Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།


   
  expand section
  expand section
  expand section
  collapse section
   
   
   
   
   
དབུ་ཕར་ཚད་མངོན་སོགས་གཞུང་ཆེན་འགའི་དཀའ་གནད་བཞུགས།
  expand section
   
   
   
   
   
   
  expand section
  expand section
  expand section
   
   
   
  expand section
   


 
previousདབུ་ཕར་ཚད་མངོན་སོགས་གཞུང་ཆེན་འགའི་དཀའ་གནད་བཞུགས།next

དབུ་ཕར་ཚད་མངོན་སོགས་གཞུང་ཆེན་འགའི་དཀའ་གནད་བཞུགས།

བློ་ལ་ངེས་ཕྱིར་བྲིས་པ། རང་རྒྱུད་པའི་གཞུང་ཁོ་ནར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགོངས་དོན་འཆད་དོ་ཞེ་ན། འོ་ན་མདོའི་སྦས་དོན་ཡོངས་རྫོགས་བྱམས་པས་མ་བཀྲལ་བར་འགྱུར་ཏེ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་མངོན་རྟོགས་མཐའ་དག་མ་བཀྲལ་བའི་ཕྱིར། དེར་ཐལ། རྩ་ཤེས་ནས་བཤད་པའི་སྟོང་ཉིད་ཀྱི་ཡུལ་ཅན་མཐའ་དག་མ་བཤད་པའི་ཕྱིར། གཞན་ཡང་ཡུམ་མདོའི་དངོས་བསྟན་ཆོས་ཅན། རང་རྒྱུད་པའི་ལུགས་ཁོ་ནར་ཀླུ་སྒྲུབ་ཀྱིས་བཀྲལ་རིགས་པར་ཐལ་ཏེ། སྦས་དོན་དེ་རང་རྒྱུད་པའི་ལུགས་ཁོ་ནར་བྱམས་པས་བཀྲལ་བའི་ཕྱིར། ཁྱབ་སྟེ། དངོས་བསྟན་སྟོང་ཉིད་ཁྱོད་ཡུལ་ཡིན་པ་ནི་གང་ཞིག སྦས་དོན་དེ་དེའི་ཡུལ་ཅན་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཐལ་རང་ཕྱི་མོའི་གཞུང་ཡིན་ཏེ། རྩ་ཤེས་དེ་དེ་ཡིན་པའི་ཕྱིར།

༈ ཡང་ཡུམ་དེ་སངས་རྒྱས་ཁོ་ནའི་ཡུམ་ཡིན་ན། གཅིག་གིས་བརྒྱད་བསྡུས་པར་ཐལ། སྡུད་བྱེད་དེ་རྣམ་མཁྱེན་ཁོ་ན་ཡིན་པའི་ཕྱིར། འདོད་ན་གསུམ་གྱིས་བརྒྱད་བསྡུས་པར་གསུངས་པ་འགལ་ལོ། །

༈ ཁོ་ན་རེ་བྱམས་ཆོས་བཤད་པའི་སྐབས་ན་བྱམས་པ་རང་གི་མན་ངག་ལྟར་བཤད་ཐབས་ལྔས་བཤད་དགོས་པས། ཤེར་ཕྱིན་གྱི་ལུས་ཀྱང་དེ་ལྟར་སྡེ་ཚན་དུ་བཅད་ནས་རིམ་པར་བཤད་དགོས་ཟེར་ན། ཤེས་བྱ་ཆོས་ཅན། རྒྱུད་བླ་མ་ཡང་བཤད་ཐབས་ལྔས་སྟོན་ནས་ཀྱང་ལུས་སྡེ་ཚན་དུ་ཕྱེ་ནས་བཤད་དགོས་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན་སླ།

༈ མདོའི་སྦས་དོན་ཆོས་ཅན། ཤུགས་བསྟན་དང་གཅིག་མ་ཡིན་ཏེ། ལམ་ཤེས་ཀྱི་མདོ་འཆད་པའི་སྔ་རོལ་དུ་ལྷ་རྣམས་ཀྱི་འོད་མོག་མོག་བྱས་པས་དེའི་ཤུགས་ལ་ལམ་ཤེས་ཀྱི་རྟེན་ང་རྒྱལ་མངོན་གྱུར་བཅོམ་དགོས་པ་ཞིག་མི་གོ་བ་གང་ཞིག སྦས་དོན་ལྟར་ན་དེ་རྟོགས་ནུས་པའི་ཕྱིར།

༈ སྙོམས་འཇུག་གི་སྒྲིབ་པ་ཆོས་ཅན། ཁྱོད་ཉོན་ཤེས་གཉིས་མ་ཡིན་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་མི་གཅོད་པའི་ཕྱིར། ཁོ་ན་རེ་རྟགས་མ་གྲུབ་སྟེ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་དེ་སྤངས་དགོས་པའི་ཕྱིར་ཞེ་ན། འོ་ན་ཉོན་སྒྲིབ་ཆོས་ཅན། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་ཐལ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་དེ་སྤངས་དགོས་པས་ཁྱབ་པའི་ཕྱིར། འདོད་ན་ཉོན་སྒྲིབ་ཤེས་སྒྲིབ་ཏུ་ཐལ། མཚན་ཉིད་དེ་ཡོད་པའི་ཕྱིར། འཁོར་གསུམ། རྒྱུ་མཚན་དེས་ན་ཉོན་ཤེས་གཉིས་བདག་མེད་གཉིས་རྟོགས་ཀྱི་ལྷག་མཐོང་ལ་རིམ་བཞིན་བར་དུ་གཅོད་ལ། སྙོམས་འཇུག་གི་སྒྲིབ་པ་ནི་ཞི་གནས་ལ་བར་དུ་གཅོད་དོ། །དགེ་ཕྱོགས་ལྟར་ན་ཡང་། སྙོམས་འཇུག་གི་སྒྲིབ་པ་ཤེས་སྒྲིབ་ཏུ་འདོད་ན། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱིས་ཚོགས་མཐའ་ཡས་པ་བསགས་པར་ཐལ། ཤེས་སྒྲིབ་སྤངས་པའི་ཕྱིར་ཏེ། དེས་སྙོམས་འཇུག་གི་སྒྲིབ་པ་སྤངས་པ་གང་ཞིག དེ་ཤེས་སྒྲིབ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་མ་གྲུབ་ན་རང་གི་ཁས་ལེན་ལ་ལྟོས། འདོད་ན་རང་གི་གྲུབ་མཐའ་ལ་ལྟོས། མ་ཁྱབ་ན་རང་ལུགས་ཀྱི་སྒྲིབ་པའི་གྲངས་ངེས་ལ་ལྟོས།

༈ སྨོན་འཇུག་གི་ཁྱད་པར་ཆོ་གའི་སྒོ་ནས་ཕྱེ་མི་རུང་སྟེ། སྨོན་སེམས་ཡང་འཇུག་པར་ཐལ་བའི་ཕྱིར། རྟགས་གྲུབ་སྟེ། ཇི་ལྟར་སྔོན་གྱི་སོགས་ཀྱི་སྐབས་སྨོན་སེམས་དང་འཇུག་པ་གཉིས་ཀ་ལེན་པ་ཡིན་པ་གང་ཞིག སྨོན་སེམས་ཀྱང་ཆོ་གས་ཟིན་པའི་ཕྱིར། ལུས་ངག་གི་བྱ་བས་ཟིན་མ་ཟིན་པའི་སྒོ་ནས་ཀྱང་སྨོན་འཇུག་གི་ཁྱད་པར་དབྱེ་མི་རུང་སྟེ། སྨོན་སེམས་ཆོ་གས་ལེན་པའི་ཚེ་བྱ་བས་ཟིན་པ་ཡིན་པའི་ཕྱིར། དེས་ན་དམ་བཅའ་བའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་དབྱེ་བ་ཡིན་ནོ། །

༈ ཉན་ཐོས་མང་བཀུར་སྡེ་བས་འདོད་པའི་བདག་ཕུང་གཅིག་འཛིན་དེ་ཆོས་ཅན། བཏགས་འཛིན་རྟོག་པ་དང་ཀུན་བརྟགས་ཡིན་ཏེ། དེ་ཐར་ལམ་ཡང་དག་ལ་ཞུགས་པའི་གང་ཟག་ཡིན་པ་གང་ཞིག དེ་འདྲའི་བདག་ལྟའི་དམིགས་པ་དེ་དཔྱད་ནས་བཞག་པ་ཡིན་པའི་ཕྱིར། ཕྱི་མ་སླ། སྔ་མ་གྲུབ་སྟེ། ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་བསྟན་པ་རྣམ་དག་ཏུ་མདོ་ལས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བཏགས་འཛིན་མངོན་གྱུར་དུ་ཐལ། དངོས་སུ་རྟོག་པས་དཔྱད་ནས་བཞག་པའི་ཕྱིར། འདོད་ན། སོ་སྐྱེ་ལ་བཏགས་འཛིན་མངོན་གྱུར་ཡོད་པར་ཐལ་ལོ། །དེས་ན་སོ་སྐྱེ་ལ་བཏགས་འཛིན་རྟོག་པ་མངོན་གྱུར་ཡོད་མོད། འོན་ཀྱང་ཤེར་ཕྱིན་གྱི་སྐབས་འདིར་བཏགས་འཛིན་མངོན་གྱུར་སོ་སྐྱེ་ལ་མི་འདོད་དེ། དེ་འཇོག་བྱེད་མེད་པའི་ཕྱིར། གྲུབ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པའི་ཕྱིར།

༈ དབུ་མའི་ལུགས་ལ་སྙོམས་འཇུག་གི་སྒྲིབ་པ་ཆོས་ཅན། ཉོན་ཤེས་ཀྱི་སྒྲིབ་པ་མིན་པར་ཐལ། ཁྱོད་སྤངས་པ་ལ་བདག་མེད་གཉིས་བསྒོམ་མི་དགོས་པའི་ཕྱིར། ཁྱབ་སྟེ། ཟླ་བས། བདག་མེད་འདི་ནི་འགྲོ་བ་སོགས་ཞེས་གསུངས་པའི་ཕྱིར།

༈ སྡུད་པ་ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་བགྲངས་པ་མི་འཐད་དེ། ཁྲི་བརྒྱད་སྟོང་པའི་ལེའུ་ཞིག་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཁྱོད་ལོགས་སུ་བགྲངས་པ་ལ་དགོས་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱིས་མངོན་རྟོགས་བརྒྱད་པོ་ཚང་བར་གོ་རིམ་བཞིན་སྟོན་པའི་ཕྱིར། མ་ཁྱབ་ན། འབུམ་ལས་ཉི་ཁྲི་ལོགས་སུ་བགྲང་བ་མི་རིགས་པར་ཐལ། མ་ཁྱབ་པའི་ཕྱིར།

༈ གང་ཟག་རྫས་འཛིན་གྱི་ནང་ཚན་ཡུལ་ལ་ལོངས་སྤྱོད་པ་པོར་འཛིན་པ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། འཁོར་གསུམ་དུ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཞེ་ན། འཇུག་པའི་ནང༌། ཟ་བོ་རྟག་དངོས་སོགས་ཀྱི་གཞུང་དེ་ཤེས་སྒྲིབ་བམ་ཆོས་བདག་སྟོན་བྱེད་ཡིན་པར་ཐལ། ཡུལ་ལ་ལོངས་སྤྱོད་པ་པོ་བསྟན་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས་སོགས་བསྒྲེ།

༈ སྤྱོད་འཇུག་ཤེར་ལེའུ་དང་འཇུག་པའི་ས་བཅུ་གཅིག་པའི་སྐབས་ཀྱི་མཐར་ཐུག་ཐེག་གཅིག་ཏུ་བསྒྲུབ་པ་ལ་དགོངས་གནད་གཅིག་ཡིན་ཏེ། སྔ་མར་སྲེད་འདི་ཉོན་མོངས་སོགས་ཀྱིས་སྤངས་པ་མཐར་ཐུག་རྫོགས་དགོས་པར་བསྟན་པའི་སྒོ་ནས་དང༌། ཕྱི་མར་གང་ཕྱིར་འདི་ན་དེ་ཉིད་སོགས་ཀྱིས་རྟོགས་པ་མཐར་ཐུག་རྫོགས་པའི་སྒོ་ནས་ཐེག་གཅིག་ཏུ་བསྒྲུབ་པའི་ཕྱིར།

༈ ཡང་མ་དག་ས་བདུན་དུ་གཙོ་བོར་ཉོན་སྒྲིབ་ཀྱི་ས་བོན་གྱིས་བསྡུས་པའི་སྡུག་ཀུན་བརྩི་རུང་སྟེ། དེས་ཉོན་མོངས་པའི་བག་ཆགས་མཐའ་དག་མ་སྤངས་པའི་ཕྱིར། དག་ས་གསུམ་དུ་ཤེས་སྒྲིབ་ཀྱིས་བསྡུས་པའི་སྡུག་ཀུན་བརྩི་རུང་སྟེ། དེ་ལ་མ་རིག་བག་ཆགས་ཀྱི་ས་སོགས་བཞི་ཡོད་པའི་ཕྱིར། མངོན་མཛོད་ཀྱི་ལུགས་ལ་མཐོང་ལམ་ལ། རྗེས་ཐོབ་མེད་དེ། བཟོད་ཤེས་སྐད་ཅིག་བཅུ་དྲུག་རིམ་བཞིན་བར་མ་ཆད་དུ་འབྱུང་བ་གང་ཞིག སྐད་ཅིག་བཅུ་དྲུག་པ་ཁོ་སྒོམ་ལམ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ལུགས་ལ་མཐོང་ལམ་ལ་རྗེས་ཐོབ་ཡོད་དེ། མཐོང་ལམ་མཉམ་བཞག་ལས་ལྡང་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་བསྒོམ་པ་ཡོད་པའི་ཕྱིར། གྲུབ་སྟེ། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཅེས་གསུངས་པའི་ཕྱིར། མ་ཁྱབ་ན། སྒོམ་ལམ་ལ་ས་དགུར་གྲངས་མི་ངེས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། མ་ཁྱབ་ན། མཐོང་ལམ་མཉམ་བཞག་ལས་ལྡང་ནས་རྟེན་འབྲེལ་བསྒོམ་པ་དེ་ཆོས་ཅན། སྒོམ་ལམ་གྱི་ས་གཉིས་པའི་མཉམ་རྗེས་གང་རུང་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ས་གཉིས་པའི་མཉམ་བཞག་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་མིན་པ་གང་ཞིག དེའི་རྗེས་ལ་ཐོབ་པའི་ཏིང་འཛིན་ཡང་མིན་པའི་ཕྱིར། རྟགས་སྔ་མ་ལ་དོགས་པ་མེད་ཀྱང༌། ཕྱི་མ་ཡང་གྲུབ་སྟེ། ས་དེའི་རྗེས་ཐོབ་ཡིན་ན་ས་དེའི་མཉམ་བཞག་གི་རྗེས་སུ་འབྱུང་བས་ཁྱབ་པའི་ཕྱིར། མ་གྲུབ་ན། ས་དང་པོའི་རྗེས་ཐོབ་ཆོས་ཅན། སྦྱོར་ལམ་ན་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འཁོར་གསུམ། དེས་ན་མཐོང་ལམ་ལ་རྗེས་ཐོབ་ཡོད་པ་ཡིན་ལ་དེ་ཡང་ས་གཉིས་པའི་སྦྱོར་བ་ཡིན་ནོ། །དེ་ལ་ཁོ་ན་རེ། འོ་ན་དེ་སྒོམ་ལམ་ཡིན་པར་ཐལ། ས་གཉིས་པའི་སྦྱོར་བ་ཡིན་པའི་ཕྱིར་ཞེ་ན། སྦྱོར་ལམ་ཆོས་ཅན། མཐོང་ལམ་ཡིན་པར་ཐལ། མཐོང་ལམ་གྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་འགྲིགས།

༈ འཇུག་པའི་ས་དྲུག་པའི་སྐབས་ཆོས་ཅན། རང་ངོར་ཁས་ལེན་མེད་པའི་སྐབས་འབའ་ཞིག་ཡིན་པས་མ་ཁྱབ་པར་ཐལ། ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་རྣམ་བཞག་འཐད་པར་བསྟན་པའི་ཕྱིར་ཞེ་ན། འཇུག་པའི་ས་དྲུག་པའི་སྐབས་ན་ཆོས་ཅན། བདག་སྐྱེ་ཁས་ལེན་པར་ཐལ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གི་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད། །ཅེས་གསུངས་པ་གང་ཞིག་ཀུན་རྫོབ་འཇིག་རྟེན་གྱི་རྗེས་སུ་འབྲངས་པར་དཔལ་ལྡན་ཟླ་བ་རང་གིས་གསུངས་པའི་ཕྱིར། མ་ཁྱབ་ན་སྔ་མ་ལ་ཡང་མ་ཁྱབ། དེས་ན་འཇུག་པ་སོགས་ཀྱི་དེ་སྐབས་ཀུན་གཞི་སོགས་ལ་གནོད་པ་སྟོན་པའི་ཆེད་དུ་གསུངས་པ་ཡིན་གྱི་རང་གིས་ཁས་བླངས་ནས་འདོད་ཟེར་བ་མིན་ནོ། །

༈ ཡང་ཁོ་ན་རེ། ཐེག་དམན་གྱི་རྟོགས་རིགས་ཡིན་ན་རིང་བའི་གཞི་ཤེས་ཡིན་པས་ཁྱབ་ཅེ་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཆོས་ཅན། ཁྱོད་ཡིན་ན་ཉེ་བའི་གཞི་ཤེས་ཡིན་པས་མ་ཁྱབ་པར་ཐལ། ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བ་ཡིན་པའི་ཕྱིར། མ་ཁྱབ་ན་རང་གི་དམ་བཅའ་ལ་ལྟོས། མ་གྲུབ་ན་མངོན་རྟོགས་རྒྱན་ལ་གཟིགས། འདོད་ན། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པའི་གཞུང་འདི་སུབས་ཤིག དེས་ན་ཐེག་དམན་རང་རྒྱུད་པའི་མངོན་རྟོགས་ཡིན་ན་རིང་བའི་གཞི་ཤེས་ཡིན་པས་ཁྱབ་མོད། ཐེག་དམན་གྱི་རྟོགས་རིགས་ལ་དེས་མ་ཁྱབ་སྟེ། གཞི་ཤེས་ཀྱི་མཐོང་ལམ་གྱི་དངོས་སུ་ཐེག་པ་གསུམ་གྱི་རྟོགས་རིགས་འདུས་པའི་མཐོང་ལམ་བསྟན་པའི་ཕྱིར། དེས་ན་གཞི་ཤེས་ཀྱི་སྐབས་མཐོང་ལམ་གྱིས་དངོས་བསྟན་ནི་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་བྱང་སེམས་ཀྱི་མཐོང་ལམ་བསྟན་ན། །ཤུགས་ལ་ཉན་ཐོས་རང་རྒྱུད་པའི་མཐོང་ལམ་བསྟན་ནོ། །

༈ ཤེར་ཕྱིན་མཚན་ཉིད་སྐབས། མཁྱེན་གསུམ་གྱི་སྦྱོར་བ་ཡིན་ན། ཤེས་ཁྱད་བྱེད་པའི་མཚན་ཉིད་དེ་ལྡན་པས་ཁྱབ་སྨྲས་པ་ལ། ཁོ་ན་རེ། མཐོང་ལམ་མཉམ་བཞག་གི་ངོ་བོ་གཞི་ཤེས་ཟབ་པའི་སྦྱོར་བ་དེ་ཆོས་ཅན། ཁྱོད་ལ་ཁྱོད་ཀྱི་བྱེད་མཚན་རིགས་ཅན་གསུམ་རང་ལམ་ལ་འགོད་པ་དེ་མེད་པར་ཐལ། ཁྱོད་སློབ་པའི་མཉམ་བཞག་སྣང་མེད་ཡིན་པའི་ཕྱིར་ཞེ་ན། ཚང་མང་གི་ཀ་བ་འདི་ཆོས་ཅན། ཤིང་མ་ཡིན་པར་ཐལ། ཁྱོད་ལ་ཡལ་ག་ལོ་འདབ་དེ་མེད་པའི་ཕྱིར། ཁྱབ་པ་འགྲིགས། དེས་ན་དེ་དང་དེའི་རིགས་སུ་གནས་པས་ཆོག་གོ །སྐབས་དང་པོར་བསྟན་པའི་རྟོག་པ་བཞི་ཆོས་ཅན། ཁྱོད་ཡིན་ན་སྒྲུབ་རྟོག་འབའ་ཞིག་ཡིན་པས་ཁྱབ་སྟེ། ཆོས་སུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་གཉིས་བློས་གང་དུ་བཟུང་ཡང་མཐའ་བཞི་ཡོད་པར་རྟོག་པའི་ཞེན་བློ་ཡིན་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། ཕྱིར་རྒོལ་བས་བུམ་མེད་འཛིན་པའི་བློ་དེ་ཆོས་ཅན་ཟེར། མ་གྲུབ་སྟེ། བུམ་པ་མེད་པ་མེད་པར་རྟོགས་པའི་བློ་མ་ཡིན་པ་གང་ཞིག བུམ་མེད་ཡིན་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཡང་སྐབས་དང་པོའི་ཀུན་ཉོན་གཟུང་རྟོག་ཏུ། སྐབས་ལྔ་བའི་ལྡོག་པ་གཟུང་རྟོག་འདུས་བྱས་པ་ལ། ཁོ་ན་རེ། ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་ཆོས་ཅན། ཀུན་ཉོན་ཡིན་པར་ཐལ། སྐབས་དང་པོའི་ཀུན་ཉོན་གཟུང་རྟོག་གི་ནང་དུ་འདུས་པའི་ཕྱིར་ཞེ་ན། སྤྱོད་འཇུག་སྡིག་བཤགས་ལེའུའི་མཆོད་པ་འབུལ་བའི་ཡན་ལག་དེ་ཆོས་ཅན། སྡིག་པ་བཤགས་པའི་ཡན་ལག་ཡིན་པར་ཐལ། སྡིག་པ་བཤགས་པའི་ལེའུའི་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་པ་འགྲིགས། བར་ཆད་མེད་རྩེ་ཆོས་ཅན། ཁྱོད་དང་སངས་རྒྱས་ཀྱི་ཡེ་ཤེས་གཉིས་སྒྲིབ་པ་ལས་གྲོལ་ཟིན་མ་ཟིན་ཙམ་ལས་ངོ་བོ་ལ་བཟང་ངན་མེད་དེ། དཔེར་ན་ས་གཉིས་པའི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་བཞིན་ནོ། །

༈ རྡོར་ཏིང་ཆོས་ཅན། ཁྱོད་སློབ་ལམ་ཡིན་པར་ཐལ། ཁྱོད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཞེས་སྨྲས་པ་ལ། རྡོར་ཏིང་ཆོས་ཅན། ཁྱོད་སློབ་ལམ་མིན་པར་ཐལ། སློབ་ལམ་ཡིན་ན་ཚོགས་སྦྱོར་མཐོང་སྒོམ་བཞིར་གྲངས་ངེས་པ་གང་ཞིག དེ་བཞི་པོ་གང་ཡང་མིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། སྒོམ་ལམ་ཆོས་ཅན། སྐོར་དགུར་གྲངས་མི་ངེས་པར་ཐལ། རྡོར་ཏིང་དེ་ཡིན་པའི་ཕྱིར། མ་ཁྱབ་ན། རྡོར་ཏིང་ཆོས་ཅན། སྒོམ་སྤང་སྐོར་དགུའི་གང་རུང་གི་གཉེན་པོ་བར་ཆད་མེད་ལམ་ཡིན་པར་ཐལ། ཁྱོད་བར་ཆད་མེད་ལམ་ཡིན་པ་གང་ཞིག སྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། སྒོམ་ལམ་སྐོར་བཅུར་ཐལ་ལོ། །ཡང་བར་ཆད་མེད་རྩེ་ཆོས་ཅན། མི་སློབ་ལམ་ཡིན་པར་ཐལ། མི་སློབ་ལམ་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། མ་ཁྱབ་ན། མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཐོང་ལམ་ཡིན་པས་མ་ཁྱབ་པར་ཐལ། ལམ་དེའི་བར་ཆད་མེད་ལམ་ཡིན་ན་ལམ་དེས་བསྡུས་པས་མ་ཁྱབ་པའི་ཕྱིར། ཡང་ཁོ་ན་རེ། རྡོར་ཏིང་དེ་སྤང་བྱ་ལས་རྒྱལ་ཟིན་པ་མིན་པའི་ཕྱིར། མི་སློབ་ལམ་མིན་ཞེ་ན། མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཐོང་ལམ་མིན་པར་ཐལ། སྤང་བྱ་ལས་རྒྱལ་ཟིན་པ་མིན་པའི་ཕྱིར། ཁྱབ་པ་འགྲིགས། ཡང་ཁོ་ན་རེ། ས་བཅུ་པའི་སྤང་བྱ་ལ་ཕྲ་རགས་གཉིས་ཀྱི་ཕྲ་བ་དེ་རྡོར་ཏིང་གི་གཞོམ་བྱ་ཡིན་ཟེར་ན། དེ་འདྲའི་ཕྲ་བ་དེ་ཆོས་ཅན། ཁྱོད་ས་བཅུ་པའི་སྤང་བྱ་ཕྲ་མོ་ཞིག་ཡིན་པར་ཐལ། སྒོམ་སྤང་སྐོར་དགུར་ཕྱེ་བའི་ས་བཅུ་བའི་སྤང་བྱ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། ཉོན་ཅིག དེ་འདྲའི་སྤང་བྱ་རྡོར་ཏིང་གི་གཞོམ་བྱའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་ས་བཅུ་པའི་རྣམ་གྲོལ་ལམ་ཡིན་པར་ཐལ། ས་བཅུ་པའི་སྤང་བྱ་ཕྲ་མོ་བཅོམ་པའི་བར་ཆད་མེད་ལམ་གྱི་རྗེས་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཡང་ན་སངས་རྒྱས་ཀྱི་ས་ཆོས་ཅན། ས་བཅུ་པའི་རྣམ་གྲོལ་ལམ་ཡིན་པར་ཐལ། ས་བཅུ་པའི་སྤང་བྱ་ཕྲ་མོ་ཞིག་བཅོམ་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། རྟགས་ཁྱེད་ཀྱིས་བྱས། ཁྱབ་པ་རྒྱ་བོད་ཀྱི་མཁས་པ་ཀུན་གྱིས་བྱས། འདོད་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། བར་ཆད་མེད་རྩེ་མི་སློབ་ལམ་ཡིན་ན་སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཡོད་པར་ཐལ་ཟེར་ན། ཤེས་བྱ་ཆོས་ཅན། མཐོང་ལམ་ན་མཐོང་སྤང་ཡོད་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་དེ་མཐོང་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེས་ན་རྡོར་ཏིང་གི་རྗེས་མཉམ་བཞག་ལས་སླར་ལྡང་བ་མེད་པས་ན་མི་སློབ་ལམ་དུ་བསྡུས་ཀྱང་རུང༌། འོན་ཀྱང་སྐབས་ཐོབ་ཀྱི་གོ་བའི་དབང་དུ་སློབ་ལམ་དུ་བསྡུས་ཀྱང་བདེ།

༈ སྤང་བྱ་གཞི་ཤེས་ཡིན་ན་མཆོད་ཡུམ་མ་ཡིན་ཏེ། ཁྱོད་ལམ་གྱི་མངོན་རྟོགས་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཡིན་ན་བདག་འཛིན་གཉིས་གང་རུང་ཡིན་པས་ཁྱབ་པའི་ཕྱིར། ཁོ་ན་རེ། ཉན་ཐོས་ཀྱི་མངོན་རྟོགས་ཆོས་ཅན། མཆོད་ཡུམ་མ་ཡིན་པར་ཐལ། སྤང་བྱ་གཞི་ཤེས་ཡིན་ན་མཆོད་ཡུམ་མ་ཡིན་པ་གང་ཞིག རིང་བའི་གཞི་ཤེས་ཡང་མཆོད་ཡུམ་མིན་པའི་ཕྱིར་ཟེར། རྟགས་ཟུར་ཕྱི་མ་མ་གྲུབ། ཁོ་ན་རེ། མཚན་འཛིན་ཆོས་ཅན། མཆོད་ཡུམ་ཡིན་པར་ཐལ། མ་གྲུབ་པའི་ཕྱིར་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་མཉམ་བཞག་གི་ངོ་བོ་ཆོས་ཅན། མཚན་འཛིན་ཡིན་པར་ཐལ། སྦྱོར་ངག་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། སྣང་མེད་རྣལ་མངོན་མིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ་མཚན་མར་བཟུང་བ་དེ་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར། དེས་ན་རིང་བའི་གཞི་ཤེས་དེ་མཚན་འཛིན་གྱིས་བསླད་པར་གསུངས་པ་དེ་ཐེག་དམན་པའི་མཉམ་བཞག་ལྟ་བུའི་སྐབས། མཚན་འཛིན་གཉེན་པོས་མ་སྤངས་པ་ཙམ་དང༌། མཉམ་བཞག་དེ་ལས་ལྡང་ཡང་མཚན་མེད་ཀྱི་ངེས་པ་འདྲེན་མི་ནུས་པའི་ཆ་ནས་གསུངས་ཀྱི་དངོས་སུ་མཚན་འཛིན་ཡོད་པ་མི་སྲིད་དོ། །དེས་ན་རིང་བའི་གཞི་ཤེས་མཆོད་ཡུམ་ཡིན་ནོ། །གཞན་ཡང་དེ་བདག་ཡོད་དུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་ན། གཉེན་པོ་གཞི་ཤེས་སུ་ཡང་བསྡུ་རུང་ངོ༌། །

༈ བེམ་པོ་རགས་པ་རྣམས་ཆོས་ཅན། རེ་རེ་ནས་རྩོམ་གཞིའི་རྡུལ་རིགས་མི་འདྲ་བ་ཡོད་དེ། རགས་པ་རྣམས་རིགས་མི་འདྲ་བའི་ཕྱིར། དེས་ན་གཟུགས་ལྟ་བུ་ལ་དེས་བསྡུས་པའི་རྡུལ་རྫས་བརྒྱད་ཀྱི་སྒོ་ནས་རྩོམ་པ་ཡིན་ནོ། །ཁོ་ན་རེ། འོ་ན་གཟུགས་དེས་བསྡུས་པའི་རྡུལ་ཕྲན་བརྒྱད་པོ་ཆོས་ཅན། རེ་རེ་ནས་གཟུགས་ཀྱི་མཚན་ཉིད་ཡོད་པར་ཐལ། མཚོན་བྱ་དེས་བསྡུས་པའི་ཕྱིར་ཟེར་ན། བུམ་པའི་ཁ་ཁྱེར་སོགས་ཆོས་ཅན། རེ་རེ་ནས་བུམ་པའི་མཚན་ཉིད་ཡོད་པར་ཐལ། མཚོན་བྱ་དེས་བསྡུས་པའི་ཕྱིར། ཁྱབ་པ་འགྲིགས། ཡང་ཁོ་ན་རེ། བུམ་གཟུགས་ཆོས་ཅན། ཁྱོད་ལ་འབྱུང་བཞིའི་རྡུལ་མེད་པར་ཐལ། ཁྱོད་ཀྱི་རྩོམ་གཞི་ཡིན་ན་ཁྱོད་ཀྱིས་བསྡུས་པའི་ཕྱིར་ཟེར། དམར་འབར་བའི་མེ་ཆོས་ཅན། ཁྱོད་ལ་འབྱུང་བཞི་མེད་པར་ཐལ། སྔོ་ཞིང་འབབ་པའི་ཆུ་ཁྱོད་ལ་མེད་པའི་ཕྱིར། ཁྱབ་པ་འགྲིགས།

༈ ལེགས་ལྡན་འབྱེད་དང༌། ཟླ་གྲགས་གཉིས་ཀྱི་ལུགས་ལ། ཉན་ཐོས་ཀྱི་རགས་འཛིན་དོར་བ་དང་ཆ་མེད་དུ་འཛིན་པ་མ་དོར་ན། དེ་སྐབས་རྩོད་དོན་མེད་ཟེར་ན། དོན་སྒྲུབ་ལ་ཟེར་ན་འདོད་ཀྱང༌། ལེགས་ལྡན་གྱི་དེ་འདྲའི་རགས་འཛིན་དོར་བ་ལ། ཆོས་བདག་མེད་རྟོགས་པའི་ཐ་སྙད་མི་སྦྱར་བས་ཟླ་བས་དེ་ལ་རྩོད་པ་ཡིན་ནོ། །ཁོ་ན་རེ། ཐ་སྙད་ཙམ་ལ་རྩོད་པ་དོན་མེད་པ་ཡིན་ཟེར་ན། འོ་ན་ཐ་སྙད་སྒྲུབ་ཐམས་ཅད་དོན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་ཐམས་ཅད་དེར་ཐལ་ལོ། །འཁོར་གསུམ།

༈ སེལ་བའི་སྐབས་ཁོ་ན་རེ། རྫས་དང་དངོས་པོ་དོན་གཅིག བཏགས་ཡོད་ཡིན་ན་དངོས་མེད་ཡིན་པས་ཁྱབ་ཟེར། ཕུང་པོ་ལྔ་པོ་ཆོས་ཅན། ཁྱོད་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་པར་ཐལ། ལྡན་མིན་འདུ་བྱེད་དེ་ཕུང་པོ་ཡིན་པ་གང་ཞིག བཏགས་ཡོད་ཡིན་པའི་ཕྱིར། རྟགས་ཁྱབ་ཚད་མས་གྲུབ། འདོད་ན། དཔེ་ཆ་དང་འགལ། མ་གྲུབ་ན་འཁོར་གསུམ། འཁོར་བ་ཡིན་པར་ཐལ། དཔལ་ལྡན་ཟླ་བས། དངོས་པོ་སྒྲས་ནི་མདོར་བསྡུ་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །ཞེས་དང༌། གཞན་ཡང་དབུ་ཚད་ཀྱི་གཞུང་རྣམས་ལས་དེ་ལྟར་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན་དམ་བཅའ་བུད། ཡང་འདུས་བྱས་སྟོང་པ་ཉིད་ཆོས་ཅན། ཁྱོད་ཀྱི་སྟོང་གཞི་ཡིན་ན་འདུས་བྱས་ཁོ་ན་ཡིན་པས་མ་ཁྱབ་པར་ཐལ། དངོས་པོ་སྟོང་པ་ཉིད་ཀྱི་སྟོང་གཞི་ཡིན་ན་དངོས་པོ་ཡིན་པའི་མ་ཁྱབ་པའི་ཕྱིར། འདོད་ན། སྟོང་ཉིད་ཉི་ཤུ་དེ་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་དབྱེ་བ་མ་ཡིན་པར་ཐལ་ལོ། །གཞན་ཡང་སྐྱོན་མང་ངོ༌། །དེས་ན་རྫས་དང་དངོས་པོ་དོན་མི་གཅིག་པ་ཡོད་དེ། ལྡན་མིན་འདུ་བྱེད་རྣམས་དངོས་པོ་ཡིན་ཀྱང་རྫས་མིན་ནོ། །བཏགས་ཡོད་ཡིན་ན་དངོས་མེད་ཡིན་པས་མ་ཁྱབ་སྟེ། ལྡན་མིན་འདུ་བྱེད་རྣམས་བཏགས་ཡོད་ཡིན་ཀྱང་དངོས་པོ་ཡང་ཡིན་པས་སོ། །བཏགས་ཡོད་དངོས་མེད་ནི་དོན་སེལ་ལྟ་བུའོ། །ཁོ་ན་རེ། ལྡན་མིན་འདུ་བྱེད་རྣམས་དངོས་པོ་མིན་ཏེ། མངོན་སུམ་རྟོགས་བྱེད་ཀྱི་བློ་མེད་པའི་ཕྱིར་ཟེར་ན། བདེན་བཞིའི་མཚན་ཉིད་མཐོང་བའི་རྣལ་མངོན་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། གྲགས་རུང་གཏན་མི་སྲིད་པར་ཐལ། ཤིང་སེལ་ཤིང་ཁོ་ནའི་སྟེང་ན་ཡོད་པའི་ཕྱིར་ཟེར་ན། དེ་ལ་འདི་སྨྲ་སྟེ། ཡལ་ག་ལོ་འདབ་དང་ལྡན་པ་དེ་རང་མིན་ལས་ལྡོག་པའི་ངོ་བོར་གནས་པ་ལ། སྒྲའི་དངོས་ཡུལ་སེལ་བ་དེ་ཡིན་པས་བརྡ་འདོགས་མཁན་པོས་དང་པོ་བརྡ་འདོགས་ཚེ་བུམ་པ་ཞེས་བརྗོད་ན་ཕྱིས་སུ་བུམ་མིན་ལས་ལྡོག་ཟེར་ཚེ། ཡལ་ག་ལོ་འདབ་དང་ལྡན་པ་མིན་པ་དེ་རྒྱུ་མཚན་དུ་འགྲོའོ། །འོན་ཀྱང་ཐོག་མར་བརྡ་འདོགས་ཚེ་སེལ་བ་དེ་ལ་ཤིང་ཞེས་བརྗོད་པ་བློ་ངོར་འདྲིས་འབྲེལ་དུ་སོང་བས་ཕྱིས་བུམ་པ་ཞེས་བརྗོད་ན་གྲགས་བསལ་འབབ་བོ། །སེལ་བ་དོན་ལ་ཡོད་ཀྱང་སྒྲའི་དངོས་ཡུལ་དེ་ཡིན་ན་སྒྲ་རྣམས་དངོས་དབང་གིས་བཞག་པར་ཐལ་ཟེར་ན། སེལ་བ་དངོས་པོ་མིན་པས་སྐྱོན་དེ་ག་ལ་འཇུག དེས་ན་ལྡོག་པ་བློ་ཆོས་ཡིན་པས་མ་ཁྱབ་ལ། རྫས་ཆོས་རྫས་ཡིན་པས་མ་ཁྱབ་བོ། །

༈ ཡང་མདོ་སྡེ་པ་རང་གི་ལུགས་ལ། གཟུགས་ཀྱི་རང་མཚན་དེ་མིག་ཤེས་ཀྱིས་གཞལ་བྱ་དངོས་པོ་དང༌། མངོན་སུམ་མཚན་ཉིད་པ་ཡིན་པར་སྐྱེས་འདྲ་ངེས་པའི་རིགས་པས་བསྒྲུབ་བོ། །

༈ དབུ་མ་རྒྱན་གྱི་འགྲེལ་བ་ལྡེབ་༤༠སྲིབ་ན། དེས་ན་དབུ་མའི་མཐར་ཐུག་མཉམ་བཞག་ཡེ་ཤེས་དང་མཐུན་པ་ཐལ་འགྱུར་བའི་ལུགས་ལྟར་ངེས་ཀྱང༌། དེའི་རྗེས་ཐོབ་བདེན་གཉིས་ཚད་མའི་གནས་ཚུལ་རང་རྒྱུད་པའི་ལུགས་དེ་ཡིན་པས་ཞེས་གསུངས་པ་ལ་བརྟེན་ནས། ཐལ་འགྱུར་རང་རྒྱུད་པའི་གྲལ་དུ་ཞབས་འདྲེན་བྱེད་པ་ཁ་ཅིག་ན་རེ། ཐལ་འགྱུར་བའི་རྗེས་ཐོབ་ཐ་སྙད་ཀྱི་རྣམ་གཞག་ཞི་འཚོའི་ལུགས་ལྟར་ཁས་ལེན་དགོས་ཏེ། གོང་དུ་བཤད་མ་ཐག་པའི་ལུང་དེའི་ཕྱིར་རོ། །ཞེས་ཁྱབ་མེད་ཀྱི་གཏན་ཚིགས་གསང་མཐོན་པོས་སྨྲའོ། །དེ་ལ་འདི་ལྟར་སྨྲ་སྟེ། ཤེས་བྱ་ཆོས་ཅན། རང་རྒྱུད་པའི་གཞུང་ཡིན་ན་ཞི་འཚོའི་བཤད་པ་དེ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱིས་དྲངས་པའི་ལུང་དེ་ཐལ་འགྱུར་བའི་ཐ་སྙད་ཀྱི་རྣམ་གཞག་ཞི་འཚོ་ལྟར་དགོས་པའི་སྒྲུབ་བྱེད་དུ་བྱས་པ་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། ཁྱབ་མེད་ཀྱི་གཏན་ཚིགས་དེ་གཞན་ལ་མ་སྨྲས་ན་ལེགས། མ་ཁྱབ་ཟེར་ན། ཁྱབ་སྟེ་གོང་དུ་རྟགས་ལ་ལན་མེད་པ་དེའི་ཕྱིར། འདོད་ན། རེ་ཞིག་སོགས། ཡང་ཉོན་ཅིག རང་རྒྱུད་པའི་གཞུང་དབུ་མ་སྣང་བ་ཆོས་ཅན། ཐལ་འགྱུར་བའི་གཞུང་ཡིན་པར་ཐལ། ཁྱོད་ཀྱི་གཏན་ཚིགས་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། རྟགས་ལ་ལན་མེད། མ་ཁྱབ་ན། དབུ་མ་ཐལ་རང་གཉིས་སུ་གྲངས་མི་ངེས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ། ཁོ་ན་རེ་དམ་བཅའ་སྔ་མ་དེ་རིགས་པས་བཅོམ་ཟིན་ཐལ། ཡང་འདི་ལྟར་སྨྲ་ཟེར། རང་རྒྱུད་སྤྱིའི་ལུགས་ལྟར་དུ་ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཀྱི་རྣམ་གཞག་ཁས་ལེན་དགོས་ཞེས་ཟེར། འོ་ན་ཟླ་གྲགས་ཆོས་ཅན། ཕྱི་དོན་ཁས་ལེན་པ་ཡང་ཡིན་ལ་མི་ལེན་པ་ཡང་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། རྟགས་ཁས། དེས་ན་འདི་ལྟར་སྨྲ་སྟེ། དེའི་རྗེས་ཐོབ་ཅེས་པ་མཉམ་བཞག་དེའི་ཞེས་པར་གོ་དགོས་ལ། འཕགས་པ་དེས་རྗེས་ཐོབ་ཀྱི་སྣང་ཚུལ་ནི་ཀ་བུམ་སོགས་སྣང་བཞིན་དུ་བདེན་མེད་དུ་ངེས་པས་ན། དེ་ཙམ་གྱི་ཆ་ནས་རང་རྒྱུད་པའི་བདེན་གཉིས་དེ་འཕགས་པའི་རྗེས་ཐོབ་སྣང་ཚུལ་ལ་བདེན་གཉིས་དབྱེ་བ་དང་གཅིག་གོ །ཞེས་གསུངས་སོ། །ཟིན་བྲིས་འདི་ཉིད་བོད་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་ཇི་ལྟ་བ་བཞིན་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གིས་ཕྱག་བྲིས་སུ་གནང་བ་ལགས།


previousདབུ་ཕར་ཚད་མངོན་སོགས་གཞུང་ཆེན་འགའི་དཀའ་གནད་བཞུགས།next