིར་གཏེར་མ། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་མཚམས་པར་མངོན་པར་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེང་སང་བཀའ་མ་རྣམས་དུས་དབང་གིས་རིམ་པར་ནུབ་ཅིང་འཆལ་བའི་ཚེ། ལས་འཕྲོ་སད་པའི་སྐལ་ལྡན་རྣམས་གཏེར་ཆོས་ཀྱིས་རང་དང་གཞན་གྱི་དོན་རླབས་པོ་ཆེ་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ལ་དགོངས་ནས། རྒྱུད་ལུང་མན་ངག་གི་བཅུད་ཐམས་ཅད་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་བོད་ཡུལ་གྱི་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་བར་མཛད་པའི་དགོས་པ་ནི། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་ཅན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་ལམ་ཐོབ་པོ་རྗེས་འཇུག་རྣམས། །ཞེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས། གང་འདུལ་གྱི་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ། ཐང་ཡིག་ཏུ། སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟགས་དང་བཅས་ལུང་བསྟན་པ་ལས། ཉང་གཏེར་བཀའ་བརྒྱད་ལྟ་བུ་ལ་མཚོན་ན། འདིར་ཇི་སྐད་དུ། སྲིན་མོ་སྦར་རྗེས་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་སྟོན་ནས་འབྱུང་། །མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང་། །ཞེས་ལུང་བསྟན་པ་ལྟར། འགྲན་ཟླ་དང་བྲལ་བའི་གཏེར་སྟོན་གྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྤྱན་འདྲེན་པར་མཛད་པའི་ཆོས་གཏེར་མཐའ་ཡས་པ་ཞིག་བཞུགས་པ་ལས། འདིར་སྒྲུབ་ཆེན་བདེ་གཤེགས་འདུས་པ། དེ་ལ་སྔ་འགྱུར་རྣམས་རྒྱུད་སྡེ་དང་སྒྲུབ་སྡེ་ཞེས་བཀའ་ཡི་བབས་སོ་གཉིས་སུ་འབྱེད་པ་ལས། འདི་ནི་སྒྲུབ་སྡེ་བརྒྱད་གཅིག་ཏུ་དྲིལ་ནས་སྒྲུབ་པ་རྩ་བ་ལྟ་བུར་གྱུར་པ་ཡིན། དེ་ཡང་སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་དུ་གནས་པ་ལས། དེ་སྒྲུབ་པའི་ཐབས་ཀྱི་སྒོ་ཡང་རྣམ་པ་ལྔར་འགྱུར་ཏེ། འཇམ་དཔལ་གྱི་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་བདེ་གཤེགས་སྐུའི་སྒྲུབ་པ་དང་། རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་པ་དང་། ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཡང་དག་གྲུབ་པ་གཅིག་པུ་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་རྫོགས་པར་སྟོན་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་དང་། མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་གདུག་པ་ཚར་གཅོད་པའི་ཐབས་གཙོ་བོར་སྟོན་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་སྟེ་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང་། འདས་མ་འདས་ཀྱི་སྒྲུབ་སྡེ་ཐུན་མོང་བ་མ་མོ་རྦོད་གཏོང་དང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་སྡེ་སྟེ། དེ་གསུམ་ཡང་ཡེ་ཤེས་ལྷའི་སྒྲུབ་པ་རྣམས་ཀྱི་བསྟན་པ་སྲུང་བ་ལ་དགོངས་ནས། ལས་ཀ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཡིན་ཅིང་། དེ་ཐམས་ཅད་གཅིག་ཏུ་དྲིལ་ནས་སྒྲུབ་པའི་ཐབས། འདིར་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལས། ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་སྐྱེ་བ་མེད་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུའི་རོལ་པ་ཞི་བ་དང་ཁྲོ་བོ་དཔལ་ཧེ་རུ་ཀའི་རྣམ་པར་བཞེངས་ནས། འོག་མིན་གསང་བ་མཆོག་གི་གནས་སུ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ཁྲོ་མོ་སོགས་བསམ་གྱིས་མི་ཁྱབ་པ་ལ། ཆོས་ཉིད་ཀྱི་རང་སྒྲས་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་ལ་སོགས་ཏེ་སྒྲུབ་སྡེའི་རྒྱུད་མཐའ་ཡས་པ་གསུངས། དེ་རྣམས་རིག་འཛིན་གྱི་གཙོ་བོ་གསང་བདག་རྡོ་རྗེ་ཆོས་ཀྱིས་ཐོག་མར་ངག་ཏུ་བསྡུས། དེ་ནས་པུསྟི་གླེགས་བམ་ལ་བཀོད་ཅིང་། དགོངས་འགྲེལ་དུ་ལུང་ལྔ་ཡང་མཛད་དེ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུགས་ཏེ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ནམ་ཞིག་ན་སློབ་དཔོན་བརྒྱད་ཀྱི་གཟིགས་སྣང་མཐུན་པར་ཆོ་འཕྲུལ་སྣ་ཚོགས་སྣང་བས་གནས་དེར་བྱོན་ནས་སྡེ་བརྒྱད་རྣམས་ལ་བཀའ་བསྒོས་པས། གཏེར་སྲུང་རྣམས་ཀྱིས་བྱེ་བྲག་གི་རྒྱུད་ཀྱི་སྒྲོམ་བུ་བརྒྱད་པོ་བཀའ་བབས་ཀྱི་རིག་འཛིན་བརྒྱད་སོ་སོ་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པ་སླར་གཏེར་དུ་སྦས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྤྱན་དྲངས། དེ་ལ་སློབ་དཔོན་ཆེན་པོ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དབང་ཆེན་རྟ་མགྲིན་སོགས་གང་ལ་གང་འདུལ་གྱི་རྣམ་པར་རོལ་པ་མཐའ་ཡས་པ་སྟོན་པ་ལས། ཁྱད་པར་འཛམ་བུ་གླིང་དུ་ཐུབ་པའི་དབང་པོའི་རྒྱལ་ཚབས་སུ་དྷ་ན་ཀོ་ཤའི་མཚོ་གླིང་དུ་པད་སྡོང་ལས་སྐུ་བལྟམས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་ཏེ། བཀའ་བབས་ཀྱི་གྲུབ་ཆེན་བརྒྱད་ཀྱི་མེ་ཏོག་ཚོམ་བུའི་གཙོ་བོ་སོ་སོས་བཞེས་པ་དང་མཐུན་པར་སྒྲུབ་གནས་བརྒྱད་དུ་བསྒྲུབ་ཏུ་བཏང་ཞིང་། རྗེ་འབངས་དེ་ཐམས་ཅད་ཀྱིས་གྲུབ་པ་བརྙེས། དེའི་ནང་ནས་ཀྱང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་བདེ་གཤེགས་འདུས་པའི་བཀའ་བབས་པས། རྒྱུད་ལུང་མན་ངག་ཐམས་ཅད་ལོ་ཆེན་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གིས་ལོ་ཙཱ་བྱས་ཏེ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་ནས་གསུངས། རྒྱལ་པོ་ཉིད་རང་སྐལ་བར་ལྡན་ཀྱང་སྲིད་ཀྱིས་ཡེངས་ནས་ཐུགས་ཉམས་སུ་མ་ལོན་པས། གུ་རུའི་གསུངས་བཞིན་སྐྱེ་སྲིད་ཕྱི་མ་ལ་འཕྲད་པའི་སྨོན་ལམ་བཏབ་སྟེ། བླ་དཔེ་རྣམས་བྲག་དམར་མགྲིན་བཟང་དུ་གཏེར་དུ་སྦས། དེ་ཉིད་མཁའ་འགྲོ་རྣམས་ཀྱིས་ཕྱིས་མཁོ་མཐིང་རྣམ་སྣང་གི་རྒྱབ་ཏུ་གཏེར་སྒོ་སྤོས། སླད་ཀྱིས་བསམ་ཡས་དབུ་རྩེའི་ཁོར་ས་བར་མ་ནས་ཁ་བྱང་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ཏེ་ཕུལ་བ་ལྟར། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཁོ་མཐིང་ནས་བདེ་གཤེགས་འདུས་པའི་སྐོར་རྣམས་སྤྱན་དྲངས་ཏེ། བཀའ་བབ་ཀྱི་བུ་ལྔ་དང་། ཁྱད་པར་སྲས་ཆུང་འགྲོ་བའི་མགོན་པོ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་སྨིན་གྲོལ་ལ་འགོད་པར་མཛད། དེ་ལས་བརྒྱུད་པའི་ཁྱད་པར་དུ་མ་ཞིག་པཎ་ཆེན་པདྨ་དབང་རྒྱལ་ལ་བབས་པ་ནས་རིམ་པར་བརྒྱུད་དེ། བླ་མ་དམ་པ་འདི་ཞེས་བྱ་བའི་དྲུང་དུ་ཁོ་བོས་ལེགས་པར་ཐོབ་པ་ཡིན། བརྒྱུད་པ་དེ་ལས་བྱུང་བའི་ཆོས་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། དེ་དང་རྗེས་སུ་འབྲེལ་བའི་གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབ་པ་ཡིན། དེ་ནས་སྟ་གོན་གྱི་ཚེ། དེ་ལའང་ཇི་སྐད་དུ། ཞེས་སོགས་སྒྱུ་འཕྲུལ་ཞི་ཁྲོ་སོར་བཞག་དང་། དངོས་གཞིའི་སྐབས་ཀྱང་། དབང་གི་ངོ་བོ། ངེས་ཚིག་གི་བཤད་པ་སྒྱུ་འཕྲུལ་ལྟར་བླང་རྗེས། དབྱེ་ན། ཕྱི་དབང་རྫས་ལ་བརྟེན་ནས་བསྐུར་བ་དང་། ནང་དབང་ལུས་ལ་བརྟེན་ཏེ་བསྐུར་བ་དང་། གསང་དབང་ཡུམ་ལ་བརྟེན་ཏེ་བསྐུར་བ་དང་། དེ་ཁོ་ན་ཉིད་སེམས་ལ་བརྟེན་ཏེ་བསྐུར་བ་དང་བཞི་ཡོད་ཅིང་། དེ་ཡང་དབང་བསྐུར་བ་ནི། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས། ཐོག་མར་དཀྱིལ་འཁོར་དུ་འཇུག་དགོས་ཏེ། རྩ་བར། དཀྱིལ་འཁོར་དེར་འཇུག་རྣམ་པ་གཉིས། །སློབ་དཔོན་དང་ནི་སློབ་མའོ། །ཞེས་རྡོ་རྗེ་སློབ་དཔོན་གྱི་བགྱིས་འོས་དཀྱིལ་འཁོར་བཞེངས་སྒྲུབ་བདག་ཉིད་འཇུག་པ་དང་བཅས་པ་སོང་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཞེས་སོགས་སྔར་ལྟར་རོ། །དེས་མཚོན་ནས། དང་པོ་ཆོས་དབང་། བར་པ་རྡོར་གླིང་། ཐ་མ་པད་གླིང་སྟེ་གསང་རྫོགས་ལུགས་གསུམ་དང་། བྱང་གཏེར་རང་བྱུང་རང་ཤར་སོགས་བཀའ་བརྒྱད་སྤྱི་བཀའ་རྣམས་སོ་སོའི་སྒོས་ཆོས་བསྒྱུར་ཁ་མ་གཏོགས་ཁོག་འདྲ་ཞིང་། སྒོས་བཀའ་ཡང་དག །གཤིན་རྗེའི་གཤེད། རྟ་མགྲིན། ཕུར་པ་སོགས་ལ་སྒྲུབ་སྡེའི་སྤྱི་བབས་ཀྱི་བཤད་པ་འདྲ་བ་ལ། དེའི་ནང་ནས་འདི་དང་འདི་ཞེས་ངོས་བཟུང་ཞིང་། དེ་ཡང་བཀའ་གཏེར་དག་སྣང་གི་སྡེ་གར་གཏོགས་དམིགས་ཕྱེད་པ་དང་། དེར་མ་ཟད་གཏེར་མ་བླ་རྫོགས་ཐུགས་གསུམ་སོགས་གཞན་དང་གཞན་ལ་རིགས་འགྲེས་ཤེས་དགོས་ཏེ། གཏེར་མ་རྒྱ་ཆེས་པས་ཐམས་ཅད་བརྗོད་ཡང་མི་ནུས་ཤིང་། བཤད་པའི་འཁྱོག་མཚམས་ཀྱི་བསྒྱུར་ཁ་ཡང་ཧ་ཅང་མང་ན་མགོ་འཁོར་བའི་གནས་སུ་འགྲོ་ཉན་སྣང་བས་རེ་ཞིག་དེ་ཙམ་མོ། །ཞེས་བློ་དམན་རྣམས་ལ་ཕན་པའི་ཕྱིར་ཚུལ་འདི་ལྟ་བུ་ཞིག་བརྩམ་དགོས་ཞེས་ཐངས་ལ་མཁར་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་ཀུན་བཟང་རང་གྲོལ་གྱིས་གསུང་གིས་བསྐུལ་བར་མཛད་པའི་བཀའ་མ་ཆོག་པར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུག་ལས་སུ་བསྟར་བའོ།། །།